ཞི་གནས་ཀྱིས་ཐེག་ཆེན་གྱི་ཡོན་ཏན་ཀུན་གྱི་རྟེན་བྱེད་ཚུལ་ལ་ཅུང་ཟད་དཔྱད་པ།
བོད་ཀྱི་སྐད་ཡིག་སྡེ་ཚན། བསྟན་འཛིན་ངག་དབང་།
བདེ་བ་མཆོག་ལ་བདེ་བར་ལེགས་གཤེགས་ཤིང་། །
མཁྱེན་པའི་གནས་ཀུན་མཁྱེན་པས་རབ་གཟིགས་ནས། །
གསུང་གི་ཚད་མས་གསུང་རབ་སྟོན་མཛད་པའི། །
འདྲེན་མཆོག་འདྲེན་པ་གང་དེར་སྙིང་ནས་འདུད། །
གསུང་རབ་མཚོ་ཆེན་འཇུག་ལ་གྲུ་གཟིངས་དང་། །
གཏན་བདེར་ཐར་པར་བགྲོད་པའི་དེད་དཔོན་ཉིད། ་།
ལམ་བཟང་ལེགས་པར་འདོམས་པའི་ས་མཁན་ཏེ། །
དམ་པའི་བཤེས་གཉེན་རྣམས་ལ་རྟག་ཏུ་གུས། །
ཞེས་མཆོད་བརྗོད་ཚིགས་བཅད་གཉིས་ཀྱིས་སྔོན་བསུས་ཏེ། ད་ནི་གང་བཤད་པར་བྱ་བ་ཞི་གནས་འཆད་པ་ལ་གསུམ། ཞི་གནས་དེ་མདོ་དང་བསྟན་བཅོས་གང་ལས་གསུངས་པ། ཞི་གནས་ལ་ཐོས་བསམ་བྱེད་པ་ལ་དོན་གང་ཞིག་བསམ་དགོས་པ། ཞི་གནས་ཀྱིས་ཐེག་ཆེན་གྱི་ཡོན་ཏན་ཀུན་གྱི་རྟེན་བྱེད་ཚུལ་ལ་ཅུང་ཟད་དཔྱད་པའོ། །
དང་པོ། ཞི་གནས་དེ་མདོ་དང་བསྟན་བཅོས་གང་ལས་གསུངས་པའི་མདོ་ནི།
དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་དོ། །ཞེས་སོགས་གསུངས།
དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ཞེས་སོགས་འབྱུང་།
བསྟན་བཅོས་ནི། མངོན་རྟོགས་རྒྱན་ལས། ཞི་གནས་ལྷག་མཐོང་བཅས་པ་དང་། །ཞེས་དང་། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་དང་། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་སོགས་དང་།
མདོ་སྡེ་རྒྱན་ལས། ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །
ཞི་གནས་ལམ་དུ་ཤེས་པར་བྱ། །ཞེས་དང་།
སྒོམ་རིམ་བར་པ་ལས་ཀྱང་། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞེས་གསུངས་པ་དག་ཡིན། དེ་ཙམ་དུ་མ་ཟད་དབུས་མཐའ་རྣམ་འབྱེད་དང་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་ལས་ཀྱང་གསུངས་ཡོད་ལ། མངོན་རྟོགས་རྒྱན་གྱི་རྩ་བ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་པ་ལས་འཕྲོས་ནས་མངོན་རྟོགས་རྒྱན་གྱི་འགྲེལ་བ་དག་དང་དེ་དག་གི་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བ་དང་། རྣམ་བཤད་སྙིང་རྒྱན། དེ་བཞིན་དུ་ཡིག་ཆ་མཁན་པོ་མང་པོས་ཀྱང་གསུངས་ཡོད།
གཉིས་པ། ཞི་གནས་ལ་ཐོས་བསམ་བྱེད་པ་ལ་དོན་གང་ཞིག་བསམ་དགོས་པ་ནི། དེ་ལ་འདིར་སྤྱིར་ཞི་གནས་སྐོར་སློབ་སྦྱོང་བྱེད་པའི་སྐབས་སུ་ཞི་གནས་ཀྱི་ཚོགས། ཞི་གནས་ཀྱི་དམིགས་པ། ཞི་གནས་ཀྱི་ངོ་བོ། ཉེས་པ་ལྔའི་གཉེན་པོར་འདུ་བྱེད་བརྒྱད་བསྟེན་ཚུལ། འགལ་རྐྱེན་བྱིང་རྒོད་གཉིས། སེམས་གནས་པའི་ཐབས་དགུའི་རྣམ་གཞག ། བསྒོམས་པའི་ཞི་གནས་འགྲུབ་པའི་ཚུལ། ཞི་གནས་ཀྱི་ཕན་ཡོན། ཞི་གནས་ཀྱི་སྒྲ་བཤད་བཅས་འདི་དག་བསམས་ཤིང་འདི་དག་རྟོགས་པར་བྱ་དགོས། དེ་ལྟར་རྟོགས་པ་ལ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ ༢ སྨད་ཆ་དང་། རྗེའི་ལམ་རིམ་ཆེ་འབྲིང་གཉིས། དེ་བཞིན་རང་རེའི་ཡིག་ཆ་སོགས་ལ་བལྟ་བར་བྱའོ། །
གསུམ་པ། ཞི་གནས་ཀྱིས་ཐེག་ཆེན་གྱི་ཡོན་ཏན་ཀུན་གྱི་རྟེན་བྱེད་ཚུལ་ལ་ཅུང་ཟད་དཔྱད་པ་ནི། འདི་ལ་གསུང་རབ་དག་ལས་ཞི་གནས་དེས་ཡོན་ཏན་ཀུན་གྱི་རྟེན་བྱེད་པ་གསུངས་པ་འགོད་པ། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་མི་བཞེད་པའི་ལུགས། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་བཞེད་པའི་ལུགས། རང་ཉིད་ལུགས་གང་གི་རྗེས་སུ་འབྲང་མིན་དང་བཞི་ལས།
དང་པོ་ནི། དེ་ལ་འདིར་སྤྱིར་ཞི་གནས་ནི་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཀུན་གྱི་རྟེན་བྱེད་པ་ཡིན་པར་གསུངས་ཡོད། དེ་ནི་ལམ་རིམ་འབྲིང་པོ་ལས། ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་ལྷག་གི་འབྲས་བུ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། །ཞེས་དང་།
ལམ་རིམ་ཆེན་མོ་ལས་ཀྱང་། ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ཏེ། འཕགས་པ་དགོངས་པ་ངེས་འགྲེལ་ལས། བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་ཤིང་། དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་པའི་མཚན་མ་ནི་ཡུལ་ཕྱིན་ཅི་ལོག་ལ་ཞེན་པ་སྔ་ཕྱི་འབྱུང་བ་བག་ཆགས་དེ་གསོ་བ་ལ་བཤད་ཅིང་། དེ་སྤོང་བ་ཞི་གནས་ཀྱི་འབྲས་བུ་ཡིན་པར་ལམ་རིམ་ལྷག་མཐོང་ཆེ་ཆུང་གཉིས་ཀ་ལས་གསུངས་པ་ཡིན་ཏེ། དེ་གཉིས་ལས། མཚན་མ་ནི་ཡུལ་ཕྱིན་ཅི་ལོག་ལ་ཞེན་པ་སྔ་ཕྱི་འབྱུང་བ་བག་ཆགས་དེ་གསོ་བ་དང་། ཞེས་དང་། ཕྱི་མ་ཞི་གནས་ཀྱིས་སྤོང་བར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།
འབྲས་བུའམ་ཕན་ཡོན་དེ་དག་ནི་ཞི་གནས་ཀྱི་ཐ་སྙད་བཏགས་པའི་འབྲས་བུའམ་ཕན་ཡོན་ཡིན། དེ་ལས་གཞན་ཞི་གནས་ཀྱི་ཐ་སྙད་མ་བཏགས་ཀྱང་དོན་འདྲ་བ་བསམ་གཏན་གྱི་འབྲས་བུའམ་ཕན་ཡོན་གང་ཡིན་པ་དེ་ཡང་ཞི་གནས་ཀྱི་འབྲས་བུའམ་ཕན་ཡོན་ཡིན། དེ་ཡང་ལམ་རིམ་ལྷག་མཐོང་ཆེ་ཆུང་གཉིས་ཀ་ལས། དེ་དག་ནི་ཞི་ལྷག་གི་ཐ་སྙད་བཏགས་པའི་ཕན་ཡོན་ཡིན་གྱི། ཞི་ལྷག་གི་ཐ་སྙད་མ་བཏགས་ཀྱང་དོན་འདྲ་བ་བསམ་གཏན་དང་ཤེས་རབ་ཀྱི་ཕན་ཡོན་གསུངས་པ་རྣམས་ཀྱང་འདི་གཉིས་ཀྱི་ཕན་ཡོན་དུ་ཤེས་པར་བྱའོ། །ཞེས་གསུངས།
འོ་ན་བསམ་གཏན་གྱི་ཡོན་ཏན་གང་ཡོད་ཅེ་ན། བསམ་གཏན་གྱི་ཡོན་ཏན་ནི། སྤྱིར་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་བསམ་གཏན་གྱི་ཡོན་ཏན་ཡིན་པར་མངོན་པ་མཛོད་སོགས་ལས་གསུངས་ཡོད་ཀྱང་འདིར་མགོ་སྨོས་པ་ཙམ་ལས་མ་སྤྲོས་སོ། །
འདིར་བཤད་འདོད་པའི་བསམ་གཏན་གྱི་ཡོན་ཏན་ནི་འདི་ལྟར། སེམས་ཀུན་བསྡུས་པ་ལ་དབང་སྒྱུར་བའི་མི་དབང་རྒྱལ་པོ་ལྟར་དང་། མཉམ་པར་བཞག་ན་རི་ཡི་དབང་པོ་བཞིན་གཡོ་བ་མེད་པ། མཉམ་གཞག་ལས་ལངས་པའམ་བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་པ། བསམ་གཏན་དེའི་དབང་གིས་ལུས་སེམས་ལས་སུ་རུང་བའི་ཤིན་སྦྱངས་ཀྱི་བདེ་བ་ཆེན་པོ་འདྲེན་པ་སོགས་ཕན་ཡོན་ཡོད། དེ་ཡང་རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་བསྡུས་དོན་ལས།
བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག ། ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། ། ཞེས་གསུངས་པ་ལྟར་ཡིན་ནོ། །
གཉིས་པ། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་མི་བཞེད་པའི་ལུགས་ནི། རྗེ་མཁས་གྲུབ་བསྟན་དར་བས། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པ་མི་བཞེད་དེ། ཐེག་ཆེན་སེམས་བསྐྱེད་ཐོབ་པ་ལ་ཞི་གནས་ཐོབ་པས་མ་ཁྱབ་པར་བཞེད་པའི་ཕྱིར། དེ་ཡང་། ཕར་ཕྱིན་སྐབས་བཞི་པ་ལས། ཞི་གནས་ཐོབ་པས་ཁྱབ་པར་ཐལ། རྣམ་རྫོགས་སྦྱོར་བ་ཡིན་ན། ཞི་ལྷག་ཟུང་འབྲེལ་གྱིས་ཟིན་པས་ཁྱབ་པའི་ཕྱིར། འདོད་ན། མི་འཐད་དེ། བྱང་ཆུབ་ལམ་རིམ་ལས། སེམས་བསྐྱེད་ལ་ཡིད་འགྱུར་བའི་མྱོང་བ་ཐོན་པ་ལ་ཞི་གནས་ཐོབ་པ་ཧ་ཅང་ཐལ་བའོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
པཎ་ཆེན་བསོད་ནམས་གྲགས་པས། ཞི་གནས་དེས་ཐེག་སེམས་བསྐྱེད་ཀྱི་རྟེན་བྱེད་པར་མི་བཞེད་དེ། དམྱལ་བའི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པར་བཞེད་ཅིང་བསམ་གཏན་དང་ཞི་གནས་ནི་དམྱལ་བའི་རྟེན་ལ་གསར་དུ་སྐྱེ་བར་མེད་པར་བཞེད་པའི་ཕྱིར། དེ་ཡང་དམྱལ་བའི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པ་ནི། ཕར་ཕྱིན་སྐབས་དང་པོ་ལས། དེར་ཐལ། དུད་འགྲོ་དང་བྱང་ཆུབ་སེམས་དཔའི་གཞི་མཐུན་ཡོད་ཅིང་དམྱལ་བ་པ་དང་བྱང་ཆུབ་སེམས་དཔའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། དེ་ཡོད་པར་རྒྱན་སོགས་ལས་གསུངས་པའི་ཕྱིར། ཞེས་གསུངས།
བསམ་གཏན་གྱི་སེམས་དེ་དམྱལ་བའི་རྟེན་ལ་གསར་དུ་སྐྱེ་བ་མེད་པ་ནི། དེ་ཉིད་ལས། འོ་ན། བསམ་གཟུགས་ཀྱི་དངོས་གཞི་དག་པ་བ་དེ་རྣམས་རྟེན་གང་ལ་སྐྱེ་བ་ཡོད་ཅེ་ན། སྒྲ་མི་སྙན་པ་དང་ངན་སོང་གི་རྟེན་ལ་སྙོམས་འཇུག་དེ་རྣམས་དངོས་སུ་གསར་དུ་སྐྱེ་བ་མེད་དེ། ཞེས་གསུངས་པའི་ཕྱིར།
ཀུན་མཁྱེན་འཇམ་དབྱངས་བཞད་པས། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་མི་བཞེད་དེ། བསམ་གཟུགས་ཆེན་མོ་ལས། བྱས་པ་ལ་ཁོ་ན་རེ། ངན་སོང་གསུམ་གྱི་ལུས་རྟེན་ལ་དེ་གསར་སྐྱེ་ཡོད་པར་ཐལ། དེའི་ལུས་རྟེན་ལ་བྱམས་སོགས་ཚད་མེད་བཞི་གསར་སྐྱེ་ཡོད་པའི་ཕྱིར་ཏེ། དེའི་ལུས་རྟེན་ལ་བྱམས་༼༽སྙིང་རྗེ་ཆེན་པོ་སོགས་གསར་སྐྱེ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་ལུས་རྟེན་ལ་སེམས་བསྐྱེད་རྒྱུ་འབྲས་མན་ངག་བདུན་གསར་སྐྱེ་ཡོད་པའི་ཕྱིར་ཏེ། དེ་དག་གི་ལུས་རྟེན་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མདོ་ལས་མང་དུ་གསུངས་པའི་ཕྱིར།
གཞན་ཡང་། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས། དང་པོ་ནི། ཁ་ཅིག་ན་རེ། སེམས་བསྐྱེད་སྐྱེ་བའི་རྟེན་ལ་མིས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། ལྷའི་ལུས་རྟེན་ལའང་སྨོན་འཇུག་གཉིས་སྐྱེ་བ་ཡོད། དུད་འགྲོའི་ལུས་རྟེན་ལའང་ཡོད། དམྱལ་བའི་ལུས་རྟེན་ལའང་ཡོད་པའི་ཕྱིར། ཞེས་གསུངས།
གསུམ་པ། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་བཞེད་པའི་ལུགས་ནི།
རྒྱལ་ཚབ་ཐམས་ཅད་མཁྱེན་པས། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་བཞེད་པ་ཡིན་ཏེ། སེམས་བསྐྱེད་ཐོབ་པ་དང་རྣམ་རྫོགས་སྦྱོར་བ་ཐོབ་པ་དུས་མཉམ་ཞིང་རྣམ་རྫོགས་སྦྱོར་བ་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པར་བཞེད་པའི་ཕྱིེར་ཏེ། རྣམ་བཤད་སྙིང་རྒྱན་ལས། དེས་ན་བསྡུས་ནས་སྒོམ་པའི་དོན་ནི། མཚམས་སྦྱར་དུ་འབྱུང་བ་ལྟར། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣལ་འབྱོར་པའི་ཉམས་ལེན་དུ་བསྡུ་བའི་དོན་ཡིན་ནོ། །ཞེས་གསུངས།
བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་བཞེད་པ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་ཐོབ་པ་ལ་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས་པར་བཞེད་པའི་ཕྱིར།
སྐབས་དང་པོའི་མཐའ་དཔྱོད་ལས། སེམས་རྟེན་ལ་ཁ་ཅིག ། འདོད་སེམས་ལ་བརྟེན་ནས་ཐེག་ཆེན་སེམས་བསྐྱེད་དངོས་སུ་གསར་དུ་སྐྱེ་བ་ཡོད་ཟེར་ན། བསམ་གཏན་དང་པོའི་ཉེར་བསྡོགས་མ་ཐོབ་པར་ཐེག་ཆེན་སེམས་བསྐྱེད་ཐོབ་པའི་གང་ཟག་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་སེམས་བསྐྱེད་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པའི་ཕྱིར། དེར་ཐལ། རྣམ་རྫོགས་སྦྱོར་བ་འཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པའི་ཕྱིར་ཏེ། རྣམ་བཤད་སྙིང་རྒྱན་ལས། སྦྱོར་བ་ཞེས་པ་ནི་ཞི་ལྷག་ཟུང་དུ་འབྲེལ་བར་སྟོན་པ་ཡིན་ཏེ་ཞེས་བཤད་པའི་ཕྱིར། གཞན་ཡང་། རྣམ་རྫོགས་སྦྱོར་བ་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པར་ཐལ། རྣམ་བཤད་སྙིང་རྒྱན་ལས། འབྲས་བུ་ཤེཪ་ཕྱིན་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་བྱ་བ་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་དུ་བཤད་པའི་ཕྱིར་དང་། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣལ་འབྱོར་པའི་ཉམས་ལེན་དུ་བསྡུས་ནས་བསྒོམ་པ་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་དུ་བཤད་པའི་ཕྱིར། ཞེས་གསུངས།
གཞན་ཡང་། བྱང་ཆུབ་སེམས་དཔའ་ཡིན་ན་ཞི་གནས་ཐོབ་པས་ཁྱབ་པར་བཞེེད་དེ། དེ་ཡིན་ན་བསམ་གཏན་གྱི་ཉེར་བསྡོགས་ཐོབ་པས་ཁྱབ་པ་གང་ཞིགཞི་གནས་དང་བསམ་གཏན་གྱི་ཉེར་བསྡོགས་རྣམས་ཐོབ་པ་དུས་མཉམ་ཡིན་པའི་ཕྱིར། བསམ་གཟུགས་མཐའ་དཔྱོདལས། དང་པོ་གྲུབ་སྟེ། བྱང་སེམས་ཡིན་ན་བསམ་གཏན་གྱི་ཉེར་བསྡོགས་ཐོབ་པས་ཁྱབ་སྟེ། དེ་ཡིན་ན་ཞི་ལྷག་ཟུང་འབྲེལ་ཐོབ་པས་ཁྱབ་པའི་ཕྱིར། ཞེས་གསུངས།
བཞི་པ། རང་ཉིད་གང་གི་རྗེས་སུ་འབྲང་མིན་ནི།
འོ་ན་བཞེད་ཚུལ་དེ་དག་ལས་རང་ཉིད་གང་གི་རྗེས་སུ་འབྲང་བ་ཡིན་ནམ་ཞེ་ན། ལུགས་དེ་དག་ཀུན་ལ་ཡིད་ཆེས་པའི་ལུང་དང་རིགས་པ་མང་པོ་བཀོད་འདུག་པས་ད་དུང་གང་གི་རྗེས་སུ་འབྲང་དགོས་མིན་དཔྱད་དགོས་ཀྱང་དུས་ཀྱི་དབང་གིས་དཔྱད་ཁོམ་མ་བྱུང་བས་མཐའ་གཅིག་ཏུ་ལུགས་འདི་འཐད་འདི་མི་འཐད་ཅེས་ཁ་ཚོན་བཅད་ནས་བཤད་པའི་གདེང་ཚོད་ཁོ་བོ་ལ་མ་མཆིས་སོ། །འོན་ཀྱང་རེ་ཞིག་ལུགས་ཕྱི་མའི་རྗེས་སུ་འབྲང་བ་ཡིན། རྒྱུ་མཚན་ནི། སྒྲུབ་ཕྱོགས་ནས་བཤད་ན། གོང་དུ་དྲངས་པའི་མདོ་སྡེ་དགོངས་འགྲེལ་གྱི་ལུང་དང་། ལམ་རིམ་ཆེ་འབྲིང་གཉིས་ཀྱི་ལུང་། དེ་བཞིན་རྣམ་བཤད་སྙིང་རྒྱན་ལུང་དག་གིས་གྲུབ་བོ། །
ལྡོག་ཕྱོགས་ནས་བཤད་ན། ཡིག་ཆ་བྱེད་པོ་ཀུན་གྱིས་རྩ་བའི་ཁུངས་གཏུགས་ས་ནི་རྗེ་ཡབ་སྲས་ཀྱི་གཞུང་ཡིན། དེ་ཡང་ཡིག་ཆ་བྱེད་པོ་སྔ་མ་དག་གིས་ནི། སེམས་བསྐྱེད་སྐྱེ་བ་ལ་ཞི་གནས་ཐོབ་མི་དགོས་པའི་ཁུངས་ནི། རྗེའི་ལམ་རིམ་ཆེན་མོ་ལས། ཅིའི་ཕྱིར་སྔོན་ལ་ཞི་གནས་བཙལ་ནས་དེ་ནས་ལྷག་མཐོང་སྒོམ་པར་བྱེད་ཅེ་ན། དེ་ལ་ཞི་གནས་ལྷག་མཐོང་གི་སྔོན་དུ་འགྲོ་ལུགས་ནི། བདག་མེད་རྟོགས་པའི་ལྟ་བའི་གོ་བ་སྐྱེ་བ་ལ་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་པ་ལའང་ལྟ་བ་སྐྱེ་བར་མཐོང་བའི་ཕྱིར་རོ། །ལྟ་བ་དེ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལའང་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་གོམས་པར་བྱས་པས་ཡིད་འགྱུར་བ་སྐྱེ་བར་མི་འགལ་བའི་ཕྱིར་ཏེ། འགལ་ན་མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལའང་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཞི་གནས་ལ་རག་ལས་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ལུང་འདི་ཡིན། ལུང་དང་རིགས་པ་གཞན་ཡང་ཡོད་སྲིད་ཀྱང་གཙོ་བོ་ལུང་འདི་དྲངས་ནས་བསྒྲུབས་ཡོད།
འོན་ཀྱང་བླ་མ་རྗེ་བཙུན་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་གྱི་མྱོང་བ་སྐྱེ་ན་བྱང་ཆུབ་ཀྱི་སེམས་སྐྱེ་མི་དགོས་པར་བཞེད་ཀྱི་ཡོད་པར་སེམས། རྒྱུ་མཚན་ནི་སྐབས་བཞི་པའི་མཐའ་དཔྱོད་ལས། རྩོད་པ་སྤོང་བ་ལ་ཁ་ཅིག ། བྱང་སེམས་ཀྱི་སྦྱོར་བ་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཐོབ་དགོས་པར་ཐལ། མཁྱེན་གསུམ་བསྡུས་སྒོམ་གྱི་དོན་དེ་འཐད་པའི་ཕྱིར། འདོད་ན། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཐོབ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་རིམ་ལས། མི་རྟག་པ་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཡང་ཞི་གནས་ལ་རག་ལས་པ་ཧ་ཅང་ཐལ་ཆེ་བར་འགྱུར་བའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ཟེར་ན། ཐལ་འགྱུར་གཉིས་པ་ལ་མ་ཁྱབ་བོ། །ཞེས་ལམ་རིམ་གྱི་ལུང་དེ་ཁས་བླངས་ནས་ཐལ་འགྱུར་གཉིས་པ་ལ་མ་ཁྱབ་ཅེས་ལན་བཏབ་བོ། །ཐལ་འགྱུར་གཉིས་པ་ལ་མ་ཁྱབ་ཅེས་པའི་དོན་ནི། བྱང་སེམས་ཀྱི་སྦྱོར་བ་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཐོབ་དགོས་ན། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཐོབ་དགོས་པས་མ་ཁྱབ་ཅེས་པའི་དོན་ཡིན། དེས་ན་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་སེམས་བསྐྱེད་མཚན་ཉིད་པ་ཐོབ་མི་དགོས་པར་བཞེད་དོ། །
བླ་མ་རྗེ་བཙུན་པས་རྣམ་རྫོགས་སྦྱོར་བ་ཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པའི་ཁུངས་ནི། སྐབས་དང་པོའི་མཐའ་དཔྱོད་ལས། རྣམ་རྫོགས་སྦྱོར་བ་འཐོབ་པ་ལ་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་པའི་ཕྱིར་ཏེ། རྣམ་བཤད་སྙིང་པོ་རྒྱན་ལས། སྦྱོར་བ་ཞེས་པ་ནི་ཞི་ལྷག་ཟུང་དུ་འབྲེལ་བར་སྟོན་པ་ཡིན་ཏེ། ཞེས་བཤད་པའི་ཕྱིར། ཞེས་པའི་རྣམ་བཤད་སྙིང་རྒྱན་གྱི་ལུང་འདི་དང་གོང་དུ་དྲངས་པའི་རྣམ་བཤད་སྙིང་རྒྱན་གྱི་ལུང་དག་ཡིན། ཞི་གནས་དེས་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན་བྱེད་པར་བཞེད་པ་དང་མི་བཞེད་པ་རྣམས་ཀྱིས། རྣམ་རྫོགས་སྦྱོར་བ་དང་། སེམས་བསྐྱེད། བྱང་སེམས་ཚོགས་ལམ་ཐོབ་པ་རྣམས་དུས་མཉམ་དང་། རྣམ་རྫོགས་སྦྱོར་བ་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པ་སོགས་ནི་མཚུངས་པར་བཞེད་དོ། །དེས་ན་ཡིག་ཆ་སོ་སོ་ལ་སྐབས་རེར་གནད་དོན་གང་ཞིག་ལ་མི་མཐུན་པ་ཡོད་ཀྱང་། མཐུན་པའི་ཆ་ནི་དེ་ལས་ཀྱང་ཆེས་མང་བ་ཡོད་པས་དེ་དག་རྣམ་པ་ཀུན་ཏུ་ཚ་རེག་དང་གྲང་རེགབྱ་རོག་དང་འུག་པ། སྣང་བ་དང་མུན་པ། དགྲ་བོ་དང་གཉེན་ཉེ་ལྟར་རྣམ་པ་ཐམས་ཅད་དུ་འགལ་བ་མི་སེམས་པར་གཅེས་འཛིན་དང་མོས་གུས་དགོས་པར་སེམས་སོ། །
དེ་ལྟར་ཞི་གནས་དོན་ལ་ཅུང་ཟད་ཅིག ། །
དཔྱད་པའི་དགེ་འདིས་འགྲོ་བ་མ་ལུས་པ། །
མ་ཞི་བྱིང་རྒོད་གཡེང་བ་རབ་སྤངས་ནས། །
འགྲོ་ཀུན་ཞི་བའི་བདེ་བ་ཐོབ་པར་ཤོག །
སྤྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་གྱི་རྣམ་དཀར་དགེ་བའི་ཉིན་སྐད་ཡིག་ལོ་རིམ་གསུམ་པའི་སློབ་མ་བསྟན་འཛིན་ངག་དབང་ངམ་ཚེ་རིང་དཔལ་ལྡན་གྱིས་མཇུག་རྫོགས་པར་བྲིས་པ་དགེའོ། ། ། །
