སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་ངོ་སྤྲོད།

སྐབས་དང་པོ་བསླབ་པ་མཐར་སོན་པའི་སློབ་མ།

སྤྱིར་སེར་བྱེས་མཁས་སྙན་གྲྭ་ཚང་ནི་དུས་རབས་བཅོ་ལྔ་པའི་ནང་དུ་༸རྗེ་ཙོང་ཁ་པའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་བས་ཕྱག་བཏབ་པ་ནས་བཟུང་སྟེ། དུས་ད་ལྟའི་བར་དུ་མདོ་སྔགས་གཞུང་ལུགས་རབ་འབྱམས་ཀྱི་མཁས་གྲུབ་ཟམ་མ་ཆད་པ་བྱོན་ཅིང་། འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་སྙན་གྲགས་ཀྱིས་ཁྱབ་པའི་ཆོས་ཀྱི་སྡེ་ཆེན་པོ་ཞིག་ཡིན་པ་དང་། འདིར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཛད་ཚུལ་ཡང་གཙོ་བོ་རིགས་པའི་ལམ་ནས་རྩལ་དུ་བཏོན་པ་ལས་གཞུང་ཆེན་ལ་གོ་བ་གཏིང་ཟབ་འཁྲུངས་པའི་ཐབས་ལམ་དམིགས་བསལ་བ་ཞིག་ཡིན་པ་ཡོངས་སུ་གྲགས་ལ། གནའ་བོའི་སྲོལ་རྒྱུན་གྱི་ཆོས་སྡེ་ཆེན་པོ་འདི་དག་ལ་དེང་རབས་མཐོ་སློབ་སྡེ་ཁག་གིས་ངོས་འཛིན་ཐོབ་ན་དགེ་མཚན་ཆེ་བར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་གསུངས་པ་ལ་བརྟེན་ནས། འདི་ག་གྲྭ་ཚང་གིས་མཐོ་སློབ་གཞན་དང་འབྲེལ་མོལ་རིམ་པར་ཞུས་ནས་ཤེས་ཡོན་བརྗེ་ལེན་གྱིས་མཚོན་པའི་ལས་གཞི་སྣ་མང་སྤེལ་བ་དང་། མེ་སོར་མཐོ་སློབ་ལ་འཇུག་རྒྱུའི་འབྲེལ་བ་ཞུས་པ་དེ་གས་ངོས་བཞེས་གནང་སྟེ། བསླབ་གཞི་འདི་དག་གི་ལས་གཞི་བརྩམས་པ་ཡིན།

དེ་ལྟར་ངོས་འཛིན་ཐོབ་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་འདི་ནི། ཕྱི་ལོ་ ༢༠༢༢ ལོར་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཐོབ་པ་ཞིག་ཡིན་པ་དང་། བསླབ་གཞི་བསྒྲིགས་ཚུལ་ཡང་མཐོ་སློབ་དེའི་སྒྲོམ་གཞི་གཞིར་བཟུང་བསྒྲིགས་པ་ཞིག་ཡིན། བསླབ་གཞི་གཙོ་བོ་ཁག་གསུམ་སྟེ། གནའ་བོའི་ལྟ་གྲུབ་དང་། གནའ་བོའི་སེམས་ཁམས་དང་། གནའ་བོའི་བོད་ཀྱི་སྐད་ཡིག་བཅས་ཡིན། དེ་ཡང་། དུས་ཡུན་ལོ་གསུམ་དང་། ལོ་རེར་སློབ་དུས་གཉིས་རེ་ཡོད་པས། མདོར་ན་ལོ་གསུམ་ནང་སློབ་དུས་དྲུག་ལ་འཛིན་གྲྭ་འགྲིམ་པ་དང་རྒྱུགས་སྤྲོད་ལ་མཐར་ཕྱིན་པར་ཞུགས་དགོས། བར་བར་དུ་སློབ་ཚན་ཁག་ལ་རྩོམ་ལས་འབྲི་དགོས་པ་དང་། ནང་རྒྱུགས་ཁ་ཤས་ཏེ། དཔེར་ན། གཏམ་བཤད་དང་། བྲིས་རྒྱུགས་སོགས་ཡོད། བསླབ་གཞི་ཁག་ཚང་མ་བརྒྱུད་ལམ་བོད་ཡིག་ནང་སྦྱང་དགོས་པ་དང་། རྒྱུགས་སྤྲོད་བྱ་ཡུལ་ནི་སེ་ར་ལ་ཡིན། ལྟ་གྲུབ་དང་སེམས་ཁམས་བསླབ་གཞི་གཉིས་ཀྱི་ནང་དོན་གཙོ་བོ་ནི། ཆོས་རྭའི་ནང་སྦྱོང་བཞིན་པའི་གཞུང་ཆེན་གཙོ་བོ་ཕར་ཕྱིན་དང་རྣམ་འགྲེལ། ཞར་བྱུང་སྤྱོད་འཇུག་དང་། བློ་སྦྱོང་དང་། སྐད་ཡིག་བསླབ་གཞི་ནང་གཙོ་བོ་བརྡ་སྤྲོད་དག་ཡིག་མངོན་བརྗོད་སྙན་ངག་སོགས་ཡིན། ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་ལོ་ཡུན་གསུམ་རྫོགས་མཚམས་ལ་མེ་སོར་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པའི་ཕྱག་ཁྱེར་འཐོབ་རྒྱུ་རེད།

ཨང་། ལོ་དུས། སློབ་མ་གྲྭངས།
༡) ༢༠༢༢-༢༠༢༣ ༤༠
༢) ༢༠༢༣-༢༠༢༤ ༦༦
༣) ༢༠༢༤-༢༠༢༥ ༣༦
༤) ༢༠༢༥-༢༠༢༦ ༢༨
༥) ད་ལྟ་བར་ཁྱོན་བསྡོམས་སློབ་མ། ༡༧༠
སེམས་ཁམས་སྡེ་ཚན།