སེར་བྱེས་སྒྲ་སྒྱུར་སྡེ་ཚན་གྱི་ངོ་སྤྲོད་སྙིང་བསྡུས།
དེ་ཡང་སྤྱི་ལོ་ ༢༠༡༤ ལོར་གྲྭ་ཚང་རིན་པོ་ཆེས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྙིང་ལ་བཅངས་ཏེ་རང་ཁོངས་སློབ་གཉེར་བའི་ཁྲོད་ནས་གནའ་དེང་གི་རིག་གནས་ལ་གཞན་དྲང་མི་འཇོག་པའི་འདབ་གཤོག་གཉིས་ལྡན་གྱི་སློབ་གཉེར་བ་གང་མང་སྐྱེད་བསྲིང་བྱེད་ཆེད། འདི་གའི་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སུ་སེར་བྱེས་སྒྲ་སྒྱུར་སྡེ་ཚན་འདི་ཉིད་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་ཆར་སྒྲ་སྒྱུར་འཛིན་གྲྭ་གོང་འོག་གཉིས་ཀྱི་ནང་དུ་སློབ་གཉེར་གནང་མུས་ཀྱི་སློབ་མ་གྲངས་ ༢༠ ཙམ་དང་། སློབ་མཐར་ཕྱིན་པའི་སློབ་མ་གྲངས་ ༣༠ ཙམ་ཡོད་ལ། འདས་པའི་ལོ་འགའི་རིང་ལ་དོན་གཉེར་ཅན་གྱི་དགེ་བཤེས་དང་སློབ་གཉེར་བ་ཚོར་དམིགས་ཏེ་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་དང་། ཕྱིའི་རྒྱལ་ཁབ་ནས་ཕེབས་པའི་རང་ཁོངས་སློབ་གཉེར་བ་ཚོར་དམིགས་ཏེ་བོད་ཀྱི་སྐད་ཡིག་འཛིན་གྲྭ་གོ་སྒྲིག་ཞུས་དང་ཞུ་མུས་ཡིན།
སྡེ་ཚན་འདི་བཙུགས་ནས་ད་ལྟའི་བར་དུ་སྒྲ་སྒྱུར་སློབ་གཉེར་ཐོན་ཟིན་པའི་སློབ་མ་རྣམས་ཀྱིས་གཞུང་ཆེན་སློབ་གཉེར་གནང་ཞོར་རྒྱ་གར་མཐོ་སློབ་ཁག་ཏུ་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་གཏམ་བཤད་དང་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཐུབ་པ་བྱུང་ཡོད་ལ། ནང་དོན་རིག་པ་དང་འབྲེལ་བའི་དཔེ་དེབ་ཀྱང་མང་དག་ཅིག་དཔར་སྐྲུན་བྱས་དང་བྱེད་མུས་ཡོད་ཅིང་། རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་དང་ཨེ་མོ་རི་ཚན་རིག་ཟབ་སྦྱོང་། དེ་བཞིན་རང་རེའི་གྲྭ་ཚང་རིན་པོ་ཆེའི་མཛད་སྒོ་ཆེ་ཁག་ཏུ་གསུང་སྒྱུར་གྱི་ཞབས་ཞུ་ཞུས་དང་ཞུ་མུས་ཡོད་པར་མ་ཟད། རྒྱ་གར་དང་བོད་རིགས་མཐོ་རིམ་སློབ་མ་ཚོ་དང་ལྷན་དུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་དང་སྤེལ་མུས་སུ་ཡོད།
འགན་ཁུར་བའི་མཚན་གཞུང་།
ཨང་། མཚན་གཞུང་། ལོ་དུས།
༡) རྒན་བྱམས་པ་རྒྱལ་མཚན། ༢༠༡༦ -༢༠༡༩
༢) རྒན་བློ་བཟང་རྡོ་རྗེ། [དཔལ་འབྱོར།] ༢༠༢༠ - ༢༠༢༢
༣) རྒན་ཐུབ་བསྟན་མཐར་ཕྱིན། ༢༠༢༣ - ༢༠༢༥
༤) རྒན་པདྨ་རྣམ་རྒྱལ་བྷོ་ཊི་ཡ། ༢༠༢༦ -