ཐེག་ཆེན་སེམས་བསྐྱེད་ཀྱི་དོགས་གནད་འགའ་ལ་དཔྱད་པའི་གཏམ།

ཐེག་ཆེན་སེམས་བསྐྱེད་ཀྱི་དོགས་གནད་འགའ་ལ་དཔྱད་པའི་གཏམ།

སེམས་ཁམས་སྡེ་ཚན། ལྭ་བ་བློ་བཟང་ཉི་མ།

     ༄༅། །རྒྱལ་ཀུན་མཁྱེན་པའི་བདག་ཉིད་བློ་ཡི་གཏེར། །

          སྙིང་རྗེའི་རང་གཟུགས་འཕགས་མཆོག་གྲུ་འཛིན་བདག །

          མཐུ་སྟོབས་གཅིག་བསྡུས་ཕྱག་ན་རྡོ་རྗེ་སོགས། །

          མཁྱེན་བརྩེ་ཀུན་ལྡན་བླ་མ་རྣམས་ལ་འདུད། །

དེ་ལ་འདིར་བདག་ཅག་གི་སྟོན་པ་ཉི་མའི་གཉེན་གྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས།མཐར་མངོན་པར་རྗོགས་པར་སངས་རྒྱས་ནས་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་གསུམ་ལ་ལྟོས་ཏེ་འཁོར་ལོ་རིམ་པ་གསུམ་བསྐོར། དེ་ཡང་བརྗོད་བྱའི་དབང་དུ་བྱས་ན་ལམ་བསླབ་པ་གསུམ་དང་། དེ་སྟོན་པའི་རྗོད་བྱེད་ཀྱི་དབང་དུ་བྱས་ན་བཀའ་སྡེ་སྣོད་གསུམ། གཉེན་པོའི་དབང་དུ་བྱས་ན་འདོད་ཆགས་ཀྱི་གཉེན་པོ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་གི་གཉེན་པོ་ཉི་ཁྲི་ཆིག་སྟོང། གཏི་མུག་གི་གཉེན་པོ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པའི་གཉེན་པོ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེའི་ནང་ནས་ཀྱང་གཙོ་བོར་གྱུར་པའམ་རབ་དང་ཕུལ་དུ་བྱུང་བ་ནི། ཤེར་ཕྱིན་ཀྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་འདི་ཉིད་ཡིན་ལ། དེའི་སྦས་དོན་མངོན་རྟོགས་ཀྱི་དོན་དགོངས་པ་འགྲེལ་བ་ལ་རྗེ་བཙུན་གྱིས་བསྟན་བཅོས་མངོན་རྟོགས་རྒྱན་གསུངས་ཞེས་ཡོངས་སུ་གྲགས་ཤིང་། རྒྱན་དེའི་བརྗོད་བྱར་ཟབ་པ་དང་རྒྱ་ཆེ་བའི་རིམ་པ་ཇི་སྙེད་ཅིག་ཡོད་པའི་ནང་ནས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཉམས་སུ་བླང་བྱའི་གཙོ་བོ་ཐེག་ཆེན་སེམས་བསྐྱེད་ཀྱི་རྣམ་གཞག་བཤད་པ་ལས་འཕྲོས་པའི་དོགས་གནས་འགའ་གཞན་གྱིས་བསྐུལ་ངོ་མ་བཟློག་ཙམ་འབྲི་ཁུལ་བྱས་པའི་དབང་དུ་བྱས་ན།

ཐོག་མར་སྔོན་གླེང་གི་ཚུལ་གྱིས་འཆད་པ་ནི། ཡུལ་བར་མའི་མདོ་ལས། གླེང་གཞིའི་ལེའུ་རྫོགས་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པའི་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཤེར་ཕྱིན་ལ་བརྩོན་པར་བྱའོ། །ཞེས་གསུངས། མདོ་དེའི་དོན་བཤད་པའི་སྒོ་ནས་སེམས་བསྐྱེད་ཀྱི་ངོ་བོ་བསྟན་པ་ལ་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། དབྱེ་བ་སྨོན་འཇུག་གཉིས་ཀྱི་སྒོ་ནས་བསྟན་པ་ལ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་དང་། གྲོགས་ཀྱི་སྒོ་ནས་བསྟན་པ་ལ་མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་གསུངས།

རྒྱུ་གང་ལས་སྐྱེས་པ་ཡིན་ཞེ་ན། བསླབ་བཏུས་དང་བྱང་ས་ལས་གསུངས་པར་ལྟར། རིགས་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཟིན་པ། སྙིང་རྗེ་ཆེ་བ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་སྟེ་རྒྱུ་བཞི་དང་། སངས་རྒྱས་དང་བྱང་སེམས་ཆོ་འཕྲུལ་མཐོང་ཞིང་ཐོས་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ཐོས་པ། ཐེག་ཆེན་གྱི་ཆོས་ནུབ་ཏུ་ཉེ་བ་མཐོང་བ། སྐབས་འདིར་སེམས་ཅན་ཉོན་མོངས་པར་མཐོང་བ་སྟེ་རྐྱེན་བཞི་དང་། རང་སྟོབས། གཞན་སྟོབས། རྒྱུའི་སྟོབས། སྦྱོར་བའི་སྟོབས་ཏེ་སྟོབས་བཞི་ལས་སྐྱེས་པ་ཡིན། ཉམས་སུ་ལེན་ཚུལ་ནི་ཇོ་བོ་རྗེའི་ལུགས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་བར་དང་། རྒྱལ་སྲས་ཞི་བ་ལྷའི་ལུགས་བདག་གཞན་བརྗེ་བའི་སྒོ་ནས་བློ་སྦྱོང་བ་སོགས་ཡིན་ལ། སེམས་བསྐྱེད་སྐྱེས་པའི་རྗེས་སུ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི། དབུ་མ་སྙིང་པོའི་འགྲེལ་པ་ལས། བྱམས་པ་ཆེན་པོའི་སེམས་བསྐྱེད་པ་དང་། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་སོགས་བཞིའི་སྒོ་ནས་བཤད་དོ། །

དེ་དག་གི་དོན་བསྡུས་ན། གཞན་དོན་དུ་ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པའི་འདོད་པའི་སེམས་ཁྱད་པར་ཅན་འདི་ནི་རྟགས་ལ་བརྟེན་ནས་རང་གི་མི་མཐུན་ཕྱོགས་ཀྱི་སྒྲོ་འདོགས་ཆོད་པའམ་ངེས་པར་འདྲེན་པ་ཞིག་མིན་པ་རང་གི་དམིགས་རྣམ་སྦྱོང་ནས་རྩོལ་མེད་ཀྱི་མྱོང་བ་འཐོན་པའི་ཐབས་ཀྱི་ཆ་ཁོ་ནར་གཏོགས་པ་ཞིག་ཡིན་ལ། དེ་ཡང་ཀུན་རྫོབ་རྣམ་ཅན་གྱི་བློ་ཞིག་ཡིན་པས། སེམས་ཅན་མཉམ་གཞག་པའི་རྒྱུད་ལ་སེམས་བསྐྱེད་ཡོད་མེད་ཀྱི་ཁྱད་པར་མཁས་པའི་བཞེད་པ་མི་མཐུན་པ་གཉིས་བྱུང་བ་དང་། བྱང་ཆུབ་ཐོབ་པར་འདོད་པའི་སེམས་ཡིན་པས། དེ་སངས་རྒྱས་ཀྱི་སར་ཡོད་མེད་ཀྱི་ཁྱད་པར་མཁས་པའི་བཞེད་པ་མི་མཐུན་པ་གཉིས་བྱུང་བས། དེ་དག་ལ་དཔྱད་པ་ཟུར་ཙམ་ཞིག་འབྲི་རྒྱུ་དང་། ལུང་འདྲེན་གྱི་ཚུལ་དུ་མི་ཟད་པའི་བརྒྱད་ཅུའི་རྣམ་གཞག་མདོར་བསྡུས་ཞིག་འབྲི་བ་ཡིན་ན།

འདི་ལ་གསུམ། སེམས་ཅན་མཉམ་གཞག་པའི་རྒྱུད་ལ་སེམས་བསྐྱེད་མེད་པར་འདོད་པ་ལ་ལུང་རིགས་ཀྱིས་དགག་གཞག་དང་། རྫོགས་པའི་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་པར་འདོད་པ་ལ་ལུང་རིགས་ཀྱིས་དགག་གཞག །སེམས་བསྐྱེད་ཀྱི་ས་མཚམས་ལས་འཕྲོས་པའི་མི་ཟད་པའི་བརྒྱད་ཅུའི་རྣམ་གཞག་བཤད་པའོ། །

དང་པོ་ལ། རིགས་པ་དང་འགལ་བ་དང་། ལུང་དང་འགལ་བ་གཉིས། དང་པོ་ནི། ཁ་ཅིག །རྣམ་བཤད་ལས་ཡོད་ན་མངོན་གྱུར་དུ་ཡོད་པ་ག་ལ་དགོས། ཞེས་པའི་ཁུངས་སུ་དྲངས་ནས་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་ཡོད་ཀྱང་མངོན་གྱུར་དུ་མེད་ཟེར་བ་མི་འཐད་དེ། དེའི་རྒྱུད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་ཡོད་ཕྱིན་ཆད་དེ་ཉིད་མངོན་གྱུར་ཡིན་པས་མངོན་གྱུར་དུ་མེད་ཅེས་པ་ཚིག་ཙམ་དུ་སོང་བའི་ཕྱིར་དང་། འཇུག་ཊཱིཀ་ཆེན་མོར། དེའི་རྒྱུད་ལ་ཟག་མེད་མ་ཡིན་པའི་སེམས་མེད་པར་བཤད་པས་གྲུབ་པའི་ཕྱིར། དེས་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་དེ། དེའི་རྒྱུད་ལ་དེ་ཡོད་ན་ཀུན་རྫོབ་དངོས་ཡུལ་དུ་བྱས་པའི་བློ་ཡོད་པར་ཐལ་ལོ། །ཞེས་ཟེར། འོ་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་གང་ཟག་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་ལམ་གྱི་འཇུག་སྒོ་མེད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་པའི་ཕྱིར། རྟགས་ཁས།

ཡང་ཁ་ཅིག །དེ་འདྲའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སེམས་བསྐྱེད་མེད་ཀྱང་ཐེག་ཆེན་ལམ་གྱི་འཇུག་སྒོ་མེད་པས་མ་ཁྱབ་པར་ཐལ། དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དེ་མ་ཉམས་པའམ་དབང་འབྱོར་བའི་ཚུལ་གྱིས་ཡོད་པས་གང་ཟག་དེ་ཐེག་ཆེན་གྱི་གྲས་སུ་ཚུད་པ་ཡིན་པའི་ཕྱིར་ཟེར་ན། ཐེག་ཆེན་གྱི་སེམས་བསྐྱེད་མ་ཉམས་པའམ་དབང་འབྱོར་བའི་ཚུལ་གྱིས་ཡོད་པ་དེ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་པར་ཐལ། ཁྱོད་ཀྱི་ཁས་ལེན་དེ་འཐད་པའི་ཕྱིར། འདོད་ན། དེ་ཐེག་ཆེན་སེམས་བསྐྱེད་ཡིན་པར་ཐལ། དེ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་པའི་ཕྱིར། ཁྱབ་སྟེ། རྗེའི་ལམ་རིམ་ལས། དེ་ལ་རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གསང་སྔགས་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི་དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ། །དེ་གཉིས་གང་གི་སྒོར་ཞུགས་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཐེག་ཆེན་ལམ་གྱི་འཇུག་སྒོ་ཞེས་པ་ནི། དཔེར་ན། གང་ཟག་དེ་གྲྭ་བ་ཡིན་མིན་དེ་གཙོ་བོ་དགེ་ཚུལ་སློང་གི་སྡོམ་པ་ལ་ཡོད་མེད་ལ་རག་ལས་པ་ལྟར་ཡིན་ལ། གང་ཟག་དེའི་རྒྱུད་ལ་དགེ་ཚུལ་སློང་གི་སྡོམ་པ་ཡོད་ན། གང་ཟག་དེ་རིག་པའི་གནས་ཆེ་ཆུང་གང་ལའང་སྦྱངས་པའི་ཡོན་ཏན་དང་རྣམ་དཔྱོད་ལ་སོགས་པ་ཡོད་མེད་ཅི་ལྟར་རུང་གང་ཟག་དེ་གྲྭ་བའི་གྲས་སུ་ཚུད་པ་དང་། གང་ཟག་དེ་དགེ་ཚུལ་སློང་གི་སྡོམ་པ་དང་བྲལ་སོང་ན། གང་ཟག་དེའི་རྒྱུད་ལ་ཡོན་ཏན་ཆེ་ཆུང་ཇི་ལྟར་ཡོད་ཀྱང་གང་ཟག་དེ་གྲྭ་བའི་གྲས་སུ་མི་ཚུད་པ་ལྟར། གང་ཟག་དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་ན་གང་ཟག་དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་པ་མེད་ནའང་། གང་ཟག་དེ་ཐེག་ཆེན་ལམ་ཞུགས་པའི་གྲས་སུ་ཚུད་པ་དང་། གང་ཟག་དེ་ཐེག་ཆེན་སེམས་བསྐྱེད་དང་བྲལ་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་པ་ཡོད་ཀྱང་། གང་ཟག་དེ་ཐེག་ཆེན་ལམ་ཞུགས་པའི་གྲས་སུ་མི་ཚུད་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་ཐེག་ཆེན་སེམས་བསྐྱེད་དེ་ལ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཞེས་སྦྱར་བ་ཡིན་ནོ། །

གཞན་ཡང་། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་ཆོས་ཅན། ལྷག་བསམ་སེམས་བསྐྱེད་ཐོབ་མ་ཐག་པའི་གང་ཟག་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སེམས་བསྐྱེད་མེད་པའི་ཕྱིར། རྟགས་ཁས། འདོད་ན། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པའི་སྐབས་སུ་ལྷག་བསམ་དག་པའི་སེམས་བསྐྱེད་མ་དག་ས་བདུན་གྱི་སྐབས་སུ་ཡོད་པར་བཤད་པ་དང་འགལ་ལོ། །

འོ་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདའ་བྱའི་མཐོང་ལམ་མེད་པར་ཐལ། དེའི་རྒྱུད་ལ་ཀུན་རྫོབ་དངོས་ཡུལ་དུ་བྱས་པའི་བློ་མེད་པའི་ཕྱིར། རྟགས་ཁས། འོན་ཀྱང་། ཐོག་མར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འདའ་བྱེད་ཀྱི་མཐོང་ལམ་དང་། དེ་རྗེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་འདའ་བྱའི་མཐོང་ལམ་སྐྱེ་བ་ཡིན་ཏེ། དང་པོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དང་། དེ་རྗེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ་བས་དེ་གཉིས་རིམ་ཅན་དུ་སྐྱེ་བ་ཡིན་ཟེར་ན། དེ་ཡང་མི་འཐད་དེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་འདའ་བྱའི་ཐེག་ཆེན་གྱི་མཐོང་ལམ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་པ་པའི་རྒྱུད་ལ་དེ་ཡོད་པའི་ཕྱིར་ཏེ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པར་ཐལ། གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་མེད་པ་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་འཛིན་ཀུན་བཏགས་སྤངས་པའི་གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པར་གང་ཟག་གི་བདག་འཛིན་ཀུན་བཏགས་སྤངས་པའི་གང་ཟག་ཡོད་པར་ཐལ་ལོ། །

གཞན་ཡང་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་མེད་པར་ཐལ། ཁྱོད་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་མཉམ་གཞག་ཡེ་ཤེས་དེ་ཚད་མ་ཡང་མ་ཡིན་པར་ཐལ་བའི་ཕྱིར་རོ། །

གཞན་ཡང་། ས་དང་པོ་ཐོབ་མ་ཐག་པའི་གང་ཟག་གི་རྒྱུད་ལ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་མེད་ན། དབུ་མ་འཇུག་པ་ལས། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་པའི་སྐབས་སུ་སྦྱིན་པ་དང་། བྱམས་པའི་རྣམ་པར་ཐར་པའི་མདོ་ལས། ཉན་རང་དག་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་ཞེས་པའི་ས་དང་པོའི་ལྷག་བསམ་དག་པའི་སེམས་བསྐྱེད་དང་། ཡང་ན་དེའི་རྒྱུད་ལ་དགེ་ཚུལ་སློང་གི་སྡོམ་པ་སོགས་མེད་པར་ཐལ་བའི་སྐྱོན་སོགས་མཐའ་ཡས་པའི་ཕྱིར་རོ། །

གཉིས་པ་ལུང་དང་འགལ་བ་ནི། མཐོང་ལམ་མཉམ་གཞག་པའི་རྒྱུད་ལ་སེམས་བསྐྱེད་མེད་ཟེར་བ་ནི་རྗེ་ཡབ་སྲས་གསུམ་གྱི་ལུང་དང་འགལ་བ་ཡིན་ཏེ། ལམ་རིམ་ལས། དེས་ན་དང་པོར་ཐེག་ཆེན་པར་ཆུད་པ་ཡང་། སེམས་དེ་བསྐྱེད་པ་ཙམ་གྱིས་འཇོག་ལ། ཕྱིས་ཐེག་ཆེན་པའི་ནང་ནས་འཐོན་པའང་དེ་དང་བྲལ་བ་ཙམ་གྱིས་འཇོག་པས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་སྙིང་པོའི་རྒྱན་ལས། སྟོང་ཉིད་ལ་མཉམ་པར་གཞག་བཞིན་པའི་དུས་ན། གང་ཟག་དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་མོད་ཀྱི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་མངོན་གྱུར་དུ་ག་ལ་དགོས། ཞེས་དང་། རྒྱལ་ཚབ་རིན་པོ་ཆེའི་མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ་ལས། འགོག་པ་ལ་མཉམ་པར་གཞག་བཞིན་པའི་ཚེ་གཞི་ཤེས་དང་། ཐེག་ཆེན་སེམས་བསྐྱེད་སོགས་མེད་པར་འདོད་པ་ནི། ལྡན་ཚུལ་གསུམ་གྱི་རྣམ་དབྱེ་མ་ཕྱེད་པའོ། །ཞེས་གསུངས་པའི་ཕྱིར། མཁས་གྲུབ་རིན་པོ་ཆེའི་ས་ལམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག་ལས། ཐེག་ཆེན་གྱི་འཕགས་ལམ་གྱི་མཚན་ཉིད། འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་སོགས། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་འཕགས་རྒྱུད་ཀྱི་མངོན་རྟོགས། ཞེས་སོགས་གསུངས་པའི་ཕྱིར།

གཉིས་པ་ནི། ཁ་ཅིག་གིས་སེམས་བསྐྱེད་ཀྱི་ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ལ་ཡོད་ཅིང་། སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་མེད་དེ། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་ཤེར་ཕྱིན་ལ་བརྩོན་པར་བྱེད་པའི་གནས་སྐབས་སུ་ཐེག་ཆེན་སེམས་བསྐྱེད་ངོས་འཛིན་གནང་ཡོད་ལ། དེ་དང་མཐུན་པར་མཁས་གྲུབ་རིན་པོ་ཆེས་ཀྱང་ཕར་ཕྱིན་རྟོགས་དཀའི་སྣང་བ་ལས། རྫོགས་པའི་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་མེད་དེ། རང་ཉིད་ཀྱིས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང་། དེའི་ཆེད་དུ་ལམ་ལ་སློབ་པ་གང་ཡང་མེད་པའི་ཕྱིར་རོ། །ཞེས་དང་། རྒྱུ་མཚན་དེའི་ཕྱིར་ན་སངས་རྒྱས་ཀྱི་ས་ན་སྨོན་སེམས་ཡོད་པར་སུས་ཀྱང་མི་འདོད་ལ། གལ་སྲིད་ཡོད་ན་འཇུག་སེམས་ལས་གཞན་དུ་འདའ་ས་མེད་པས། འཇུག་སེམས་ཡོད་ན་སྤྱོད་པ་ཉམས་ལེན་གྱིས་བྱ་བ་ལ་འཇུག་བཞིན་པ་ཡིན་དགོས་པས་སངས་རྒྱས་ཀྱི་ཐུགས་རྒྱུད་ན་སྤྱོད་པ་ཉམས་ལེན་མེད་པས་དེ་ལ་ཅི་ལྟར་འཇུག །མི་འཇུག་པའི་ཕྱིར་རོ། །དེར་ཐལ། སངས་རྒྱས་འཕགས་པ་ལམ་ཉམས་སུ་ལེན་པ་པོ་མ་ཡིན་པའི་ཕྱིར་ཏེ། དེ་རྣམ་མཁྱེན་སྒོམ་པ་པོ་མ་ཡིན་པའི་ཕྱིར་ཏེ། དེས་དེ་སྒོམ་བཞིན་པ་མ་ཡིན་པའི་ཕྱིར་ཏེ། དེ་དེ་སྒོམ་པ་མཐར་ཕྱིན་པའི་གང་ཟག་ཡིན་པའི་ཕྱིར་ཞེས་ཟེར། འོ་ན་མདོ་སྡེའི་རྒྱན་ལས་གསུངས་པའི་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཆོས་ཅན། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་པར་ཁས། འདོད་ན། སྒྲིབ་པ་སྤངས་པའི་སེམས་ཅན་ཡོད་པར་ཐལ་ལོ། །

གཞན་ཡང་། སྒྲ་སྙན་པ་དང་། ཆུ་བོའི་རྒྱུན་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་གསུམ་ཆོས་ཅན། སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་མ་བསྡུས་པར་ཐལ། སྦྱོར་བ་མ་གཏོགས་དངོས་གཞིའི་སྒོ་ནས་དེས་བསྡུས་པ་མེད་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་པའི་ཕྱིར། རྟགས་ཁས། འདོད་ན། འགྲེལ་པ་དོན་གསལ་ལས། དེའི་འོག་ཏུ་སེམས་བསྐྱེད་པ་གསུམ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཏེ། ཞེས་དང་། གསེར་ཕྲེང་ལས། དེའི་འོག་ཏུ་བཤད་པའི་ཐ་མ་གསུམ་ནི་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་སོ། །དེ་ལ་དངོས་མཇུག་ནི་སངས་རྒྱས་ཀྱི་མཉམ་གཞག་དང་རྗེས་ཐོབ་ཏུ་རྒྱན་སྣང་བཞེད་ལ། ཞེས་དང་། རྣམ་བཤད་སྙིང་པོའི་རྒྱན་ལས། མཛད་པ་བཅུ་གཉིས་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་ཆོས་ཅན།  སྤྲིན་ལྟ་བུ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་དང་། དེ་ནས་འཕོས་ནས་ཡུམ་གྱི་ལྷུངས་སུ་འཇུག་པ་ལ་སོགས་པ་མཛད་པ་བཅུ་གཉིས་དུས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ། །ཞེས་སོགས་གསུངས་པ་དང་འགལ་ལོ། །

ཡང་ཁ་ཅིག །རྫོགས་པའི་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་དེ། ཡོད་ན་སྤྲིན་ལྟ་བུའི་སེམས་བསྐྱེད་ཡོད་དགོས་པ་ལས་དེ་མེད་དེ། རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་ནི། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཤེ་ན། ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ། རྒྱལ་སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟག་ནུས་ཏེ། དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །ཞེས་ལེགས་བཤད་གསེར་ཕྲེང་ལས་གསུངས་སོ། །

དེས་ན་སངས་རྒྱས་ཀྱི་སར་ཡང་རང་ཉིད་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང་དེའི་ཆེད་དུ་ལམ་ལ་སློབ་པ་སོགས་མེད་པས་སྨོན་སེམས་མེད་པར་རྗེ་ཡབ་སྲས་གསུམ་གྱི་བཞེད་པ་མཐུན་ལ། གསེར་ཕྲེང་དང་རྣམ་བཤད་གཉིས་ཀྱིས་སངས་རྒྱས་ཀྱི་སར་སེམས་བསྐྱེད་ཡོད་པར་གསུངས་པའི་སེམས་བསྐྱེད་དེ། རྟོགས་དཀའི་སྣང་བ་ལྟར་ན་ཡང་སངས་རྒྱས་ཀྱི་སར་མེད་པར་འདོད་པ་མིན་པས་དོན་ལ་མི་འགལ་ལོ། །མཁས་གྲུབ་རིན་པོ་ཆེས་སངས་རྒྱས་ཀྱི་སར་སེམས་བསྐྱེད་ཡོད་པར་འདོད་པ་ནི་སྔར་ས་ལམ་མཁས་པའི་ཡིད་འཕྲོག་ལས་ཐེག་ཆེན་གྱི་འཕགས་ལམ་གྱི་མཚན་ཉིད་འཇོག་ཚུལ་ལ་བརྟེན་ནས་ཀྱང་དཔོག་ནུས་སོ། །སངས་རྒྱས་ཀྱི་སར་ཐེག་ཆེན་སེམས་བསྐྱེད་ཡོད་པའི་ལུང་དེ་ཙམ་ལས་ཡོད་ཚད་དྲངས་ན་མངས་སུ་དོགས་སོ། །

གསུམ་པ་ནི། སེམས་བསྐྱེད་ཉེར་གཉིས་པོ་དེ་མི་ཟད་པ་བརྒྱད་ཅུ་དང་སྦྱར་ནས་བཤད་པ་ལ། མི་ཟད་པ་བརྒྱད་ཅུ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དང་པོ་སེམས་བསྐྱེད་པ་ཡང་མི་ཟད་པའོ། །ཞེས་པ་ནས། བཙུན་པ་ཤྭ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མི་ཟད་པའོ། བཙུན་པ་ཤྭ་ར་དྭ་ཏིའི་བུ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་བརྒྱད་ཅུ་སྟེ། མི་ཟད་པ་འདིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆུད་ཅིང་འདུས་པའོ། །ཞེས་གསུངས། གུང་ཐང་བསྟན་པའི་སྒྲོན་མེའི་འགྲེལ་པ་དོན་གསལ་གྱི་ཟིན་བྲིས་ལས། མི་ཟད་པ་བརྒྱད་ཅུ་ནི། དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང་། །ཕ་རོལ་ཕྱིན་དྲུག་ཚད་མེད་དང་། །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོར་རིག་རྟོན་ཚོགས་གཉིས་དང་། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་བཞི་ཆོས་ཀྱི་མདོ་བཤད་དང་། །བགྲོད་གཅིག་ཐབས་ལ་མཁས་པའོ། །ཞེས་དང་། འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པ་དང་། བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་རྣམས་དང་། མངོན་པར་ཤེས་པ་ལྔ་རྣམས་དང་། བསྡུ་བའི་དངོས་པོ་བཞི་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང་། རྟོན་པ་བཞི་རྣམས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། ཞི་གནས་དང་ལྷག་མཐོང་དག་དང་། གཟུངས་དང་སྤོབས་པ་དག་དང་། ཆོས་ཀྱི་སྡོམ་བཞི་རྣམས་དང་། བགྲོད་པ་གཅིག་པའི་ལམ་ཉིད་དང་། ཐབས་ལ་མཁས་པ་སོགས་མི་ཟད་པ་བརྒྱད་ཅུ་ཡིན་ནོ། །དེ་དག་སྦྱར་བའི་ཡུལ་སེམས་བསྐྱེད་ཉེར་གཉིས་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོགས་ཡིན་ལ། སེམས་བསྐྱེད་དེ་དག་མི་ཟད་པ་བརྒྱད་ཅུ་ལ་སྦྱར་ཚུལ་ནི། མི་ཟད་པ་བརྒྱད་ཅུ་པོ་དེ་དག་གཞི་མི་ཟད་པ་དང་གྲོགས་མི་ཟད་པ་གཉིས་སུ་ཕྱེ་ཞིང་། དང་པོ་སེམས་བསྐྱེད་མི་ཟད་པ་ནི་གཞི་མི་ཟད་པ་ཡིན་ཞིང་། ལྷག་མ་བདུན་ཅུ་དོན་དགུ་པོ་དེ་དག་ནི་གྲོགས་མི་ཟད་པའོ། །ཉི་ཁྲི་དག་ལྡན་ལས། དང་པོའི་སེམས་བསྐྱེད་པ་མི་ཟད་པ་ནི་སེམས་བསྐྱེད་པ་མི་ཟད་པ་ཞེས་བརྗོད་དོ། །ལྷག་མའི་སེམས་བསྐྱེད་པ་མི་ཟད་པ་ནི་གཅིག་པུའི་མ་ཡིན་ཏེ། འོན་ཀྱང་བསམ་པ་དང་སྦྱོར་བ་ལ་སོགས་པའི་གྲོགས་དང་བཅས་པ་མི་ཟད་པ་ཞེས་བརྗོད་དོ། །ཞེས་གསུངས། དེ་དག་ལས་ཚད་མེད་བཞི་ནས་ཆོས་ཀྱི་སྡོམ་བཞིའི་བར་བཅུ་པོ་དེ་རྣམས་སྡེ་ཚན་ཅན་ཡིན་ལ། དེ་དག་སེམས་བསྐྱེད་ཉེར་གཉིས་ལ་སྦྱོར་བའི་ཚེ་སྡེ་ཚན་རེ་རེ་སེམས་བསྐྱེད་རེ་རེར་སྦྱར་རོ། །

ཡང་འགྲེལ་པ་དོན་གསལ་གྱི་སྐབས་སུ་གྲོགས་ཉེར་གཉིས་དང་སེམས་བསྐྱེད་ཉེར་གཉིས་སྦྱར་བ་དང་། སེམས་བསྐྱེད་ཉེར་གཉིས་དང་མི་ཟད་པ་བརྒྱད་ཅུར་སྦྱར་ཚུལ་མི་འདྲ་བའི་ཁྱད་པར་ནི། མི་ཟད་པ་བརྒྱད་ཅུའི་ནང་ཚན་གྱི་སྦྱོར་བ་མི་ཟད་པ་དེ་སེམས་བསྐྱེད་གསུམ་པ་ལ་སྦྱར་ཞིང་། འགྲེལ་པ་དོན་གསལ་ལས་གྲོགས་ཉེར་གཉིས་ཀྱི་སྦྱོར་བ་ནི་སེམས་བསྐྱེད་བཞི་པ་ལ་སྦྱར་བ་དང་། མི་ཟད་པ་བརྒྱད་ཅུའི་ནང་ཚན་གྱི་ལྷག་བསམ་མི་ཟད་པ་དེ་སེམས་བསྐྱེད་བཞི་པ་ལ་སྦྱར་ཞིང་། གྲོགས་ཉེར་གཉིས་ནང་ཚན་གྱི་ལྷག་བསམ་ནི་སེམས་བསྐྱེད་གསུམ་པ་ལ་སྦྱར་བ་དང་། ཡང་མི་ཟད་པའི་མངོན་ཤེས་ལྔ་མི་ཟད་པ་དེ་སེམས་བསྐྱེད་བཅུ་གཉིས་པ་དང་། གྲོགས་ཉེར་གཉིས་ཀྱི་མངོན་ཤེས་སེམས་བསྐྱེད་བཅུ་བཞི་པ་ལ་སྦྱར་བ་དང་། མི་ཟད་པའི་ནང་ཚན་ཐབས་མཁས་མི་ཟད་པ་དེ་སེམས་བསྐྱེད་ཉེར་གཉིས་པ་དང་། གྲོགས་ཉེར་གཉིས་ཀྱི་ཐབས་མཁས་སེམས་བསྐྱེད་བཅུ་གཅིག་པ་ལ་སྦྱར་བའི་ཁྱད་པར་ཡོད་དོ། །

མི་ཟད་པའི་བརྒྱད་ཅུ་བགྲང་ཚུལ་མི་འདྲ་བ་ནི། བློ་གྲོས་མི་ཟད་པ་བསྟན་པའི་མདོའི་འགྲེལ་པ་རྣམས་སུ་མི་ཟད་པ་བརྒྱད་ཅུ་བགྲངས་བའི་ཚེ་མངོན་ཤེས་དྲུག་ལས་ཟག་ཟད་མངོན་ཤེས་མ་གཏོགས་པའི་མངོན་ཤེས་ལྔ་བགྲངས་ལ། མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམས་སུ་སེམས་བསྐྱེད་ཉེར་གཉིས་ཀྱི་གྲོགས་ཉེར་གཉིས་བགྲང་བའི་ཚེ་མངོན་ཤེས་དྲུག་བགྲངས་པའི་ཁྱད་པར་ནི། གཙོ་བོ་དེ་གཉིས་གང་ལ་བརྟེན་པའི་མདོ་གཉིས་མི་འདྲ་བས་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། གཞན་ཡང་བཙུན་པ་ཤྭ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་མི་ཟད་པ་སྟེ། འཕྲུལ་གྱི་མིག་དང་། འཕྲུལ་གྱི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གནས་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པའོ། །ཞེས་དང་། སེམས་བསྐྱེད་གསུངས་པའི་ཤེར་ཕྱིན་གྱི་མདོ་ལས། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། མངོན་པར་ཤེས་པ་དྲུག་ལ་གནས་པར་འདོད་པ་དང་། ཞེས་གསུངས་པའི་ཕྱིར།

དོགས་པ་ནི་འདི་ལྟར་དཔྱད་དེ། དེ་དག་ཐམས་ཅད་མཚུངས་ལྡན་དུ་སྦྱར་བ་ཡིན་ནམ་གང་ཡིན། ཡིན་ན་ནི་མི་ཟད་པའི་ནང་གི་མངོན་ཤེས་ལྔ་དང་རྟོན་པ་བཞི་སོགས་སེམས་བསྐྱེད་དང་མཚུངས་ལྡན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པར་ཐལ། དེ་གཉིས་མཚུངས་ལྡན་ཡིན་ཚུལ་ཡོད་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། དམིགས་པ་གཅིག་ལ་དམིགས་ནས་མཚུངས་པ་ལྔའི་སྒོ་ནས་མཚུངས་པའི་ཕྱིར། ཞེས་གསུངས། འདོད་མི་ནུས་ཏེ། མངོན་ཤེས་ལྔ་དང་རྟོན་པ་བཞི་སོགས་དང་མཚུངས་ལྡན་གྱི་སེམས་བསྐྱེད་མེད་པའི་ཕྱིར་ཏེ། མངོན་ཤེས་དང་རྟོན་བཞི་སོགས་ཀྱི་དམིགས་ཡུལ་ལ་གཟུགས་སྒྲ་སོགས་ཆོས་མི་འདྲ་བ་དུ་མ་ཡོད་པའི་ཕྱིར། འོ་ན་དེ་དག་མི་ཟད་པ་བརྒྱད་ཅུ་དང་སྦྱར་ཚུལ་གང་ཡིན་ཟེར་ན། འགྲེལ་བ་འགའ་ཞིག་ལས་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ་རྟོན་བཞི་མངོན་ཤེས་སོགས་དང་མཚུངས་ལྡན་དུ་སྦྱར་ཚུལ་བྱ་བ་མཚུངས་པ་ཙམ་ལ་སྦྱར་བ་གསུངས་པས་དེ་དག་གཞན་དོན་གྱི་བྱ་བ་མཚུངས་པའམ་ཡང་ན་སེམས་བསྐྱེད་ཀྱི་དམིགས་ཡུལ་རྫོགས་བྱང་ཐོབ་པའི་ཆེད་དུ་བྱ་བ་མཚུངས་པ་ལ་བཤད་པ་ཡིན་ནམ་སྙམ། དེ་དག་མི་ཟད་པ་བརྒྱད་ཅུ་དང་ཡང་བྱ་བ་མཚུངས་པ་ཙམ་ལ་སྦྱར་ན་ཆོག་མིན་དང་། བྱ་བ་མཚུངས་ཚུལ་ཇི་ལྟར་ཡིན་མིན་དཔྱད་དགོས་པ་སྣང་ངོ་། །

དེས་ན་འདི་དག་ལ་མི་ཟད་པ་ཞེས་པའི་རྒྱུ་མཚན་ནི། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟད་མི་ཤེས་པ་རྟོགས་པའི་ཕྱིར་སྒྲུབ་པ་དང་། མི་གནས་པའི་མྱང་འདས་ཟད་མི་ཤེས་པ་ཐོབ་པའི་ཕྱིར་སྒྲུབ་པ་སྟེ་བཞིའོ། །མི་ཟད་པའི་བརྒྱད་ཅུ་སེམས་བསྐྱེད་ཉེར་གཉིས་དང་སྦྱར་ཚུལ་དཔེ་དོན་གཉིས་ཀྱིས་སྒོ་ནས་རྒྱས་པར་ཤེས་པར་འདོད་ན་བརྒྱད་སྟོང་པའི་འགྲེལ་པ་དག་ལྡན་ལས་ཤིན་ཏུ་གསལ་བས་དེར་ལྟ་བར་བྱའོ། །

སྨྲས་པ།

     འདི་ལས་བྱུང་བའི་དགེ་བ་ཅི་བསགས་པས། །

     བྱང་ཆུབ་སེམས་དང་འབྲལ་བར་མ་གྱུར་ཅིག །

     བདག་དང་སེམས་ཅན་ཐམས་ཅད་བདེར་གྱུར་ཕྱིར། །

     མྱུར་ཏུ་སངས་རྒྱས་གོ་འཕང་འཐོབ་པར་ཤོག །

ཅེས་བསྔོ་བ་དང་བཅས་ཏེ་འདིར་ནོར་ཆད་ཀྱི་སྐྱོན་ཅི་མང་ཡོད་ངེས་པས་མཁས་པའི་སྤྱན་སྔར་དགོངས་སེལ་དང་སྦྲགས་གོ་སྟོན་གྱི་དུས་བཟང་ཁྱད་པར་ཅན་འདི་ལ་རྩོམ་ཐུང་བྲིས་པས་དགེ་བ་ཆ་ཕྲ་མོ་ཞིག་སྲིད་ཚེ་དེ་ལ་བརྟེན་ནས་༸གོང་ས་མཆོག་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ས་སྟེང་ཡོངས་སུ་གང་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་སྒོ་ཀུན་ནས་དར་ཞིང་རྒྱས་ལ་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་འགྱུར་པར་ཤོག་ཅེས་བཅོས་མ་མ་ཡིན་པའི་སྨོན་ལམ་གྱིས་མཚམས་སྦྱོར་ཏེ་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་གྲལ་མཐར་འཛིན་པ་ལྭ་བ་བློ་བཟང་ཉི་མས་བྲིས་པ་དགེའོ།། །།

Leave a Reply

Your email address will not be published. Required fields are marked *