ཚད་མའི་ངོ་སྤྲོད་རྡོ་དཀར་ཕྲེང་བ།

ཚད་མའི་ངོ་སྤྲོད་རྡོ་དཀར་ཕྲེང་བ།

སེམས་ཁམས་སྡེ་ཚན། མངའ་རིས་ངག་དབང་ཀུན་འཕེལ།

          སྟོན་པ་ཚད་མ་སྤངས་རྟོགས་ཡོངས་རྫོགས་པའི། །

          བསྟན་པ་ཚད་མའི་རང་བཞིན་ལུང་རྟོགས་གཉིས། །

          བསྟན་འཛིན་ཚད་མས་ཇི་བཞིན་གསལ་མཛད་པའི། །

          སྡེ་སྣོད་ཚད་མ་རྣམས་ལ་གུས་ཕྱག་འཚལ། །

          ཚེ་སྔོན་ལས་ཀྱིས་སྐྱེས་སྟོབས་ཤེས་རབ་དམན། །

          ཚེ་འདིའི་བརྩོན་འབྲས་སྦྱངས་སྟོབས་ཡོན་ཏན་དམན། །

          དེང་ཆར་དུས་ཀྱང་དཀོན་ལ་དལ་མེད་པས། །

          རང་བློར་གང་ཤར་ཡིག་ཐོག་དབབ་པར་བྱ། །

འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་དུ་ལེགས་པའི་ཆ་མང་དག་ཅིག་ཡོད་ཀྱང་། ཆེས་ཤིན་ཏུ་རིན་ཐང་ཆེ་བ་ནི་སེམས་ཅན་གཞན་ལས་ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་དེ་ཡིན། དེ་ལྟར་ཡིན་ཡང་གལ་སྲིད་དེ་ལྟ་བུའི་རྣམ་དཔྱོད་དེ་ལམ་ལོག་པའི་ཕྱོགས་སུ་བཀོལ་ན་མཐའ་མེད་དུ་གཞན་ལ་གནོད་ཚབས་ཆེ་བ་ཡོད་པ་ནི་མངོན་སུམ་གྱི་ཡུལ་ཡིན་ལ། སྤྱིར་འགྲོ་བ་ཡོངས་བདེ་བ་དོན་དུ་གཉེར་བ་མཚུངས་ཀྱང་དེ་སྒྲུབ་པའི་ཐབས་མི་མཐུན་པ་སྣ་ཚོགས་ལ་བརྩོན་པ་ནི་མཐོང་བའི་ཡུལ་དུ་ཡོད།

དེའི་ནང་ནས་མཆོད་སྦྱིན་བྱེད་པ་སོགས་ལམ་ལོག་པ་མང་དག་ཅིག་ལ་ཞུགས་པ་དེང་སང་ཡང་མཐོང་ཆོས་སུ་ཡོད་པ་དེ་དག་ནི། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་ལྟར། འདོད་པ་བདེ་བ་ཡིན་ཀྱང་མི་ཤེས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་བརྩོན་པ་ཆེན་པོས་འཇུག་པ་ཡིན་ནོ། །དེ་ནི་དཔེར་ན་གཞན་གྱིས་རང་ལ་གནོད་པ་བྱས་བའི་ལན་ལ་སྙིང་རྗེ་དང་བྱམས་པ་སོགས་མ་བསྒོམ་པར་གཞན་ལ་ཁོང་ཁྲོ་ན་བདག་གཞན་གཉིས་ཀ་ཕོངས་པར་བྱེད་པ་བཞིན་ནོ། །

དེ་ལྟར་ཡིན་ཀྱང་རྣམ་དཔྱོད་དེ་བཟང་པོའི་ཕྱོགས་སུ་བཀོལ་བའི་འབྲས་བུ་ལ། འཛམ་གླིང་འདིར་བདེ་བ་སྒྲུབ་པའི་ཐབས་ལམ་སྣ་ཚོགས་པ་ཞིག་བཤད་ཡོད་ཀྱང་། དེ་དག་གི་ནང་ནས་དགོས་པའི་བདེ་བ་ཐམས་ཅད་གཞན་བདེ་བར་འདོད་ལས་བྱུང་བ་དང་། མི་འདོད་པའི་སྡུག་བསྔལ་ཀུན་བདག་བདེ་བར་འདོད་པ་ལས་བྱུང་བར་བཤད་པ་ནི། བདེ་བ་སྒྲུབ་པའི་ཐབས་ཆེས་ཤིན་ཏུ་བསྔགས་པར་འོས་པ་དང་མིའི་འགྲོ་བ་ཡོངས་ལ་ཕན་པའི་ལེགས་སྐྱེས་ལྟ་བུ་ཞིག་དུ་གྱུར་ཡོད། དེ་ལྟར་བཞེད་པའི་དཔལ་ནཱལེནྜའི་མཁས་པའི་དབང་པོ་བགྲང་ལས་འདས་པ་བྱུང་བར་མ་ཟད། དེ་དག་གིས་བརྩམས་པའི་བསྟན་བཅོས་བརྒྱ་ཕྲག་དུ་མ་དུས་ད་ལྟར་ཡང་མཇལ་རྒྱུ་ཡོད་ལ། དེ་དག་ལས་དུས་རབས་འདི་དང་ཤིན་ཏུ་འཚམ་པ། སྐྱེ་བོ་ཀུན་གྱི་རྣ་བར་འགྲོ་བདེ་བ། ས་གཞི་ལ་ཆར་དང་དགུན་ཁར་ཉི་མ་ལྟར། ཀུན་གྱི་སེམས་ལ་འབབ་ཏུ་རུང་བ་ནི་བདེ་བའི་ཐབས་དམ་པ། རིགས་པའི་ལམ་ནས་བདེ་བ་བསྒྲུབ་པའི་ཚུལ་དང་སྡུག་བསྔལ་སེལ་བའི་ཐབས་ལེགས་པར་སྟོན་པའི་སློབ་དཔོན་ཆེན་པོ་ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་ཡིན་ལ། དེ་ཡང་འཇིག་རྟེན་པ་རྣམས་དོན་རགས་པ་ཙམ་ལ་ཡང་ལོག་པར་རྟོག་པ་མང་བས། འདོད་པའི་བདེ་བ་དང་ངེས་ལེགས་སོགས་ཕྲ་བའི་དོན་ཚད་མའི་བསྟན་བཅོས་སོགས་ལ་མ་ལྟོས་པར་རྟོགས་པ་ག་ལ་སྲིད། དེས་ན་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་རག་ལས་པས་སོ། །ཞེས་གསུངས་པ་འདིའི་སྐབས་ཀྱི་དོན་ཞེས་པ་ནི། སློབ་དཔོན་ཕྱོགས་གླང་སོགས་ཀྱིས་གཏན་ལ་ཕབ་པའི་ཚད་མའི་མཚན་ཉིད་དང་དབྱེ་བ་དང་འཇུག་ཚུལ་སོགས་རྣམ་པར་གཞག་པ་དེ་ཡིན་ལ། དོན་མིན་པ་ནི་དེ་ལས་ལྡོག་པ་རྒྱང་ཕན་པ་སོགས་མངོན་སུམ་གཅིག་པུ་ཚད་མར་འདོད་པ་ལ་སོགས་པ་དེ་དག་ཡིན། དེའི་ཕྱིར་ལོག་པར་རྟོག་པ་དེ་དག་བསལ་ནས་ཚད་མའི་མཚན་ཉིད་དང་དབྱེ་བ་སོགས་གསལ་བར་ཤེས་ན་མངོན་ལྐོག་གི་ཡུལ་ལེགས་པར་རྟོགས་པ་ཡོང་བ་ཡིན། དེ་ཡོང་ན་ཁོར་ཡུག་གི་ཤུགས་རྐྱེན་དང་ཟིན་བྱེད་ཀྱི་གྲོགས་དང་། རང་གང་དུ་སྐྱེས་པའི་ས་གནས་དང་ཡུལ་ཁྲིམས་ལྟ་བུ་གང་གི་ཕྱོགས་སུ་གནས་པ་དེ་བདེན་པ་དང་། འཐད་པའི་ཕྱོགས་སུ་འདོད་ཅིང་ཞེན་པ་ལས་དོན་དངོས་འཚོལ་བའི་ཐབས་སོགས་དང་དོན་དངོས་པོའི་གནས་ཚོད་ལ་ཡོད་མེད་སོགས་ནི་རིགས་པ་ཡང་དག་ཅིག་ལས་ཚད་མས་གྲུབ་མ་གྲུབ་ལྟ་དགོས་པའི་ཚུལ་ཙམ་ལ་ཡང་རྨོངས་ནས་འཇིན་རྟེན་བཀོད་པ་པོ་དང་ལས་འབྲས་སོགས་ཡོད་མེད་ཀྱང་རྟོགས་པའི་ཐབས་སོགས་ལས་ཐག་ཤིན་ཏུ་རིང་བས་དེས་ན་ཚད་མའི་དོན་སོགས་མདོར་ཙམ་བརྗོད་ན་འདི་ལྟར།

སྤྱིར་ཚད་མའི་དོན།

སྤྱིར་ལས་འབྲས་དང་སྐྱེ་བ་སྔ་ཕྱི་དང་ཐར་པ་སོགས་གཞི་གང་ཞིག་ཡིན་ཡང་འདི་ཡོད། དེ་མེད་ཅེས་པ་ནི་དེ་དང་དེ་འཇལ་བྱེད་ཀྱི་བློ་ཚད་མ་ཡོད་མེད་ལས་གཞན་འཇོག་བྱེད་གང་ཡང་མེད། དེས་ན་བློ་ཚད་མ་ཞེས་པ་གང་འདྲ་ཞིག་ལ་འཇོག་ཟེར་ན། དེ་ཡང་རྒྱ་གར་གྱི་སྐད་དུ། པྲ་མཱ་ཎ་ཞེས་པ་དེ་ཡིན་ཞིང་། བོད་སྐད་དུ་གསར་དུ་མི་བསླུ་བའི་རིག་པ་ཞེས་བྱ་བ་ཡིན།

དེ་ཡང་པྲ་ཞེས་པ་དང་པོ་དང་རབ་སོགས་ལ་འཇུག་པས། མདོ་སྡེ་པས་པྲ་ཞེས་པ་དང་པོའི་དོན་དུ་བྱས་ནས་དང་པོར་འཇལ་བའི་རིག་པ་དེ་ཚད་མའི་དོན་དུ་རྣམ་འགྲེལ་སོགས་སུ་གསུངས། ཐལ་འགྱུར་བས་དེ་རབ་ཀྱི་དོན་དུ་བྱས་ནས་མི་བསླུ་བའི་རིག་པ་ཙམ་ཚད་མའི་དོན་དུ་བཞེད་པས་དཔྱད་ཤེས་ཀྱང་ཚད་མར་འདོད་དོ། །

མཱ་ཎ་ནི་འཇལ་བ་ལ་འཇུག །དེ་ཡང་མི་བསླུ་བའི་རིག་པ་ཞེས་པ་དེ་ཡིན། མི་བསླུ་བ་ཞེས་པ་ནི་དཔྱད་དོན་ཐོབ་པའམ་ངེས་པ་རྙེད་པ་ལ་བྱེད། རིག་པ་ཞེས་པ་ནི་ཐལ་འགྱུར་པའི་ལུགས་ལ་ཤེས་པ་ཡིན་ན་རང་ཡུལ་རྟོགས་པས་ཁྱབ་པས་ངེས་པ་ལ་བྱེད་པ་དང་། མདོ་སྡེ་པ་སོགས་ཀྱིས་སྣང་བའམ་ངེས་པ་ཞིག་ལ་བཞེད།

འོ་ན་གསར་དུ་མི་བསླུ་བའི་རིག་པ་ཞེས་པའི་ཚིག་ཟུར་རེ་རེས་གཅད་བྱ་གང་དང་གང་གཅོད་ཅེ་ན། གསར་དུ་ཞེས་པས་དཔྱད་ཤེས་ཚད་མ་ཡིན་པ་གཅོད། མི་བསླུ་བ་ཞེས་པས་ཡིད་དཔྱོད་ཚད་མ་ཡིན་པ་གཅོད། རིག་པ་ཞེས་པས་དབང་པོ་གཟུགས་ཅན་པ་ཚད་མ་ཡིན་པ་གཅོད་དོ། །

འོ་ན་མདོ་སྡེ་པའི་ལུགས་ལ་རྣམ་མཁྱེན་སྐད་ཅིག་དང་པོས་རང་ཡུལ་གསར་དུ་རྟོགས་ཀྱང་སྐད་ཅིག་གཉིས་པས་གསར་དུ་རྟོགས་པར་ཇི་ལྟར་རིགས་ཏེ་མི་རིགས་པའི་ཕྱིར། དེས་ན་འདིའི་གསར་རྟོགས་ཀྱི་དོན་ཅི། རང་སྟོབས་ཀྱིས་རྟོགས་པ་ལ་བྱེད་ཟེར་ན། རྣམ་མཁྱེན་སྐད་ཅིག་གཉིས་པས་རང་སྟོབས་ཀྱིས་མ་རྟོགས་པར་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྐད་ཅིག་དང་པོའི་སྟོབས་ཀྱིས་རྟོགས་པའི་ཕྱིར།

ཡང་ན། རང་ཡུལ་རྟོགས་པ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མ་ལ་ལྟོས་མ་ལྟོས་ལ་བྱེད་ན། དེ་ལ་ནི་གསར་དུ་ཞེས་པའི་དོན་ཡོད་མེད་དོགས་ཏེ། མཁས་གྲུབ་རིན་པོ་ཆེའི་སྡེ་བདུན་རྒྱན་ལས། ཚད་མའི་མཚན་ཉིད། རང་དབང་དུ་རང་གིས་ཡོངས་སུ་བཅད་པའི་གཞལ་བྱ་ལ་བསླུ་བ་མེད་པའི་ཤེས་པ། ཞེས་གསུངས་ཀྱི། གསར་དུ་ཞེས་མ་གསུངས་པས་སོ། །

གཞན་ཡང་ཚད་མ་དེ་སྐད་ཅིག་གཉིས་ཀྱི་རིང་ལ་གནས་པ་ལ་མཚོན་ན། སྐད་ཅིག་གཉིས་པ་དེ་ཚད་མ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། སྐད་ཅིག་དང་པོས་རྟོགས་སྟོབས་ཀྱིས་རྟོགས་པའི་ཕྱིར།

གཞན་ཡང་སྐད་ཅིག་དང་པོས་རྟོགས་སྟོབས་ཀྱིས་རྟོགས་པ་ལ་གསར་རྟོགས་མ་ཡིན་དགོས་ན། མངོན་སུམ་སྐད་ཅིག་གཉིས་པ་ཡང་དཔྱད་ཤེས་སུ་འགྱུར་བ་ལས་དེ་ལྟར་མི་འཐད་པའི་ཕྱིར་ཏེ། མཁས་གྲུབ་རིན་པོ་ཆེའི་སྡེ་བདུན་རྒྱན་ལས། མངོན་སུམ་དང་མངོན་སུམ་ཚད་མ་ལ་ཁྱད་པར་སྡེ་བདུན་མདོ་དང་བཅས་པ་གང་ནས་ཀྱང་མ་བཤད་དོ། །ཞེས་དང་། ཡང་དེ་ཉིད་ལས། ཁ་ཅིག །མངོན་སུམ་སྐད་ཅིག་ཕྱི་མ་རྣམས་ཀྱང་བཅད་ཤེས་སུ་འདོད་པ་ནི་མ་བརྟགས་པ་སྟེ། བཅད་ཤེས་ནི་སྔར་ངེས་ཟིན་གྱི་ཡུལ་དྲན་པའི་བློ་ཡིན་ལ། དྲན་པའི་བློ་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

གཞན་ཡང་དང་པོར་རྗེས་དཔག་གི་ངོ་བོར་སྐྱེས་ཤིང་བར་དུ་དཔྱད་ཤེས་དང་། ཐ་མར་ཚད་མའི་ངོ་བོར་སོང་བའི་མཐོང་ལམ་བར་ཆད་མེད་ལམ་དེ་རང་ཡུལ་གསར་རྟོགས་ཇི་ལྟར་ཡིན། མངོན་སུམ་དུ་གསར་དུ་རྟོགས་ན་གསར་དུ་རྟོགས་དགོས་པར་ཐལ། འདོད་ན། མཐོང་ལམ་པས་བདག་མེད་གསར་དུ་རྟོགས་པར་ཐལ། འདོད་ན། སྦྱོར་ལམ་པའི་གནས་སྐབས་སུ་བདག་མེད་མ་རྟོགས་པར་ཐལ་ལོ། །

ཚད་མའི་དབྱེ་བ་མི་འདྲ་བ་འཇོག་ཚུལ།

སྤྱིར་ཚད་མ་ལ། ཚད་མ་གཅིག་འདོད་པ། གཉིས་འདོད་པ། གསུམ་འདོད་པ། བཞི་འདོད་པ། ལྔ་འདོད་པ། དེ་བཞིན་དྲུག་ལ་སོགས་པ་འདོད་པ་མི་འདྲ་བ་དུ་མ་ཡོད་ཀྱང་འདིར་མཚན་གཞི་ཙམ་རེ་རིམ་བཞིན་དགོད་ན།

རྒྱང་ཕན་པས། མངོན་སུམ་གཅིག་པུ་ཚད་མ་ཡིན་ཟེར་ཞིང་ལྐོག་ཏུ་གྱུར་བའི་ཆོས་མངོན་སུམ་དེས་མ་དམིགས་པ་རྣམས་མེད་པར་འདོད།

སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སོགས་ཀྱིས། ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་འདོད་ལ། དེ་ཡང་དང་པོས་མངོན་དུ་གྱུར་པ་རགས་པའི་ཆོས་རྣམས་ཡུལ་དུ་བྱས་ལ། ཕྱི་མས་ཕྲ་བ་ལྐོག་ཏུ་གྱུར་པའི་ཆོས་རྣམས་ཡུལ་དུ་བྱས་པ་ཡིན་ནོ། །

གྲངས་ཅན་པས། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། སྒྲ་བྱུང་ཚད་མ་དང་གསུམ་བཞག་ལ། དེ་ཡང་སྒྲ་བྱུང་ཚད་མ་ནི། སྒྲ་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་དོན་འཛིན་པའི་ཤེས་པ་སྟེ། དབྱེ་ན། སྐྱེས་བུས་མ་བྱས་པའི་སྒྲས་བསྐྱེད་པ་དང་། ཡིད་ཆེས་པའི་སྐྱེས་བུའི་ཚིག་གིས་བསྐྱེད་པའོ། གསུམ་པ་ནི་ལྐོག་གྱུར་གྱི་ཡུལ་ཅན་ཡིན་པས་མངོན་སུམ་མ་ཡིན་ལ། ཚུལ་གསུམ་པའི་རྟགས་ལ་མ་བརྟེན་པས་རྗེས་དཔག་ཀྱང་མ་ཡིན་ཟེར་རོ། །

རིགས་པ་ཅན་པས། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། སྒྲ་བྱུང་ཚད་མ། དཔེ་ཉེ་བར་འཇལ་བའི་ཚད་མ་དང་བཞི་ཡོད། དཔེ་ཉེར་འཇལ་ནི་དཔེར་ན། བ་མེན་མཐོང་བ་ལས་སྲོག་ཆགས་འདི་དང་འདྲ་བ་ནི་བ་ལང་ངོ་ཞེས་ལྐོག་ཏུ་གྱུར་བའི་བ་ལང་ལ་འདྲ་བར་འཛིན་པ་ལྟ་བུའོ། །

སྨན་དཔྱད་པས། རིགས་པ་དང་། མི་དམིགས་པ་དང་། ཞེས་གྲགས་པ་དང་། སྲིད་པ་དང་། སྙམ་སེམས་པ་ཞེས་བྱ་བའི་ཚད་མ་གཞན་དག་ཀྱང་ཡོད་དོ་ཞེས་འདོད་དོ། །

རྒྱལ་དཔོག་པས། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། སྒྲ་བྱུང་ཚད་མ། དཔེ་ཉེ་བར་འཇལ་བའི་ཚད་མ། དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་དང་དྲུག་ཡོད་ཟེར། དེ་ལ་དོན་གྱིས་གོ་བ་ནི། ལྷས་སྦྱིན་ཁྱིམ་ན་མེད་པས་ཕྱི་ན་ཡོད་པ་རྟོགས་པ་ལྟ་བུའོ། དེ་ལ་ཚད་མ་དྲུག་ཡོད་པས་དྲུག་པོ་དེ་དག་སྔོན་དུ་འགྲོ་བའི་དོན་གྱིས་གོ་བ་དྲུག་ཡོད་ཟེར།

ཡང་ཚད་མ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་སྐྱེས་བུ་ཚད་མ། ངག་ཚད་མ། ཤེས་པ་ཚད་མ་དང་གསུམ་དུ་དབྱེ་བའི་ཚུལ་ཡང་ཡོད།

ཚད་མ་ཞེས་པའི་སྒྲ་འཇུག་པའི་གཞི། སྤྱིར་ཚད་མ་ཞེས་པ་གཞི་དུ་མ་ལ་འཇུག་སྟེ། སྒྲ་ཚད་མ། བསྟན་བཅོས་ཚད་མ། ངག་ཚད་མ། སྐྱེས་བུ་ཚད་མ། ཤེས་པ་ཚད་མ་ལ་སོགས་པ་མི་འདྲ་བ་མང་དག་ཅིག་ཡོད་ཀྱང་ཡོད་མེད་རྣམ་པར་ཕྱེ་བ་ནི་ཤེས་པ་ཚད་མ་ཉིད་ཀྱིས་རྟོགས་མ་རྟོགས་ལ་རག་ལས་པས་ཚད་མ་ཞེས་པ་ཤེས་པ་ལ་བྱེད་དགོས་སོ། །

འོ་ན་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་ན་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་ལས་ཇི་ལྟར་བྱུང་ཞེ་ན། ཚད་མ་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་སོགས་གསུངས། དེ་ཡང་ཡིན་ཏེ། མི་བསླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་མ་རྫོགས་པས་དང་པོའམ་སྔར་མ་ཤེས་པའི་དོན་གྱི་གསལ་བྱེད་ཀྱང་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་དགོས་པ་བསྟན་པའི་ཕྱིར། ཚད་མ་རྣམ་འགྲེལ་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས།

དེས་ན་ཚད་མའི་མཚན་ཉིད་ཀྱི་མི་བསླུ་བ་དང་རིག་པ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། ། ཞེས་པས་བསྟན་ཅིང་། དེའི་མཚན་ཉིད་ཀྱི་གསར་རྟོགས་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་བསྟན་ཏོ། །

དེ་ལས་འཆད་ཚུལ་གཞན་དུ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་རྐང་པ་གཅིག་པུས་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་ཏེ། མ་ཤེས་ཞེས་པས། རང་གི་གཞལ་བྱ་སྔར་མ་ཤེས་པ་གསར་དུ་ཤེས་པ་བསྟན་པས་བཅད་ཤེས་ཚད་མ་ཡིན་པ་བཅད། དོན་གྱི་ཞེས་པས་གཞལ་བྱ་བསྟན་པས། ཟླ་བ་གཉིས་སྣང་གི་དབང་ཤེས་ཚད་མ་ཡིན་པ་དང་། ཟླ་བ་གཉིས་སྣང་གཞལ་བྱ་ཡིན་པ་བཅད། གསལ་བྱེད་ཀྱང་ཞེས་པས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཚད་མ་ཡིན་པ་བཅད། ཅེས་ཉ་ཊཱིཀ་པ་རྣམས་འཆད་དོ། །

གཞན་ཡང། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་རྐང་པ་གཉིས་ཚད་མ་སྤྱིའི་མཚན་ཉིད་སྟོན་བྱེད་དུ་མི་སྦྱོར་བར། དེ་གཉིས་དོན་དམ་འཇལ་བའི་ཚད་མ་དང་ཀུན་རྫོབ་འཇལ་བའི་ཚད་མ་གཉིས་ཀྱི་མཚན་ཉིད་རེ་རེ་ནས་སྟོན་བྱེད་དུ་སྦྱར་རུང་སྟེ། སློབ་དཔོན་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་རྒྱན་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཡང་ན་འདི་ཚད་མའི་མཚན་ཉིད་ཡིན་ནོ། །འདི་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་ཡིན་ནོ། ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །དེས་ནི་མ་ཤེས་པའི་དོན་འགའ་ཡང་གསལ་བ་མ་ཡིན་ཏེ། སོ་སོར་བཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་དང་། ཡང་ན་འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་བྱ་བ་ནི། དོན་དམ་པར་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དོན་དམ་པ་ཡང་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །དེ་ལྟར་ཡང་རང་ལས་རང་གི་ངོ་བོ་རྟོགས། །ཞེས་བསྟན་པ་ཡིན་ནོ། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བྱ་བ་བཤད་དེ། དེ་ལས་འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ། སྔ་མ་ནི་ཐ་སྙད་པའི་ཡིན་ནོ། །ཞེས་གསུངས་པའོ། །དེས་ན་གཞུང་སྔ་མས་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་། གཞུང་ཕྱི་མས་དོན་དམ་པའི་ཚད་མའི་མཚན་ཉིད་བསྟན་པ་གང་ཞིག །དེ་གཉིས་ལས་གཞན་པའི་ཚད་མ་སྤྱིའི་མཚན་ཉིད་མེད་ཅེས་གསུངས་སོ། །

དེ་ལྟར་ཚད་མའི་མཚན་ཉིད་དང་དབྱེ་བ་སོགས་ལེགས་པར་ཤེས་ནས་དེ་དག་སྐྱེད་བྱེད་ཀྱི་གཏན་ཚིགས་ཡང་དག་སོགས་ཀྱང་ལེགས་པར་ཤེས་དགོས་པ་ཡིན། དེ་ལྟར་ཤེས་ནས་རབ་བྱུང་ན་གཙོ་བོ་རང་རྒྱུད་ལ་ཡོད་པའི་ཉོན་མོངས་རྣམས་ཀྱི་ངོ་བོ་དང་བྱེད་ལས་སྡུག་བསྔལ་སྐྱེད་བྱེད་དུ་ཤེས་ནས་དེ་དག་འདོར་བྱེད་ཀྱི་ཐབས་རང་ཉིད་གང་ལ་དད་པའི་ཆོས་ལུགས་དང་ཆོས་བརྒྱུད་སོགས་ལས་བཤད་པ་རྣམས་རང་གཞན་ཀུན་ལ་ཕན་པའི་རྒྱུར་སྐྲུན་ཐུབ་ན་ཚད་མ་ལེགས་པར་ཤེས་པའི་དགོས་པ་ཆེན་པོ་ཞིག་འགྲུབ་པ་ཡིན་ནོ། །

     འདིས་མཚོན་རྣམ་དཀར་ཚོགས་གཉིས་ཇི་བསགས་པ། །

     བདག་ལ་བཀའ་དྲིན་ཆེ་བའི་བླ་མ་དང་། །

     ཆོས་གྲོགས་ཕ་མ་དང་ནི་ཡོན་བདག་རྣམས། །

     བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །

༠༩་༠༧་༢༠༢༥ སེར་བྱེས་མངའ་རིས་ངག་དབང་ཀུན་འཕེལ་གྱིས་ཉིན་བྲིས།

Leave a Reply

Your email address will not be published. Required fields are marked *