སེར་བྱེས་གྲྭ་ཚང་དང་ཡན་ལག་སྡེ་ཚན་ཁག་གི་ངོ་སྤྲོད་མདོར་བསྡུས།

སེར་བྱེས་མཁས་སྙན་གྲྭ་ཚང་ནི། དུས་རབས་བཅོ་ལྔ་པའི་ནང་༸རྗེ་ཙོང་ཁ་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཕྱག་བཏབ། དེ་རྗེས་གཉལ་སྟོན་དཔལ་སྟོན་ལྷུན་གྲུབ་སེ་རའི་ཁྲིར་ཕེབས་སྐབས་སྣེའུ་རྫོང་དཔོན་དཔལ་འབྱོར་རྒྱལ་པོ་དང་། དཔོན་མོ་བུ་ཁྲིད་དཔལ་འཛོམས་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་སླར་ཡང་གྲྭ་ཚང་འདི་གསར་དུ་བཙུགས་ཤིང་། རྗེས་སུ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས་ད་ལྟའི་བོད་ནང་གི་འདུ་ཁང་ཆེན་མོ་འདི་གསར་བཞེངས་བྱས་པ་དང་། དེའི་སྐབས་ཀྱི་ལྡེབ་བྲིས་རྣམས་ད་ལྟ་ཡང་མཇལ་རྒྱུ་ཡོད།

ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྐབས་༸གོང་ས་མཆོག་གིས་གཙོས་སྐུ་འཁོར་དང་བོད་མི་ཁྲི་ཁྲག་མང་པོ་བྲོས་བྱོལ་གྱིས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། དེ་རྗེས་སྦག་ས་རུ་ཆོས་སྒར་བཙུགས་ནས་དེར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་དགེ་འདུན་རྣམས་ཆོས་འཆད་ཉན་དང་སློབ་གཉེར་གནང་སའི་ཁོར་ཡུག་བསྐྲུན། ༡༩༦༩ ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྤོས་གནང་། སྐབས་དེར་དགེ་འདུན་རྣམས་ཀྱི་འཚོ་རྟེན་ཆེད། ཤིང་ནགས་གཅོད་དྲེགས་དང་། ས་འོག་ནས་རྡོ་དང་ཤིང་རྩ་བསྔོགས་འདོན་དང། བྱེ་མ་དང་རྡོ་ས་ཕག་སོགས་འོར་འདྲེན་དང། ཞིང་ས་འདེབས་ལས་རྨོ་སྐོར་སོགས་གནང་དགོས་བྱུང་། ༡༩༧༦ ལོར་སེར་བྱེས་ཀྱི་གཙུག་ལག་ཁང་ལེགས་པར་གྲུབ་པ་ནི་ད་ལྟའི་དཔེ་མཛོད་ཁང་འདི་ཡིན། དེ་རྗེས་བོད་ནས་གྲྭ་རྒྱུན་ཕེབས་མཁན་ཇེ་མང་དུ་ཕྱིན་ནས་གཙུག་ལག་ཁང་ནང་མ་ཤོང་བའི་རྐྱེན་གྱིས། ༡༩༩༥ ལོར་ད་ལྟའི་གཙུག་ལག་ཁང་འདི་གསར་བཞེངས་ཀྱི་འཆར་འགོད་མཛད་ནས། ༡༩༩༧ ལོར་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་། ད་ལྟའི་ཆར་གྲྭ་བ་སུམ་སྟོང་བརྒལ་བ་བསླབ་པ་སློབ་གཉེར་དང་སྒོམ་ཉམས་ལེན་ལ་བརྩོན་ནས་བཞུགས་ཡོད།

གྲྭ་ཚང་འདིར་ཁང་ཚན་ལ། ༡) ཧར་གདོང་། ༢) བསམ་བློ། ༣) བྱ་བྲལ། ༤) ཏྲེ་ཧོར། ༥) བྲ་ཏི། ༦) ཚ་བ། ༧) ལྷོ་པ། ༨) སྒོམ་སྡེ། ༩) ལྭ་བ། ༡༠) ལྡན་མ། ༡༡) མངའ་རིས། ༡༢) གཙང་པ། ༡༣) དྭགས་པོ། ༡༤) རྩེད་ཐང་བཅས་ཡོད།

གྲྭ་ཚང་འདིར་སློབ་གཉེར་གནང་སའི་གཞུང་ནི། གཙོ་བོར་རྒྱ་བོད་མཁས་གྲུབ་རྣམས་ཀྱི་གཞུང་ཆེན་ཁག་དང་། རྗེ་ཡབ་སྲས་རྣམས་ཀྱི་གསུང་དང་། ཁྱད་པར་དུ་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཡབ་སྲས་ཀྱིས་མཛད་པའི་ཡིག་ཆ་ཁག་ཡིན།

འཛིན་གྲྭའི་གོ་རིམ་དང་ལོ་ཡུན་ལ་མཚོན་ན། བསྡུས་རྭ་ལོ་གསུམ་དང་། ཕར་ཕྱིན་ལ་ལོ་བདུན་དང་། དབུ་མ་ལ་ལོ་བཞི་དང་། འདུལ་བ་ལ་ལོ་གསུམ་དང་། མཛོད་ལ་ལོ་གཉིས་དང་། བཀའ་རམས། དེ་རྗེས་ལྷ་རམས་ལོ་བཞི་བཅས་ཡིན། མདོར་ན་དགེ་བཤེས་ཐོན་པ་ལ་ཉུང་མཐར་ལོ་བཅོ་བརྒྱད་སློབ་གཉེར་གནང་དགོས་པ་དང་། ཡང་ལྷ་རམས་དགེ་བཤེས་ཐོན་པ་ལ་ལོ་ངོ་ཉེར་གསུམ་སློབ་གཉེར་གནང་དགོས་པ་ཡིན།

གྲྭ་ཚང་གི་སྡེ་ཚན་ཁག་འགའ་ཞིག་སྨོས་ན།

༡༽ གྲྭ་ཚང་གི་ཕྱག་སྦུག་ཁང་། ཕྱག་མཛོད་ཆེན་མོ་དང་ཕྱག་རོགས་བཅས་ཀྱིས་གཙོ་བོར་གྲྭ་ཚང་གི་ཕྱི་ནང་བར་གསུམ་གྱི་ཚོགས་སྡེ་ཁག་ལ་འཛིན་སྐྱོང་དང་གཟིགས་རྟོག་གནང་རྒྱུ་དང་། འབྲེལ་ཡོད་ཁག་ལ་འབྲེལ་གཏུགས་གནང་རྒྱུ་སོགས་ཡིན། སེར་བྱེས་གྲྭ་ཚང་གི་དྲ་ཚིགས་ཁ་བྱང་། www.serajeymonastery.org

༢༽ གྲོས་ཚོགས་དང་རྒྱུན་ལས་ཁང་། གྲོས་ཚོགས་ཞེས་པ་ནི། སེར་བྱེས་མཁས་སྙན་གྲྭ་ཚང་གི་དབུ་ཆོས་རྣམ་གསུམ་དང་ཕྱག་མཛོད་དང་། ཚོགས་པ་ཁག་གི་འགན་འཛིན་དང་། གཞན་ཡང་ཁང་ཚན་སོ་སོ་ནས་མཐུས་མི་འདེམས་སྒྲུག་གིས་གྲོས་ཚོགས་མཐུས་མི་ལ་བསྐོ་བཞག་གནང་རྒྱུ་དང་། རྒྱུན་དུ་ཕྱག་ལས་གནང་མཁན་ལ་རྒྱུན་ལས་ཞེས་པ། གཙོ་བོ་གྲྭ་ཚང་གི་ཚོགས་པ་ཁག་གི་ལས་དོན་བྱ་ཕྱོགས་ལ་སྟངས་འཛིན་དང་། འགྲོ་སོང་རྩིས་ཁྲ་ཁག་ཞིབ་གཤེར་གནང་བཞིན་ཡོད།

༣༽ སློབ་གཉེར་ཁང་། སློབ་གཉེར་བ་རྣམས་ཀྱི་ལོ་གཅིག་གི་སློབ་ཚན་འགྲོ་ཕྱོགས་དང་། འཛིན་གྲྭ་ཚུགས་ཕྱོགས་དང་། རྒྱུགས་སྤྲོད་རིམ་པ་ཁག་གོ་སྒྲིག་གནང་རྒྱུ་སོགས་མདོར་ན་སྔར་ཡོད་སྲོལ་རྒྱུན་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ལ་གཟིགས་རྟོག་སྟངས་འཛིན་གནང་རྒྱུ།

༤) དེང་དུས་ཤེས་ཡོན་སྡེ་ཚན། གཙོ་བོ་དེང་དུས་ཤེས་ཡོན་དང་འབྲེལ་བའི་གྲྭ་ཚང་གི་ལས་གཞི་ཁག་ལ་གཟིགས་རྟོག་གནང་རྒྱུ། དཔེར་ན། དཔེ་མཛོད་ཁང་། ཚན་རིག་ཁང་། རྒྱ་སྐད་འཛིན་གྲྭ། དབྱིན་སྐད་འཛིན་གྲྭ། བཀྲིས་ཆོས་གླིང་གི་ཤེས་ཡོན་ལས་གཞི་ཁག །རྒྱལ་སྤྱི་དྲྭ་ཐོག་སློབ་གྲྭ། མེ་སོར་མཐོ་སློབ་དང་འབྲེལ་བའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས། ཨིག་ནོའུ་དང་ནིའུསི་ཤེས་ཡོན་སྡེ་ཚན་སོགས་ཡིན། མ་ཟད། རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཁག་དང་འབྲེལ་བ་གནང་བཞིན་ཡོད། དྲྭ་ཚིགས་ཁ་བྱང་། www.serajeyedu.in

༥) སེར་བྱེས་འབྲིང་རིམ་སློབ་གྲྭ། སློབ་གྲྭ་འདི་ནི་རྒྱ་གར་རྒྱལ་ཡོངས་ཀྱིས་ངོས་འཛིན་ཡོད་པའི་འབྲིང་རིམ་སློབ་གྲྭ་ཞིག་ཡིན། འདིར་རྒྱ་གར་དབུས་གཞུང་གི་སློབ་ཚན་གཞན་སྤྱི་མཚུངས་ལྟར་ཡོད་པ་སྨོས་མེད་ཐོག །ནང་དོན་རིག་པ་བསྡུས་རྭ་སློབ་ཁྲིད་དང་། སྔ་དགོང་དཔེ་ཆ་བློ་འཛིན་སོགས་ཡོད། དྲ་ཚིགས་ཁ་བྱང་། www.serajeschool.net

༦) སེར་བྱེས་འཕྲོད་བསྟེན་ཚོགས་པ། གཙོ་བོར་ཁོར་ཡུག་གཙང་བཟོ་དང་སྨན་བཅོས་ལྟ་སྐྱོང་དང་འཐུང་ཆུ་མཁོ་འགྲེམས་བཅས་ལ་འགན་ཁུར་བཞིན་ཡོད། serajhehealth.org

༧) སྤྱི་ཐབ་ཁང་། དགེ་འདུན་དམངས་ཀྱི་དུས་གསུམ་ཞལ་ལག་བཟོ་རྒྱུ་དང་། ཚོགས་སྒོ་ཆེ་ཆུང་གང་གི་སྐབས་སུ་ཡང་གསོལ་ཇ་བཞེས་བག་སོགས་གྲ་སྒྲིག་གནང་བཞིན་ཡོད།

༨) དཔེ་མཛོད་ཁང་། གཙོ་བོ་དགེ་འདུན་དམངས་ཀྱི་བསླབ་པ་སློབ་གཉེར་ལ་ཞབས་འདེགས་དང་མཐུན་རྐྱེན་སྦྱོར་སླད་དཔེ་ཀློག་ཁང་དང་ཕྱག་དེབ་དཔར་བསྐྲུན་དང་བླུ་ཡོན་ཞུ་ས་བཅས་བསྐྲུན་གནང་ཡོད།

༩) སེར་བྱེས་ཚན་རིག་ཁང་། སེར་བྱེས་ཚན་རིག་ཁང་ནི་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཐོག་མར་དབུ་འཛུགས་ཞུས་པ་ཞིག་ཡིན་པ་དང་། དེ་ནས་ཕྱི་ལོ་ ༢༠༢༤ ལོར་སླར་ཡང་རྒྱ་བསྐྱེད་ཀྱིས་འཛིན་ཁང་དང་བརྟག་དཔྱད་ཁང་ཚོགས་ཁང་བཅས་ལེགས་པར་གྲུབ། གཙོ་བོ་དགེ་འདུན་དམངས་ལ་ཚན་རིག་སློབ་ཁྲིད་ཆེད་འཛིན་གྲྭ་གོ་སྒྲིག་ཞུ་རྒྱུ་དང་། མ་ཟད་ཚན་རིག་དང་འབྲེལ་བའི་བརྟག་དཔྱད་ལས་གཞི་ཁག་གཉེར་བཞིན་ཡོད།

༡༠) སེར་བྱེས་རིག་མཛོད་ཆེན་མོ། ཕྱི་ལོ་ ༢༠༡༥ ལོར་སློབ་གཉེར་བ་རྣམས་ཀྱི་དགོས་མཁོ་ལ་དམིགས་ནས་དེང་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་སེར་བྱེས་རིག་མཛོད་ཆེན་མོའི་དྲྭ་ཚིགས་འདི་ཉིད་དངོས་སུ་དབུ་འབྱེད་བསྐྱངས་ཡོད། དྲྭ་ཚིགས་འདིར་རིས་མེད་མཁས་དབང་རྣམས་ཀྱི་གསུང་འཕྲེལ་དེབ་དང་སྒྲ་མཛོད་སོགས་ལེ་ཚན་སྣ་མང་འཛོམས་ཡོད། དྲྭ་ཚིགས་ཁ་བྱང་། www.serajeyrigzodchenmo.org

༡༡) མཚམས་ཁང་། དགེ་འདུན་པ་བསྙེན་མཚམས་ལོ་གསུམ་ཟླ་གསུམ་དང་། གཞན་ཡང་བསྙེན་མཚམས་ལ་བཞུགས་མཁན་རྣམས་ཀྱི་ཆེད་དུ་བཞེངས།

༡༢) ཡན་ལག་དགོན་སྡེ་ཁག །སྒང་ཏོག་དང་། མོན་རྟ་དབང་དང་། ལ་དྭགས་དང་། ཨོ་རི་ས་དང་། སྦན་ད་ར་བཅས་ལ་ཡན་ལག་དགོན་སྡེ་ཁག་དང་སློབ་གྲྭ་དང་ཞབས་བརྟན་ཁང་བཅས་བཙུགས་ཡོད།

༡༣) ཆོས་ཚོགས་ཁག །ཨ་རི་ས་གནས་ཁག་གསུམ་དང་། ཁེ་ན་ཊ། ཡུ་རོབ། ཐེ་ཝན། སིང་ག་པུར་དང་། སྦེང་ལོར་སོགས་སུའང་ཡན་ལག་ཆོས་ཚོགས་ཁག་བཙུགས་ཡོད།

༡༤) གཞན་ཡང་སེར་བྱེས་ཐུན་མོང་མ་ཡིན་པའི་ཡི་དམ་རྟ་མགྲིན་གྱི་བསྐང་གསོ་ཁང་དང་། མགྲོན་ཁང་དང་། ཟ་ཁང་སོགས་ཡན་ལག་ཆེ་ཆུང་སྣ་ཚོགས་ཡོད།

༢༠༢༥ ལོར་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱིས་ཕྱོགས་བསྒྲིགས་ཞུས།