དྲ་ཐོག་སློབ་གྲྭ།

སེར་བྱེས་དྲྭ་ཐོག་སློབ་གྲྭའི་ངོ་སྤྲོད་སྙིང་བསྡུས།

སེར་བྱེས་དྲྭ་ཐོག་སློབ་གྲྭ་ནི། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་དགའ་ལྡན་ལྔ་མཆོད་ཆེན་མོ་དབུ་ཚུགས་ནས་ལོ་ངོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་བཟང་ཁྱད་པར་ཅན་གཉིས་མཉམ་འཛོམས་ཀྱི་ཉིན་ཏེ། ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༡༠ ཉིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་རྣམ་པ། དྲྭ་ཐོག་སློབ་གྲྭའི་འགན་འཛིན། དགེ་རྒན་རྣམ་པ་བཅས་ལྷན་འཛོམས་ཀྱི་དབུས་སུ། སེར་བྱེས་མཁན་རིན་པོ་ཆེ་༸རྗེ་བཙུན་བསྟན་འཛིན་བྱམས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་སེར་བྱེས་དྲྭ་ཐོག་སློབ་གྲྭ་འདི་ཉིད་དངོས་སུ་དབུ་འབྱེད་གནང་ཞིང་། ཐོག་མར་སློབ་ཕྲུག་བསྡུ་ལེན་སྐབས་སློབ་མའི་ཤེས་ཚད་ལ་གཞིགས་ནས་འཛིན་རིམ་གང་ནས་ཞུགས་ཆོག་མིན་ཐད་ངག་རྒྱུགས་ཚོད་བལྟ་ལེགས་པར་བྱས་ཡོད།
སྐབས་དེར་ཁྱོན་རྒྱལ་ཁབ་ཁག་མི་འདྲ་བ་བཅུ་ཙམ་ལ་བཞུགས་པའི་རང་རིགས་བོད་ཕྲུག་མང་པོར་བོད་ཀྱི་སྐད་དང་ཡི་གེ །ཡུལ་སྲོལ་གོམས་གཤིས། ནང་ཆོས་ཀྱི་རྨང་གཞི་བཅས་སློབ་ཁྲིད་གནང་སྟེ། ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཞིང་སྔར་ལས་འཛུལ་ཞུགས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་པ་མ་ཟད། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ལ་བདག་ཅག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་༸སྤྱི་ནོར་གོང་ས་སྐྱབས་དགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་ང་ཚོར་མུ་མཐུད་ནས་བོད་ཀྱི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གྱི་གསུང་འཕྲིན་གཅིག་བསྩལ་གནང་བྱུང་།


ད་ལྟའི་ཆར་ཁྱོན་རྒྱལ་ཁབ་བཅུ་བཞི་ཙམ་ནང་བཞུགས་པའི་རང་རིགས་བོད་ཕྲུག་ ༡༣༠༠ ཙམ་ལ་བོད་ཀྱི་སྐད་དང་ཡི་གེ །ཡུལ་སྲོལ་གོམས་གཤིས། ནང་ཆོས་ཀྱི་རྨང་གཞི་བཅས་བསླབས་དང་སློབ་མུས་ཡིན་ལ། ད་དུང་དབྱིན་ཡིག་དང་ཨང་རྩིས། རྒྱ་ཡིག་བཅས་སྦྱོང་འདོད་ཅན་དག་ལའང་དགེ་རྒན་གྱི་མཐུན་རྐྱེན་སྦྱར་དང་སྦྱོར་མུས་ཡིན་ཞིང་། སེར་བྱེས་དྲྭ་ཐོག་སློབ་གྲྭར་ད་ལྟའི་ཆར། ཁྱོན་དགེ་རྒན་༢༤ དང་། ས་གནས་སྦྲེལ་མཐུད་པ་གྲངས་༡༡ བཅས་ཡོད། ད་དུང་རྒྱལ་སྤྱིའི་གསན་པ་པོ་ཡོངས་ལ་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་། ནང་ཆོས། བོད་སྐད་ཡིག་སྦྱོང་དགོས་པའི་གལ་གནད། ཕ་མས་རང་གི་ཕྲུ་གུར་བོད་ཀྱི་སྐད་དང་ཡི་གེ་སྦྱོང་དགོས་པར་ཇི་ལྟར་སྐུལ་མ་བྱེད་དགོས་པའི་ཐབས་ལམ་སོགས་བརྗོད་གཞི་སྣ་མང་ཐོག་བཀའ་སློབ་ལམ་སྟོན་དང་བཅར་འདྲིའི་ལས་རིམ་ཟླ་བ་རེར་ཐེངས་རེ་སྤེལ་དང་སྤེལ་མུས་ཡིན་ལ། ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་ཡོང་གི་འདུག་ཅེས་རྒྱལ་སྤྱིའི་གསན་པ་པོ་མང་པོས་དུས་ནས་དུས་སུ་ཡིག་ངག་གང་རུང་བརྒྱུད་ནས་མུ་མཐུད་ནས་གང་མང་སྤེལ་རོགས་ཞེས་རེ་སྐུལ་མང་པོ་ཞུ་ཡི་འདུག །

ད་དུང་སེར་བྱེས་དྲྭ་ཐོག་སློབ་གྲྭས་སྤྱི་ལོ་ ༢༠༢༢ ནས་བཟུང་སྟེ། སེར་བྱེས་དབྱར་དུས་སློབ་གྲྭ་ཞེས་པ་ཞིག་འགོ་བཙུགས་ཏེ་ལོ་རེར་ཕྱིའི་རྒྱལ་ཁབ་ཁག་ནང་ཁ་འཐོར་ནས་ཡོད་པའི་བོད་རིགས་ཕྲུ་གུ་ལོ་ན་ ༧ ནས་ ༡༨ བར་ཡིན་པ་ཁྱོན་གྲངས་ ༦༥ ཙམ་དངོས་སུ་ས་གནས་སུ་ཕེབས་ནས་ཉིན་གྲངས་ ༢༡ ཙམ་གྱི་རིང་ལ་རིན་མེད་ཐོག་བོད་ཀྱི་སྐད་ཡིག་དང་། ཡུལ་སྲོལ་གོམས་གཤིས། ནང་ཆོས། རོལ་ཆ་བཅས་སློབ་འཁྲིད་ཞུས་ཤིང་། ཁོང་ཚོར་རྒྱ་གར་ནང་གི་གཞིས་ཆགས་ཁག་གི་འཚོ་བ་སྐྱེལ་སྟངས་དང་། སློབ་གྲྭ་དང་དགོན་པ་ཁག་གི་གནས་སྟངས་བཅས་དངོས་སུ་མིག་མཐོང་ལག་ཟིན་གྱིས་མྱོང་གོམས་ཡོང་བ་བཅས་བྱེད་ཀྱི་ཡོད།

དྲ་ཐོག་སློབ་གྲྭའི་དགེ་རྒན་མཚན་གཞུང་།

༡)

རྒན་ཡེ་ཤེས་ཕུན་ཚོགས། (གྲ་བ།)

༢)

རྒན་རིན་ཆེན་ཚེ་རིང་། (གྲ་བ།)

༣)

རྒན་བློ་བཟང་ཐུབ་བསྟན། (གྲ་བ།)

༤)

རྒན་ལྷག་པ་དོན་གྲུབ། (གྲ་བ།)

༥)

རྒན་བློ་བཟང་འཇམ་དབྱངས། (གྲ་བ།)

༦)

རྒན་བརྩེ་དགའ་རྒྱ་མཚོ། (གྲ་བ།)

༧)

རྒན་བློ་བཟང་བརྩོན་འགྲུས། (གྲ་བ།)

༨)

རྒན་ཚེ་རིང་དཔལ་ལྡན། (གྲ་བ།)

༩)

རྒན་བློ་བཟང་ཤེས་རབ། (གྲ་བ།)

༡༠)

རྒན་རྡོ་རྗེ་ཚེ་རྒྱལ། (གྲ་བ།)

༡༡)

རྒན་ཐུབ་བསྟན་རྡོ་རྗེ། (གྲ་བ།)

༡༢)

རྒན་འཇམ་དབྱངས་བསོད་ནམས། (གྲ་བ།)

༡༣)

རྒན་ཨུ་རྒྱན་ཤར་པ། (གྲ་བ།)

༡༤)

རྒན་ལྷག་པ་ཚེ་རིང་། (མི་སྐྱ།)

༡༥)

རྒན་ཚེ་བརྟན་གཡང་སྐྱིད། (མི་སྐྱ།)

༡༦)

རྒན་ཐུབ་བསྟན་རྒྱལ་མཚན། (མི་སྐྱ།)

༡༧)

རྒན་འོད་ཟེར། (མི་སྐྱ།)

༡༨)

རྒན་བློ་བཟང་ཚེ་དཔག །(མི་སྐྱ།)

༡༩)

རྒན་ཚངས་བུ། (མི་སྐྱ།)

༢༠)

རྒན་བསོད་ནམས་རིན་ཆེན། (མི་སྐྱ།)

༢༡)

རྒན་ནེན་སི་མིཏྲ། (མི་སྐྱ།)

༢༢)

རྒན་ངག་དབང་ནོར་བུ། (མི་སྐྱ།)