ཚད་མེད་བཞི།

ཚད་མེད་བཞིའི་དཔྱད་རྩོམ།

སེམས་ཁམས་སྡེ་ཚན། བསྟན་འཛིན་རྡོ་རྗེ།

༄༅། །ན་མོ་གུ་རུ་ཨརྱ་ལོ་ཀེ་ཤྭ་ར་ཡ།

དེ་ལ་འདིར་བདེ་བར་གཤེགས་པའི་གསུང་རབ་ནས་ཕྱི་ནང་ཐུན་མོང་བ་དང་། ཐེག་གསུམ་ཐུན་མོང་བའི་ཉམས་ལེན་ནམ་བསྒོམ་བྱར་གྱུར་པའི་ཚངས་པའི་གནས་པ་བཞིའམ། ཚད་མེད་བཞི་གསུངས་ཤིང་འདིས་སངས་རྒྱས་པའི་ཆོས་ཀྱི་ནང་ནས་གོ་གནས་མཐོན་པོར་གཟུང་ཡོད། དེ་ཉིད་ལ་ཐོས་པ་དང་བསམ་པའི་སྒོ་ནས་གཏན་ལ་འབེབས་པ་དང་། ཡི་གེར་འབྲི་བ་དང། གཞན་ལ་འཆད་པ་སོགས་བྱེད་པ་ནི་བྱ་བ་ཆུང་ངུ་ཞིག་ག་ལ་ཡིན། འོན་ཀྱང་ཁོ་བོ་ལྟ་བུས་ནི་བྱམས་སོགས་ཚད་མེད་རྣམས་ཚད་མ་ཡང་དག་པས་གཏན་ལ་འབེབས་པ་དང། དེ་ཉིད་ཚུལ་བཞིན་གཞན་ལ་འཆད་པ་སོགས་མི་ནུས་མོད། ཇི་སྐད་དུ་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་ལས། རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་སོགས་གསུངས་པ་དག་མཐོང་བའི་རྐྱེན་བྱས་ཏེ། འདིར་ཚད་མེད་བཞིའི་སྐོར་གྱི་འབེལ་གཏམ་ཐར་ཐོར་ཤིག་སྨྲ་བ་ལ་སྤྲོ་བ་སྐྱེས་སོ། །

ཁོ་བོ་ནི་རང་གིས་འདི་ཡིན་དང་འདི་མིན་ཞེས་རྣམ་གཞག་འགའ་ཞིག་དམ་བཅའ་བ་ལ་ཞུགས་པ་ན་གཞན་དག་ན་རེ། ད་ལྟ་ཁྱོད་ཀྱིས་སྨྲས་པ་དེ་ལྟར་ཡིན་པ་གཞུང་ལུགས་གང་དང་།  སངས་རྒྱས་ཀྱི་མདོ་གང་ན་ཡོད་པ་ཁྱོད་ཀྱིས་མཐོང་ནས་དེ་ལྟར་ཐག་བཅད་ནས་སྨྲ་བ་ཡིན་ཞེས་དྲིས་པ་ན། དེ་མ་ཉིད་དུ་དབུགས་ཧལ་ཞིང་བཞིན་གྱི་མདངས་ཤོར་བ་དང་། མགོ་བོ་འཕུར་བཞིན་ངག་ལྡབ་ལྡིབ་ཀྱི་སྒོ་ནས། མདོ་སྡེ་ག་གེ་མོ་དང་། བསྟན་བཅོས་ག་གེ་མོར་ཕལ་ཆེར་ཡོད། ཁོ་བོས་དེ་སྔ་ཕལ་ཆེར་མཐོང་བའམ་ཐོས་པ་ལྟ་བུ་ཞིག་ཕལ་ཆེར་དྲན་གྱི་འདུག་ཅེས། ཕལ་ཆེར་དང་སྙམ་ལྟ་བུའི་ཚིག་དག་གིས་རང་ཉིད་ཀྱིས་སྔར་སྨྲས་པའི་དམ་བཅའ་དེ་ལ་ཉན་པ་པོའི་དོགས་པ་སེལ་རྒྱུའི་ཚབ་ཏུ། ཡིད་མི་ཆེས་པ་དང་ཉོབ་སྣང་དུས་གཅིག་ཏུ་འདྲེན་པར་བྱེད་དོ། །ལར་ནས་སྐབས་བབས་ཀྱི་གནད་དོན་གང་མཐོང་བ་ཐམས་ཅད་ལ་གཞུང་ཁུངས་གང་ཡིན་རྩད་གཅོད་མི་བྱེད་པར་ཡིན་ཤག་ཤག་གིས་གནས་པར་བྱས་ནས། དྲི་བ་ཤིག་གློ་བུར་དུ་སླེབས་པ་ན་ཧད་དེ་ལུས་འགྲོ་བ་འདི་ནི་རང་རེ་སློབ་གཉེར་བ་རྣམས་ཀྱི་ཞན་ཆའམ་འཐུས་ཤོར་ཆེ་ཤོས་ཤིག་ཏུ་མཐོང་ངོ་། །དེས་ན་དེ་ལྟ་བུའི་ནད་ཀྱིས་ཡུན་རིང་ཟིན་པའི་ཁོ་བོས་ནི་འཕྲལ་གྱི་གཟེར་གཅོག་གི་ཚུལ་དུ་ཚད་མེད་བཞི་གང་ལས་གསུངས་པའི་མདོ་ཁུངས་དགོད་པ་ལ་ཐོག་མ་ཉིད་དུ་གཞོལ་བར་བྱའོ། །

དེང་དུས་ཀུན་ལ་རླུང་ལྟར་གྲགས་པའི་ཡུམ་འབུམ་པ་ལྟ་བུའི་འགྲེས་རྐང་དུ་ཚད་མེད་བཞིའི་མིང་དང་གྲངས་ཙམ་ཞིག་ཡང་དང་ཡང་དུ་ཐོན་པ་རྣམས་འདིར་དགོད་པར་མི་བྱ་བས། དེ་བས་མདོ་གཞན་དུ་ཚད་མེད་བཞིའི་ངོ་བོ་དང་དབྱེ་བ་སོགས་གསུངས་པའི་ཚུལ་རྣམས་འདིར་རིམ་བཞིན་དགོད་པར་བྱའོ། །

དེ་ལ་ཚད་མེད་བཞིའི་རྣམ་པའམ་འཛིན་སྟངས་ལ་བདེ་བ་དང་ལྡན་པར་འདོད་པ་སོགས་སོ་སོར་འཇོག་པའི་མདོ་ཁུངས་ནི། ༼འཕགས་པ་ལག་བཟངས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། པོད་ཅ། ཤ་ ༡༦༩༽། དེ་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས་པ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །  དེ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བའི་འདུ་ཤེས་ཡིད་ལ་བྱེད་པས་སྙིང་རྗེ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས་དགའ་བ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་ཡིད་ལ་བྱེད་པས་བཏང་སྙོམས་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །ཞེས་གསུངས། འདི་བྱམས་སོགས་ཀྱི་དམིགས་པ་ལ་བདེ་བ་དང་ལྡན་པའི་སེམས་ཅན་སོགས་འཇོག་པའི་མདོ་ཁུངས་སུ་ཡང་འགྲོ་བར་སྣང་ངོ་། །

༼མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། རྒྱུད་པོད་ག་་་ཤ༦༢༽ཀུན་ལ་བྱམས་པ་སྒོམ་པའི་མཆོག །བྱམས་པ་ཚད་མེད་རང་བཞིན་ཡིན། །ཀུན་ལ་བརྩེ་བ་སྒོམ་པའི་མཆོག །སྙིང་རྗེ་ཚད་མེད་ངོ་བོ་ཉིད། །ཀུན་ལ་ཕན་པ་སྒོམ་པའི་མཆོག །དགའ་བ་ཚད་མེད་ངོ་བོ་ཉིད། །ཀུན་ལ་ཁྱབ་པ་སྒོམ་པའི་མཆོག །བཏང་སྙོམས་ཚད་མེད་ངོ་བོ་ཉིད། །ཅེས་གསུངས་སོ།  །

ཡང་ཚད་མེད་པ་བཞི་པོ་དེ་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་མདོ་ཁུངས་ནི། ༼འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། མདོ་སྡེ།  ཅ། ཤ༢༨༽ ཡང་ཞི་གནས་ནི། རྣམ་པ་བརྒྱད་དེ་བསམ་གཏན་དང་པོ་པ་དང་། གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པའོ། །ཡང་རྣམ་པ་བཞི་སྟེ། བྱམས་པ་ཚད་མེད་པ་དང་། སྙིང་རྗེ་དང། དགའ་བ་དང་། བཏང་སྙོམས་ཚད་མེད་པའོ། །ཞེས་གསུངས།

འོ་ན་འདིས་ཚད་མེད་བཞི་ཞི་གནས་ཀྱི་བསྡུས་པ་ཙམ་དུ་གསུངས་ཀྱི་བསམ་གཏན་གྱི་དངོས་གཞིར་མ་གསུངས་པས་ཤེ་ན། དེ་བསམ་གཏན་གྱི་དངོས་གཞི་ལ་དགོངས་པར་ངེས་ཏེ། ༼འཕགས་པ་ལག་བཟངས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། པོད་ཅཤ༡༦༩༽ལས། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས་པ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བའི་འདུ་ཤེས་ཡིད་ལ་བྱེད་པས་སྙིང་རྗེ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས་དགའ་བ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་ཡིད་ལ་བྱེད་པས་བཏང་སྙོམས་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་གཟུགས་ལ་རགས་པའི་འདུ་ཤེས་ཡིད་ལ་བྱེད་ཅིང་ནམ་མཁའ་ལ་ཞི་བའི་འདུ་ཤེས་ཡིད་ལ་བྱེད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ཞེས་ཚད་མེད་བཞི་བསམ་གཏན་བཞིའི་དངོས་གཞི་དང། གཟུགས་མེད་བཞིའི་དངོས་གཞིའི་བར་དེར་སྒོམ་པར་གསུངས་པ་ལ་གོ་རྒྱུ་ཤིག་ཡོད་པའི་ཕྱིར།

ཡང་ཚད་མེད་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་དང། ཆོས་ལ་དམིགས་པའི་བྱམས་པ། དམིགས་མེད་ལ་དམིགས་པའི་བྱམས་པ་སོགས་གསུམ་དུ་འཇོག་པའི་མདོ་ཁུངས་ནི། ༼འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། མདོ་སྡེ། ཟ། ཤ༡༩༣༽ཚངས་པའི་གནས་པ་རྣམ་པ་གསུམ་པོ་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་རྒྱ་ཆེར་བསྟན་པར་ཡང་དག་པར་བརྩམ་པ་མཛད་དོ། །ཞེས་དང་།

༼འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མདོ་སྡེ། ཉ། ཤ༢༣༥༽བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། མི་དམིགས་པའོ། །སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲ་སྟེ། ཞེས་གསུངས། འདིས་ནི་དཔལ་ལྡན་ཟླ་བའི་འཇུག་པ་རྩ་འགྲེལ་དུ་སྙིང་རྗེ་ལ་གསུམ་དུ་མཛད་པ་མདོ་ཡི་ཁུངས་དང་བཅས་པར་རྟོགས་སོ། །

ཡང་ཚད་མེད་བཞི་དེ་ཉན་རང་གི་ཡང་བསྒོམ་བྱ་ཡིན་པའི་མདོ་ཁུངས་ནི། ༼འདུས་པ་ཆེན་པོ་ལས་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། མདོ་སྡེ། ཞ། ཤ༡༧༠༽གང་ཟག་གང་མོས་པ་ཉམས་ལ་ལྷག་པའི་སྤྱོད་པ་མ་ཉམས་ན་དེ་བཞིན་གཤེགས་པས་དེ་ལ་ཕན་གདགས་པའི་ཕྱིར་ཚངས་པའི་གནས་བཞི་བསྒྲུབ་པའི་ཆོས་སྟོན་ཏེ། འདི་ནི་ཉན་ཐོས་ཀྱི་ཐེག་པའི་སྣོད་དོ། །འདི་ནི་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དང་ལྡན་པའོ། །

༼མངོན་པ་ཀུན་ལས་བཏུས་པ། སྡེ་བསྟན། སེམས་ཙམ། རི། ཤ༡༡༤༽ལས། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས། ཚད་མེད་པ་རྣམས་མངོན་པར་བསྒྲུབ་པོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་བསྒྲུབ་པོ། །ཞེས་ཚད་མེད་བཞི་ཕྱི་རོལ་པའི་རྒྱུད་ལ་ཡང་ཡོད་པར་གསུངས་པ་ལ་མདོ་ཁུངས་རེ་ཞིག་ལ་མ་རྙེད་དོ། །

ཡང་ཚད་མེད་བཞི་ཚངས་པའི་གནས་སུ་སྐྱེ་བའི་རྒྱུ་ཡིན་པའི་མདོ་ཁུངས་ནི། ༼མདོ་སྡེ། ཁ། ཤ༢༨༽འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ༽དེ་བཞིན་འདོད་པའི་ཁམས་ལས་འདའ་བྱས་ཏེ། །ཚངས་པའི་གནས་སུ་གནས་པར་སུ་འདོད་པ། །དེ་ནི་ཚད་མེད་བཞི་ཡི་གཟི་མངའ་བ། །སྐྱེས་བུ་ཆེན་པོའི་ཞབས་འབྲིང་དེང་ནས་གྱིས། །ཞེས་དང་།

༼མདོ་སྡེ། ང་། ཤ་༡༩༥༽འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཚངས་པའི་གནས་པ་རྣམས་བསྒོམས་ནས། །རྟག་པར་ཡོན་ཏན་གནས་པ་ཡིན། །ཤི་འཕོས་ཚངས་པའི་འཇིག་རྟེན་དུའང་། །དེ་ནི་སྐྱེ་བ་སྒྲུབ་པར་བྱེད། །ཅེས་དང་།

༼མདོ་སྡེ། ག ། ཤ་༡༥༩ འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།༽ ཁམས་ཀྱིས་ཅིའི་ཕྱིར་སྡུག་བསྔལ་མྱོང་། གལ་ཏེ་ཡང་བསྐྱེད་ན་ཡང་སྡུག་བསྔལ་མྱོང་བར་འགྱུར། དེ་དེ་ལྟར་བསམས་ནས་རྒྱལ་སྲིད་བཏང་སྟེ། རབ་ཏུ་བྱུང་ནས་ཚངས་པའི་གནས་བཞི་བསྐྱེད་དེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽདགལ་གྱི་བུ་ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་འཛིན་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ང་ཁམས་དུ་མའི་ཉེས་པ་སྤངས་ཏེ། ད་ལྟར་ཡང་ཁམས་དུ་མའི་ཉེས་པ་མཐོང་བ་ལས་ཉེ་བར་ལེན་པ་རྣམ་པར་གྲོལ་ལོ། །ཞེས་སྟོན་པ་རང་ཉིད་སྔར་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་འཁྲུངས་པའི་ཚེ་ཚངས་པའི་གནས་བཞི་སྒོམ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་གཏམ་རྒྱུད་གསུངས་སོ། །

ཚངས་པའི་འཇིག་རྟེན་ཞེས་པ་བསམ་གཏན་དང་པོའི་གནས་ལ་བྱེད་ཀྱང་སྐབས་འདིར་ཚངས་པའི་འཇིག་རྟེན་ཞེས་པ་གཟུགས་ཁམས་ཙམ་ལ་གོ་དགོས་མིན་དཔྱད་པར་བྱ་སྟེ། བསམ་གཏན་བཞི་ག་ལ་བརྟེན་ནས་ཚད་མེད་པ་རྣམས་སྒྲུབ་པ་དང། ཚད་མེད་པའི་རྣམ་སྨིན་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་སྤྱིའི་ཚུལ་དུ་གསུངས་པའི་ཕྱིར་རོ། །

ཡང་ཚད་མེད་པ་ལ་བཞིར་གྲངས་ངེས་པའི་མདོ་ཁུངས་ནི། ༼འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མདོ་སྡེ། ཉ། ཤ༢༣༧༽གང་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་ཡོངས་སུ་ཆོད་པར་འགྱུར་རོ། །སྙིང་རྗེའི་སེམས་ལ་ནན་ཏན་བྱེད་པ་ནི་ཞེ་སྡང་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བའི་སེམས་ལ་ནན་ཏན་བྱེད་པ་ནི་མི་བདེ་བ་ཡོངས་སུ་སྤོང་བར་འགྱུར་རོ། །བཏང་སྙོམས་ཀྱི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་པ་དང་ཞེ་སྡང་བའི་སེམས་ཡོངས་སུ་སྤོང་བར་འགྱུར་རོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་རྣམ་པ་བཞི་སྟེ། གཅིག་གམ། གཉིས་སམ། གསུམ་དུ་ནི་མ་ཡིན་ནོ། །ཞེས་གསུངས། སྤང་བྱ་ལ་བཞིར་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་པར་མངོན་ནོ། །

ཚད་མེད་བཞིའི་ངོ་བོ་ཆ་ལག་དང་བཅས་པའི་སངས་རྒྱས་ཀྱི་མདོ་ཁུངས་འགོད་པའི་བྱ་བ་དེ་ཙམ་གྱི་འཐུས་པར་བྱས་ལ། ད་ནི་༸གོང་ས་ཐམས་ཅད་མཁྱེན་པས་ཆོས་དང་འཇིག་རྟེན་གང་ལའང་བྱམས་བརྩེ་གལ་ཆེན་དུ་ཡང་དང་ཡང་དུ་གསུངས་པ་ལྟར། ཚད་མེད་བཞིའམ་དེའི་ནང་ཚན་གྱི་བྱམས་པ་དང་བརྩེ་བ་ནི་འཛམ་བུ་གླིང་གི་འགྲོ་བ་རྣམས་འཕྲལ་དང་ཡུན་དུ་དོན་དམ་པའི་བདེ་སྐྱིད་ལ་སྦྱོར་བའི་བྱེད་པོ་ཉག་གཅིག་ཏུ་གྱུར་ཡོད། དེའི་ཕྱིར་འཛམ་གླིང་ཤར་ནུབ་ཀྱི་ཆོས་ལུགས་ཀུན་གྱིས་ནང་ནས་བྱམས་པ་དང་བརྩེ་བའི་ལག་ལེན་གལ་ཆེན་དུ་མི་བརྩི་མཁན་མེད་ལ། བྱམས་དང་བརྩེ་བ་ཟུང་༼༽སྒོམ་ཞིང་གོང་དུ་སྤེལ་བས་མི་རྣམས་ལ་ད་གཟོད་བདེ་བའི་ལམ་བུ་ལ་སྙེགས་ཐུབ་པའི་ལམ་སྟོན་གནང་ཡོད། དེ་ཡང་གནད་དོན་གང་ཞིག་ཡིན་རུང་དེ་གསུངས་པའི་ལུང་དང། དེ་སྒྲུབ་པའི་རིགས་པས་ཡིད་ཡུལ་དུ་ཤར་བ་ལས། ཁྲ་ཆུང་མིག་དང་དར་ལུང་རྣ་བའི་དགའ་སྟོན་དུ་ཤར་ན་དཔྱོད་ལྡན་ཚིམ་པའི་དགའ་སྟོན་དུ་འགྱུར་ཆེ་བས་ན། ཆོས་ལུགས་སམ་གྲུབ་མཐའ་དེ་དག་གི་གཞུང་ལུགས་རང་ནས་བྱམས་བརྩེའི་རྣམ་གཞག་ཇི་ལྟར་གསུངས་པའི་ཚིག་དངོས་ཕྱོགས་ཙམ་ཞིག་དགོད་པ་ལ་ཞུགས་སོ། །

དེ་ཡང་འཛམ་གླིང་ཆོས་ལུགས་ཀུན་གྱི་མེས་པོར་བརྩིས་ན་རུང་བའི་ཧིན་དུའི་ཆོས་ལུགས་ཀྱི་བསྟན་བཅོས། ༼པ་ཊན་ཇ་ལིའི་རྣལ་འབྱོར་གྱི་མདོ། Patanjali Yoga Sutra པ་ཊན་ཇ་ལི་ཞེས་པ་དེ་དུས་རབས་གཉིས་པའི་གོང་ཙམ་དུ་བྱོན་པའི་གྲངས་ཅན་པའི་མཁས་པ་ཤིག་ཡིན་པར་འདུག ། ༽བདེ་སྐྱིད་ལ་བྱམས་པ་དང། སྡུལ་བསྔལ་ལ་སྙིང་རྗེ། དགེ་བ་ལ་རྗེས་སུ་ཡི་རང་བ། མི་དགེ་བ་ལ་བཏང་སྙོམས་གོམས་པས་སེམས་དག་ཅིང་ཞི་བར་འགྱུར་རོ། །ཞེས་གསུངས། འདི་ནི་བྱམས་བརྩེ་ཙམ་སྟོན་པ་མིན་པར་འཛམ་གླིང་གི་ཆོས་ལུགས་གཞན་ཞིག་གི་རང་གཞུང་དུ་ནང་པའི་གཞུང་ནས་བཤད་པའི་ཚད་མེད་བཞི་པོའི་མིང་དང་དོན་དངོས་སུ་ཐོན་པ་ཤིག་ཏུ་གྱུར་ཡོད། དེ་བཞིན་ནང་བསྟན་དང་ཧ་ལམ་དུས་གཅིག་ཏུ་མི་ཡུལ་ལ་འཕོས་པར་བརྩི་རུང་བའི་མུ་སྟེགས་གཅེར་བུ་བའི་གཞུང་དུ་ཚད་མེད་བཞི་ཡི་སྐོར་སྟོན་བཞིན་ཡོད་པ་གོ་རྒྱུ་འདུག ། འོན་ཀྱང་དེ་དག་ཏུ་བདག་རྐྱེན་བསམ་གཏན་དངོས་གཞི་ལ་བརྟེན་དགོས་པ་ནི་མི་གསལ།

༼བྷ་གྷ་ཝ་ཏི་གི་ཏ། Bhagavad Gita འདི་ཤིན་ཏུ་གྲགས་ཆེ་བའི་གཞུང་ཤིག་ཡིན་འདུག ། ༽ སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་སེམས་ཁུར་བཅས་ལྡན་པའི་ཤེས་རབ་ལྡན་པ་རྣམས་ཚངས་པའི་ཐར་པ་ཐོབ་པར་འགྱུར། ཞེས་གསུངས།

༼རྒྱ་ནག་གི་རུའུ་ལུགས་ནི་ཁུང་ཙི་ཡིས་སྲོལ་ཕྱེ་ཞིང་རྒྱལ་སྲིད་སྐྱོང་ལུགས་གཙོ་བོར་སྟོན་པའི་འཇིག་རྟེན་པའི་ལྟ་གྲུབ་ལ་གནས་ཀྱང་ཕྱིས་སུ་གནམ་གྱི་བྱིན་རླབས་མི་ལ་འཕོ་བའི་ལྟ་བ་དང་བསྲེས་པས། རུའུ་ལུགས་དེ་མི་ཆོས་ཀྱི་རྭ་བ་ལས་བུད་དེ་ལྷ་ཡི་ཕང་བར་བཞུད་འདུགད་ལྟ་ཆོས་ལུགས་སུ་བརྩི་ཞིང་མི་བརྩིའོ། །༽

༼ཙི་སི་ཡིས་བརྩམས་པའི། དབུས་འཛིན་གྱི་གཞུང། 中唐。ཙི་སི་ནི་ཁུང་ཙིའི་ལྟ་གྲུབ་རྒྱུད་འཛིན་བྱེད་མཁན་གྱི་རུའུ་ལུགས་པའི་ཆེས་གནའ་རབས་ཀྱི་མཁས་པ་ཤིག་ཡིན་པར་འདུག །༽ རྗེ་བའི་ཁྱིམ་ཚང་དུ་བྱམས་བརྩེ་སྤྱོད་ན་རྒྱལ་ཁབ་དེར་ཡང་བྱམས་བརྩེ་སྤེལ་ཐུབ་ལ། རྗེ་བའི་ཁྱིམ་ཚང་དུ་བཟོད་པ་བསྒོམ་ཐུབ་ན་རྒྱལ་ཁབ་དེས་ཀྱང་བཟོད་པ་བསྒོམ་ཐུབ་པ་དང་། རྗེ་བོ་རང་ཉིད་ནོར་ལ་ཆགས་ཤིང་འཆོལ་བར་སྤྱོད་ན། རྒྱལ་ཁབ་དེའང་གྱེན་ལོག་དང་ཟིང་ཆ་སློང་ངོ་། །རྒྱལ་ཁབ་སྐྱོང་བའི་གནད་འགག་ནི་དེ་ལྟར་རེད་ལགས། ཞེས་གསུངས།

༼ཏའོ་ལུགས་ནི་ལའོ་ཙི་ཡིས་སྲོལ་ཕྱེ་ཞིང། ཆོས་ཉིད་ཀྱི་གནས་ལུགས་སྟོན་ཞིང། དེ་ལ་བསྟུན་པའི་སྒོ་གསུམ་གྱི་སྤྱོད་ལུགས་གཙོ་བོར་སྟོན་པས་འདི་ནི་ཆོས་ལུགས་ཤིག་ཡིན་པར་རུའུ་ལུགས་ལས་ཅུང་ཉེ་བར་ཡོད། ད་ལྟ་ཆོས་ལུགས་སུ་བརྩི་ཞིང་མི་བརྩིའོ། །༽

༼རྒྱ་ནག་ཏའོ་ལུགས་པའི་སྲོལ་འབྱེད་ལའོ་ཙི་ཡི་བརྩམས་པའི་ཆོས་ཉིད་ཀྱི་མདོ། 道德经 མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་འགྱུར་ལ་སྤྱོད་པ་དང་ལམ་གྱི་མདོ་ཞེས་བསྒྱུར་འདུག ། ཆོས་ཉིད་ཀྱི་མདོ་ཞེས་བོད་ནང་ནས་བསྒྱུར་ཡོད། ༽ གནམ་འོག་སྐྱེ་དགུའི་ཆེད་དུ་ཉམས་ལེན་པ། །དེ་ཡི་ཡོན་ཏན་ཡོངས་ལ་ཁྱབ་པ་ཡིན། །དེ་ཕྱིར་གཞན་ལ་རང་གི་ཚུལ་གྱིས་ལྟ། །གཞན་གྱི་ཁྱིམ་ཡང་རང་གི་ཁྱིམ་ལྟར་ལྟ། །ཅེས་དང།

གནམ་གྱི་ལམ་ནི་ཕན་པའི་རང་བཞིན་ཏེ། །དེ་ལ་ཕན་པ་ཉིད་ལས་གནོད་པ་མེད། །དམ་པའི་ངང་ཚུལ་དེ་དང་མཚུངས་པ་སྟེ། །རྩོད་པ་མེད་པར་གཞན་གྱི་ཆེད་དུ་གནས། །ཞེས་སོགས་གསུངས་སོ། །

༼ཡེ་ཤུའི་དམ་པའི་གསུང་རབ་ལ་བམ་པོ་༦༦ཡོད་ཅིང་དེ་ལ་ཞལ་ཆད་གསར་རྙིང་གཉིས་སུ་དབྱེ། ཞལ་ཆད་རྙིང་མ་ནི་འཇིག་རྟེན་བྱེད་པོའི་མཛད་རྗེས་སྐོར་དང། ཞལ་ཆད་གསར་མར་ཡེ་ཤུའི་བཀའ་སྙན་དང་དད་པའི་སྐོར་གསུངས་ཡོད། འཛམ་གླིང་སྐད་ཡིག་ཉིས་སྟོང་ནང་བསྒྱུར་ཡོད་པར་གྲགས་ཤིང་ད་ཆ་བོད་ཡིག་ཏུ་ཡང་བསྒྱུར་ཟིན་པ་ཡིན། འདི་ནི་ཡེ་ཤུ་བ་རྣམས་ལ་བོད་བརྒྱུད་ནང་བསྟན་པའི་བཀའ་བསྟན་ལྟ་བུར་གྱུར་ཡོད། འོག་ནས་ཁུངས་སུ་འདྲེན་པར་འགྱུར་བའི་(ཀོ་རིན་ཐུ་པ་དང་པོ)(རོ་མ་པ)(ཡོ་ཧ་ནན་དང་པོ)བཅས་ནི་ཞལ་ཆད་གསར་མའི་ནང་གི་ཆོས་ཚན་རེ་རེ་ཡིན། ༽

༼ཀོ་རིན་ཐུ་པ་དང་པོ། ༽བྱམས་སེམས་ལ་བཟོད་པ་དང་སྙིང་རྗེ་ཡོད། ཕྲག་དོག་དང་རང་བསྟོད་ང་རྒྱལ་མེད། བྱམས་སེམས་ཀྱིས་མི་འོས་པར་མི་སྤྱོད། རང་དོན་མི་འཚོལ། ཁྲོ་བར་མི་འགྱུར། འཁོན་དུ་མི་འཛིན། ངན་པ་ལ་མི་དགའ། བདེན་པ་ལ་དགའོ། །རྒྱུན་དུ་ཐེག །རྒྱུན་དུ་དད། རྒྱུན་དུ་རེ། རྒྱུན་དུ་བཟོད། ཅེས་དང་།

༼རོ་མ་པ། ༽དད་པ་བརྟན་པོ་ཡོད་མཁན་ངེད་རྣམས་ཀྱིས་དད་པ་ཆུང་བ་དག་གིས་གང་མི་ཐུབ་པའི་བྱ་བར་བཟོད་པ་སྒོམ་དགོས་ཏེ། རང་འདོད་ལྟར་བྱེད་མི་རུང། ང་ཚོ་མི་རེ་རེས་ཁོ་ལ་ཕན་པ་དང་དད་པ་ཡར་རྒྱས་གཏོང་བའི་ཕྱིར་ཁྱིམ་མཚེས་ལ་དགའ་བར་བྱེད་དགོས། ཞེས་དང་།

༼ཡོ་ཧ་ནན་དང་པོ། ༽འཇིག་རྟེན་འདིའི་རྒྱུ་ནོར་ཡོད་པ་ཞིག་གིས་སྤུན་ཟླ་དགོས་ཆས་མེད་པར་མཐོང་ནས་སྙིང་རྗེ་མ་བྱས་ན་དཀོན་མཆོག་གི་བྱམས་པ་ཁོའི་ནང་ན་ཇི་ལྟར་གནས། ཅེས་གསུངས་སོ། །

ད་ནི་ཚད་མེད་བཞི་དང་འབྲེལ་བའི་གནད་དོན་རེ་ཟུང་ལ་དོགས་དཔྱོད་ཀྱི་ཚུལ་དུ་ཅུང་ཙམ་སྨྲ་བ་ལ་ཞུགས་སོ། །

སེམས་ཅན་དང་ཆོས་དང་དམིགས་མེད་ལ་དམིགས་པའི་བྱམས་པ་སོགས་ཀྱི་དོན་ཡོང་གྲགས་སུ་གསུང་ཚུལ་དང་ཚིག་ཟིན་མི་མཐུན་པ་ཤིག་མདོ་མྱང་འདས་ཆེན་པོ་ལས་གསུངས་ཏེ། ༼འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མདོ་སྡེ། ཉ། ཤ༢༣༦༽དེ་ཉིད་ལས། སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས་ནས་བདེ་བར་འདོད་པ་སྟེ། དེ་ནི་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། དེ་ནི་ཆོས་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་སྟེ། མི་དམིགས་པ་ཞེས་བགྱིའོ། །ཞེས་སོ། །འདིའི་དགོངས་པ་ཡོངས་གྲགས་སུ་སྙིང་རྗེ་གསུམ་གྱི་འཇོག་ཚུལ་དང་མཐུན་པ་ཞིག་ཏུ་ཨུ་ཚུགས་ཀྱིས་འདྲེན་པར་འདོད་ཚེ། སྙིང་རྗེ་གསུམ་པས་དེ་བཞིན་གཤེགས་པ་ལ་དམིགས་པར་གསུངས་པ་ནི་སེམས་ཅན་གྱི་དེ་བཞིན་ཉིད་རྟོགས་པའི་བློས་ཟིན་པ་ལ་དགོངས་ཞེས་བརྗོད་རུང་ཙམ་ཡིན་ཡང་སྙིང་རྗེ་གཉིས་པའི་སྐབས་སུ་ཅི་དགོས་སྦྱིན་པ་སྟེ། ཞེས་བྱེད་ལས་ཀྱི་སྟེང་ནས་བཞག་ཟིན་པས། དེ་དྲང་དོན་དུ་ཇི་ལྟར་བཀྲལ། ལུང་ཞིག་དྲང་དོན་དུ་བཀྲལ་བར་འདོད་ཀྱང་དེའི་ཚིག་དང་འབྲེལ་ཡོད་པའི་བཀྲལ་ཚུལ་ཤིག་དགོས་སོ། །

མདོ་སྡེའི་རྒྱན་ལས། སྙིང་རྗེའི་ཆུ་ནི་བྱམས་པ་སྟེ། །སྡུག་བསྔལ་བདེ་བ་རྒྱ་ཆེར་རྒྱས། །ཞེས་བྱམས་པ་སྙིང་རྗེ་བརྟས་པར་བྱེད་པའི་རྒྱུར་གསུངས་པ་ནི་མན་ངག་བདུན་མའི་ནང་ཚན་ཡིད་འོང་གི་བྱམས་པ་ལ་དགོངས་པར་ངེས་ཏེ། ༼ལམ་རིམ་ཆེན་མོར། ༽ཡིད་འོང་དུ་མཐོང་བའི་བྱམས་པའི་ཆུ་ཡིས་བརླན་པར་བྱས་ནས་སྙིང་རྗེའི་ས་བོན་གྲུང་པོ་བཏབ་ན་སྙིང་རྗེ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་གསུངས་པ་འདི་གནད་ཤིན་ཏུ་ཆེ་བར་རྟོགས་སོ། །ཞེས་གསུངས་པས་སོ། །སེམས་ཅན་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཉིས་ལ་ནི་སྐྱེ་བའི་གོ་རིམ་ངེས་པ་མེད་པར་ལམ་རིམ་ཆེན་མོར་གསུངས་སོ། །

བྱམས་སོགས་ཚད་མེད་བཞི་ཡི་ལྡོག་ཟླའམ་སྤང་བྱ་རུ་གནོད་སེམས་དང། རྣམ་འཚེ། མི་དགའ་བ། ཆགས་སྡང་གཉིས་བཅས་རིམ་པ་ལྟར་བཞག་ཡོད། དེ་དག་གི་ནང་ནས་གནོད་སེམས་དང་རྣམ་འཚེ་གཉིས་ཀྱི་ཁྱད་པར་གང་། གནོད་སེམས་བྱམས་པ་དང་། རྣམ་འཚེ་སྙིང་རྗེའི་ལྡོག་ཕྱོགས་སུ་སོ་སོར་འཇོག་ན་གོ་རྒྱུ་དང་སྒྲུབ་བྱེད་ཇི་ལྟ་བུ་ཡོད་སྨྲོས་ཤིག་ཞེ་ན། མཆིམས་མཛོད་ལས། རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བ་སྟེ། ཞེས་རྣམ་པར་འཚེ་བའི་ལོག་ཕྱོགས་སུ་སྙིང་བརྩེ་བ་བཞག་པ་དང་། ཡང་དེ་ཉིད་ལས། རྣམ་པར་འཚེ་བ་ནི་སེམས་ཅན་དག་སྡུག་བསྔལ་བར་འདོད་པ་སྟེ། ཞེས་རྣམ་འཚེ་ཡི་འཛིན་སྟངས་སྙིང་རྗེའི་འཛིན་སྟངས་དང་དངོས་འགལ་ཉིད་དུ་གོ་ནུས་པར་བྱས་སོ། །འོ་ན་རྣམ་འཚེ་སྙིང་རྗེའི་ལྡོག་ཟླ་རུ་བཞག་པར་སྒྲུབ་པར་བྱེད་པ་དེ་ལྟ་བུ་ཡོད་ན། འོ་ན་གནོད་སེམས་བྱམས་པའི་ལྡོག་ཟླ་རུ་འཐད་པ་ཅིས་ཤེས་ཤེ་ན། མདོ་སྡེ་་་ཡ་་་ཤ༨༧ འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས། ཕ་རོལ་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་རབ་ཏུ་སྡང་བ་གནོད་སེམས་ཏེ། ཞེས་གསུངས་པའི་འགྲོས་ལ་བལྟས་ན་ཕ་རོལ་གྱི་ཕུན་ཚོགས་རྒུད་པར་འདོད་པ་སྡང་བའི་དོན་དུ་གསལ་ཞིང་། གནོད་སེམས་སེམས་ཅན་ལ་སྡང་བ། །ཞེས་སྡང་བ་གནོད་སེམས་ཀྱི་དོན་དུ་མཛོད་ལས་གསུངས་པའི་ཕྱིར་རོ། །

གཞན་ཡང་ལམ་རིམ་ཆེན་མོར་གནོད་སེམས་ཀྱི་དོན་འཆད་པའི་ཚེ། ལོངས་སྤྱོད་རྒུད་ན་ཅི་མ་རུང་སྙམ་པ་ཞེས་དང། གཞན་གྱི་གཉེན་དང་ལོངས་སྤྱོད་དང་དགེ་བ་ལ་སོགས་པ་ཚེ་འདི་ལ་རྒུད་ན་ཅི་མ་རུང་སྙམ་པ། ཞེས་སེམས་ཅན་གྱི་ཕུན་ཚོགས་སམ་བདེ་བ་རྒུད་པར་འདོད་པའི་སྟེང་ནས་གནོད་སེམས་ཀྱི་དོན་ངོས་འཛིན་གནང་ཤིང་བྱམས་པ་ནི་སེམས་ཅན་རྣམས་ཕུན་ཚོགས་སམ་བདེ་བ་ཕྲད་པར་འདོད་པ་ཡིན་པས་དེ་གཉིས་ཀྱང་འཛིན་སྟངས་དངོས་འགལ་དུ་ཤེས་པར་བྱས་སོ། །

ཡང་བྱམས་པའི་ལྡོག་ཟླར་འདོད་ཆགས་དང་སྙིང་རྗེ་སོགས་ཕྱི་མ་གསུམ་གྱི་ལྡོག་ཟླ་སྔར་བཞིན་བཞག་པ་ཡང་ཡོད་དེ། ༼འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མདོ་སྡེ། ཉ། ཤ༢༣༧༽གང་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་ཡོངས་སུ་ཆོད་པར་འགྱུར་རོ། །སྙིང་རྗེའི་སེམས་ལ་ནན་ཏན་བྱེད་པ་ནི་ཞེ་སྡང་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བའི་སེམས་ལ་ནན་ཏན་བྱེད་པ་ནི་མི་བདེ་བ་ཡོངས་སུ་སྤོང་བར་འགྱུར་རོ། །བཏང་སྙོམས་ཀྱི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་པ་དང་ཞེ་སྡང་བའི་སེམས་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་སོ། །

ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་མེད་སྐོར་གླེང་ཙམ་ཤིག་བྱས་ན་འདི་ལྟར། ༼དཔལ་ལྡན་ཟླ་བ་གྲགས་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སྡེ་བསྟན། དབུ་མ། པོད་གི ། ཤ་ ༢༥༢༽ རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཞེས་དང་།  ༼མདོ་སྡེ་རྒྱན་གྱི་འགྲེལ་བཤད།  སྨད་ཆ།  ཤ་ ༡༧༢  སློབ་དཔོན་བློ་གྲོས་བརྟན་པ།  སྒོ་མང་དཔར་མ། ༽ ཇི་ལྟར་འཇིག་རྟེན་པ་དག་ཕ་མ་བུ་ཚ་གཉེན་བཤེས་ལ་སྡུག་པ་ཡོད་པ་དང་།   འཕགས་པ་ཉན་ཐོས་དང་།  རང་སངས་རྒྱས་རྣམས་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྡུག་པ་ཡོད་མོད་ཀྱི།  དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ཐུགས་རྗེའི་རྒྱུས་སེམས་ཅན་ཐམས་ཅད་ལ་སྡུག་པར་བྱེད་པ་སྡུག་པ་གཞན་དང་ཁྱད་ཞུགས་པར་བསྟན་པའི་ཕྱིར།  ཚིགས་སུ་བཅད་པ་གསུམ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཞེས་ཉན་རང་གིས་སྡུག་བསྔལ་བའི་སེམས་ཅན་ཁོ་ན་ལ་དམིགས་པར་གསུངས་ཤིང་། རིགས་པས་ཀྱང་དེ་དག་གིས་ཤེས་སྒྲིབ་སྤོང་བ་ལ་གཞོལ་བའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་པའི་སྙིང་རྗེ་སྐྱེ་བ་མི་འཐད་དེ། རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །ཞེས་པའི་རིགས་པའི་གནོད་པའི་ཕྱིར་རོ། །

གཞན་ཡང། ༼ལམ་རིམ་ཆེན་མོ། ༽ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་གྱུར་ཚུལ་ལོ། །ཞེས་ལྔ་པའི་སྙིང་རྗེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་སྙིང་རྗེར་བསྟན་པ་ན། ཁ་ཅིག་ཉན་རང་ལ་ལྔ་པའི་སྙིང་རྗེ་ཡོད་ལ་དྲུག་པའི་སྙིང་རྗེ་མེད་ཟེར་བར་བསྣུན་པ་ཉིད་དུ་བྱས་སོ། །

གཞན་ཡང་ཉན་རང་ལ་སྙིང་རྗེ་ཆེན་པོ་ཡོད་པར་འདོད་པ་རྣམས་ལ་དྲི་བ་ཞིག་ལྷག་ཡོད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལས་སྙིང་རྗེ་ཆེན་པོ་སྒྲུབ་བྱེད་ཀྱི་མན་ངག་གང་ཞིག་གསུངས་ཡོད་ཅེས་པ་དེའོ། །དེ་ལ་མན་ངག་ཟུར་པ་ཤིག་མི་དགོས་པར་འདོད་ན་མི་རུང་སྟེ། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དག་མན་ངག་ཁྱད་པར་ཅན་ལས་བསྒྲུབ་དགོས་པའི་ཕྱིར་རོ། །

བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་རྗེ་ཆེན་པོ་སོགས་ནི་བློ་དེ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་ཞིག་ལ་འཇོག་དགོས་པ་དེའི་ཤེས་པར་བྱེད་པའི་མདོ་ལུང་ནི་འདི་ཡོད་དེ། ༼འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། མདོ་སྡེ། ཉ། ཤ༢༣༩༽རིགས་ཀྱི་བུ་གཞན་ཡང་དཔེར་ན་རྡོ་ལ་རི་མོ་བྲིས་ན་རྟག་ཏུ་ཡོད་དོ། །ཆུ་ལ་རི་མོ་བྲིས་ན་དེ་མ་ཐག་ཏུ་མེད་པར་འགྱུར་ཏེ་མི་གནས་སོ། །ཞེ་སྡང་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲའོ། །དགེ་བའི་རྩ་བ་ནི་ཆུ་ལ་རི་མོ་བྲིས་པ་དང་འདྲ་སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་གདུལ་དཀའོ། །གཞན་ཡང་དཔེར་ན་མེའི་ཕུང་པོ་ཆེན་པོའི་འོད་ནི་ཡུན་རིང་དུ་ཡོད་དོ། །གློག་གི་འོད་ནི་སྐད་ཅིག་མ་སྟེ་མི་གནས་སོ། །ཞེ་སྡང་ནི་མེའི་ཕུང་པོ་དང་འདྲའོ། །བྱམས་པ་ནི་གློག་གི་འོད་དང་འདྲ་སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་གདུལ་དཀའ་བ་སྟེ། དོན་དེ་ལྟ་བས་ན་བྱམས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །འདི་ཤེས་བྱེད་དུ་འགྲོ་ཚུལ་ནི། ༼ལམ་གཙོ་རྣམ་གསུམ།༽ ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཅེས་གསུངས་པ་ལྟར། རྩོལ་བ་མེད་པའི་སྒོ་ནས་ཉིན་མཚན་ཀུན་ཏུ་བྱམས་པ་དང་སྙིང་རྗེ་ངང་གིས་འབྱུང་བ་ན་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་མིང་ཐོབ་ལ་དེའི་ཚེ་བྱམས་པ་དང་སྙིང་རྗེ་གཉིས་ཆུ་ལ་རི་མོ་བྲིས་པ་ལྟར་མིན་པར་རྡོ་ལ་རི་མོ་བྲིས་པ་ལྟར་འཇིག་དཀའ་བའི་ཕྱིར་རོ། །

གོང་དུ་མདོ་ལུང་དྲངས་པ་ཐམས་ཅད་སྡེ་དགེའི་བཀའ་འགྱུར་དཔེ་གཟུགས་མ་གཞིར་བཞག་བྱས་པ་ཡིན། ཆོས་ལུགས་གཞན་གྱི་གཞུང་ཁུངས་དྲངས་པ་རྣམས་ནི་དཔེ་ཆ་གཞན་དུ་དྲངས་པ་འདིར་དྲངས་པའམ། རྩོམ་ཐར་ཐོར་ཕྱོགས་བསྒྲིགས་བྱས་པའི་དུས་དེབ་སོགས་ཅི་རིགས་ནས་དྲངས་པས་དེ་ཙམ་གྱི་ཕན་པར་མ་མཐོང་ནས་ཤོག་གྲངས་སོགས་འགོད་པའི་ངལ་བ་མ་བྱས་སོ། །

སངས་རྒྱས་ཀྱི་མདོའི་ཁྲོད་དུ་ཚད་མེད་བཞིའི་སྐོར་ཕྱོགས་རེ་ཙམ་ག་ས་གང་དུ་མཇལ་དུ་ཡོད་ཀྱང་ཆ་ཚང་པོ་ཡོད་པ་དེ་ཙམ་མ་མཆིས། འོན་ཀྱང་མདོ་མྱང་འདས་ཆེན་མོར་ནི། ཚད་མེད་བཞི་ཡི་སྐོར་ཤིན་ཏུ་རྒྱས་པ་ཤིག་བསྟན་འདུག་པས། ཚད་མེད་བཞི་ལ་ཞིབ་པར་གཟིགས་འདོད་ན་མདོ་མྱང་འདས་ཆེན་མོ་ལ་གཟིགས་པར་འཚལ་ལོ། །

དེ་ལྟར་ཚད་མེད་བཞིའི་སྐོར་ལ་སྣེ་ཟིན་སྤུ་ཟིན་ཤིག་བཤད་ནས། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁྱབ་ཁོངས་ནས་མེ་སོར་མཐོ་སློབ་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མར་འགྲིམས་བཞིན་པ་རྣམས་ཀྱི་དཔྱད་རྩོམ་ཕྱོག་བསྒྲིགས་བྱས་པའི་ཕྱག་དེབ་ཤིག་འདོན་འཆར་ཡོད་པ་ལ། ཕྲན་གྱི་རྩོམ་ཡིག་ཐ་མལ་པ་འདི་ཉིད་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་ལོ། །

ཕྱི་ལོ་ ༢༠༢༥ ཟླ་ ༠༧ ཚེས་ ༡༣ ཉིན། མཛོད་འཛིན་གྲྭ། ཧར་གདོང་བསྟན་འཛིན་རྡོ་རྗེས།

Leave a Reply

Your email address will not be published. Required fields are marked *