༄༅། །རྣམ་རིག་པའི་ལུགས་ཀྱི་ཀུན་གཞི་རྣམ་ཤེས་ལ་ཅུང་ཟད་དཔྱད་པ།
བྱ་བྲལ་བློ་བཟང་ཚེ་རིང་།
ངོ་མཚར་རྣམ་པར་རིག་པའི་གཞུང་ལུགས་ཀྱི། །
ཡང་དག་གསལ་མཛད་ཐོགས་མེད་སྐུ་མཆེད་དང་། །
དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །
རྩེ་གཅིག་གཉིས་མེད་འཁྲི་བའི་བདག་ཡིད་ཀྱིས། །
སྒོ་གསུམ་དང་བས་མོས་པས་ཕྱག་བགྱི་འོ། །
རྒྱ་ཆེན་ཆུ་གཏེར་ཟབ་པའི་དཀའ་གནད་ལ། །
སྒྲོལ་བྱེད་བློ་ཆུང་ཆུ་ཡི་ཤིང་རྟ་ཡིས། །
བདེ་བླག་ཚིག་གིས་ངེས་དོན་མི་ཁྲོལ་ཀྱང་། །
དགེ་ལ་ཡུན་རིང་ཅུང་ཟད་གོམས་པའི་མཐུས། །
ལེགས་བྱས་རྣམ་དཀར་དགེ་བའི་བག་ཆགས་འཇོག །
སྤྱིར་རྣམ་ཤེས་ཀྱི་གྲངས་འཇོག་ཚུལ་ཁག །
དེ་ལ་འདིར་རྣམ་ཤེས་ཀྱི་ངོ་བོ་དང་གྲངས་ཀ་འཇོག་ཚུལ་ཀྱི་ཐད་ལ། སྔོན་གྱི་གྲུབ་མཐའ་སྨྲ་བའི་མཁས་པ་དག་གིས་སྒྲུབ་བྱེད་ཀྱི་ལུང་རིགས་ཚད་ལྡན་ལ་ཁུངས་གཏུགས་ཏེ། རང་རང་གི་བཞེད་ཚུལ་མི་མཐུན་པ་སྣ་ཚོགས་བཀོད་ཡོད་ཀྱང་། དེ་དག་ལས་ཡོངས་སུ་གྲགས་ཆེ་བའི་འདོད་ཚུལ་དྲུག་ནི།
༡ རྣམ་ཤེས་ཚོགས་གཅིག་ཏུ་འདོད་པ་བྱང་སེམས་གཅིག་པུར་སྨྲ་བ་ <གུང་ཐང་གིས་གྲུབ་མཐའ་ཆེན་མོ་དང་། ཐེག་བསྡུས་ཀྱི་ལུང་དྲངས་ཏེ་འདི་ཉིད་ཉན་ཐོས་སྡེ་བར་གསུངས་>དང་།
༢ གཉིས་འདོད་པ་སློབ་དཔོན་བོ་དེ་ལེའུ་ཅེའི།
༣ དྲུག་ཏུ་འདོད་པ་ནི་ཀུན་བཏུས་དང་སྡེ་བདུན་གྱི་རྗེས་འབྲང་གི་སེམས་ཙམ་པ་ <འདི་ལ་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་ཡང་ཟེར།>
༤ བདུན་དུ་འདོད་མཁན་གྱིས་རྣམ་ཤེས་ཚོགས་དྲུག་གི་ཐོག་ཏུ་ཉོན་ཡིད་བསྣན་ནས་བདུན་དུ་འདོད་པར་བཤད་ཀྱང་དེ་ཉིད་སུ་ཡིན་གསལ་ཁ་མེད་ལ། དེ་ཡིས་ཀུན་གཞི་མི་འདོད་པར་ཉོན་ཡིད་འཇོག་ཚུལ་ཇི་ལྟར་ཡིན་བརྟག་དགོས་པར་སྙམ།
༥ བརྒྱད་དུ་འདོད་པ་ནི་ས་སྡེའི་རྗེས་འབྲང་གི་སེམས་ཙམ་པ་ <དེ་ལ་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་ཡང་ཟེར་>དང་།
༦ དགུར་འདོད་པ་ནི་རྒྱ་གར་བ་སློབ་དཔོན་ཡང་དག་བདེན་པ་བཅས་ཡིན་ལ། རང་སྡེ་དབུ་མ་པ་དང་། རིགས་པའི་རྗེས་འབྲང་ཀྱི་སེམས་ཙམ་པ། མདོ་སྡེ་པ་རྣམས་ཀྱིས་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་ཡིན་ནོ། །
རྣམ་ཤེས་ཚོགས་བརྒྱད་འདོད་པའི་ཁུངས་ལུང་།
དེས་ན་སྐབས་འདིར་ཆེད་དུ་དམིགས་ཀྱིས་བཀར་ནས་གང་བཤད་བྱའི་རྣམ་པར་ཤེས་པའི་ངོ་བོ་ནི། ཚོགས་བརྒྱད་དུ་འདོད་པའི་རྣམ་རིག་པའི་ལུགས་འདི་ཉིད་ཡིན་ཞིང་། འདི་ཡི་སྐོར་ཐོག་མར་གསལ་ས་ནི་སའི་དངོས་གཞི་ཡིན་ལ། དེ་ཉིད་ལས། སེམས་གང་ཞེ་ན། ས་བོན་ཐམས་ཅད་དང་ལྡན་པ་དང་། གནས་ཀྱི་དངོས་པོ་གྱུར་པ་དང་། གནས་ཀྱི་དངོས་པོར་གནས་པ་དང་། ལེན་པར་བྱེད་པ་རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པའོ། །ཡིད་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པ་གང་ཡིན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་དང༌། བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་ལྡན་པ་གང་ཡིན་པའོ། །ཞེས་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་གཉིས་ཀའི་གོ་དོན་གསལ་བོར་བསྟན་ནོ། །
དེ་བཞིན་ལྕང་གྲུབ་ལས་ཀྱང་། བརྒྱད་དུ་འདོད་པ་ནི་ས་སྡེ་སོགས་ལས་འབྱུང་བ་ལྟར་གྱི་ལུང་གི་རྗེས་འབྲང་གི་སེམས་ཙམ་པའོ་ཞེས་གསུངས་སོ། །
ལུགས་འདི་ཡི་ཁུངས་གཏུགས་སའི་མདོ་དང་བསྟན་བཅོས་གཙོ་བོ་དག་ནི། མདོ་ཡི་དབང་དུ་བྱས་ན། 《ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ》《མདོ་སྡེ་དགོངས་འགྲེལ》《འཕགས་པ་ལང་ཀར་གཤེགས་པའི་མདོ》《གསེར་འོད་དམ་པའི་མདོ》ལེའུ་བཅུ་པ་སོགས་ཡིན་ལ།
དེ་ཡང་མངོན་པའི་མདོ་ལས། “ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །”ཅེས་དང་།
དགོངས་འགྲེལ་ལས། “ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །”ཞེས་དང༌།
ལང་གཤེགས་ལས། “སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ། ངར་སེམས་པ་ནི་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང་། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །”ཅེས་དང་།
གསེར་འོད་དམ་པའི་མདོ་ལེའུ་བཅུ་པ་ལས། “ཀུན་གཞི་ལ་གནས་པའི་ཡིད་སྦྱངས་བས་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ་”ཞེས་སོགས་གསུངས་སོ། །མདོ་དེ་དག་ཏུ་གོང་གི་ལུང་དེ་རྣམས་དང་འདྲ་བ་འགའ་ཞིག་ཡོད་ཀྱང་མང་དུ་དོགས་ནས་མ་བྲིས་སོ། །
བསྟན་བཅོས་ཀྱི་དབང་དུ་བྱས་ན། འཕགས་པ་ཐོགས་མེད་ཀྱི་《བསྡུ་བ》དང་《ཐེག་བསྡུས》《མངོན་པ་ཀུན་བཏུས》སློབ་དཔོན་དབྱིག་གཉེན་གྱི་《སུམ་ཅུ་པ》《དོན་གསང》དགེ་བསྙེན་བཙུན་པའི་《བཤད་སྦྱར》སློབ་དཔོན་རྒྱལ་བའི་སྲས་ཀྱི་《ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་》སོགས་ཡིན་ལ།
གཞན་ཡང་། 《དགེ་འདུན་ཕལ་ཆེན་གྱི་སྡེ་བའི་ལུང་》དང་《ས་སྟོན་གྱི་སྡེ་བའི་ལུང་》《གནས་བརྟན་པའི་ལུང་》སོགས་ཐེག་དམན་གྱི་སྡེ་སྣོད་ལས་ཀྱང་ཀུན་གཞི་རྣམ་ཤེས་ལ་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པ་རྗེ་བདག་ཉིད་ཆེན་པོའི་ཀུན་གཞི་རྒྱ་ཆེར་འགྲེལ་དུ་ལུང་ཚིག་དང་བཅས་པ་ཤིན་ཏུ་གསལ་བས་འདིར་བསྐྱར་བཤུས་ཀྱི་ངལ་བ་མི་བརྟེན་ནོ། །
ཀུན་གཞིའི་དམིགས་རྣམ་གྱི་སྐོར།
དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས། “དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། ”ཞེས་གསུངས་པ་ལྟར། ཀུན་གཞི་རྣམ་ཤེས་སམ་རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དེ་ཉིད། དམིགས་པ་དང་། རྣམ་པ་དང་། ངོ་བོ་དང་། འཁོར་རམ་གྲོགས་ཏེ་ཁྱད་ཆོས་བཞིའི་སྒོ་ནས་རྒྱས་པར་བསྟན་ལ། དམིགས་པ་ལ་ཡང་། སྣང་བའི་དམིགས་པ་དང་མི་སྣང་བའི་དམིགས་པ་གཉིས་སུ་འཇོག་ཚུལ་ཡོད་པ་ལས། ཀུན་གཞི་ཡིན་ན་སྣང་བའི་དམིགས་པ་ཡོད་པས་ཁྱབ་པར་འདོད་པ་དག་གིས། སློབ་དཔོན་བློ་བརྟན་གྱི་སུམ་ཅུ་པའི་བཤད་པ་ལས། དམིགས་པ་མེད་པ་དང་། རྣམ་པ་མེད་པའི་རྣམ་པར་ཤེས་པ་མི་རུང་ངོ་། །དེ་དམིགས་པ་མེད་པ་དང་། རྣམ་པ་མེད་པར་ནི་མི་འདོད་མོད་ཀྱི་ཞེས་པ་དང༌།
སློབ་དཔོན་དུལ་བ་ལྷའི་འགྲེལ་བཤད་ལས། ཀུན་གཞིའི་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་མེད་པ་ནི་ཁོ་བོ་ཡང་མི་འདོད་མོད་ཀྱི། ཞེས་སོགས་ཁུངས་སུ་དྲངས་སོ། །
བྱེ་བྲག་ཏུ་བཀར་ནས་ཅུང་ཟད་སྤྲོས་ན། གཟུགས་མེད་ཀྱི་ཀུན་གཞི་ལྟ་བུ་ལ་དམིགས་པ་ཡོད་མེད་ཀྱི་སྐོར་ལ། འགའ་ཞིག་གིས་བློ་བརྟན་དང་། དུལ་ལྷའི་འགྲེལ་བཤད་ཁག་གི་ལུང་ཚིག་ཤེས་བྱེད་དུ་དྲངས་ནས་དམིགས་པ་ཡོད་པར་མ་ཟད་སྣང་བའི་དམིགས་པའང་ཡོད་པར་ཁས་ལེན་ཀྱང་།
ཀུན་གཞི་རྒྱ་ཆེར་འགྲེལ་དུ། དེ་ལྟ་ན་གཟུགས་མེད་དུ་དོན་དང་དབང་པོ་མེད་པའི་ཕྱིར་དམིགས་པ་གསུམ་ལས་བག་ཆགས་དམིགས་པ་ཡིན་ལ། དེ་ཡང་བག་ཆགས་དམིགས་པར་འགྱུར་བའི་དོན་དངོས་སུ་མེད་ཀྱང་དེའི་མཐུས་གནས་དོན་ལུས་སུ་སྣང་རུང་ཡིན་པས་དམིགས་པར་འགྱུར་ཏེ། ཞེས་གཟུགས་མེད་ཀྱི་ཀུན་གཞི་ལ་སྣང་བའི་དམིགས་པ་མེད་ཀྱང་དམིགས་པ་ཡོད་པའི་ཁྱད་པར་གསུངས་པའི་ཕྱིར།
སྤྱིར་བག་ཆགས་ཀུན་གཞིའི་དམིགས་པར་འཇོག་པའི་ཐད་ལ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་སེམས་ཤེས་པའི་ཚུལ་དང་། རས་ཐུམ་སོགས་ཀྱི་གཡོགས་པའི་དངོས་པོ་མཐོང་བ་ལ་བརྟེན་ནས་དངོས་པོ་ངོས་ཟིན་པ་དང་། བར་ཆད་མེད་ལམ་ལ་སྟོང་གཞི་མི་སྣང་ཡང་དེའི་དབང་གིས་ཆོས་ཉིད་སྣང་བ་ལྟ་བུ་སོགས་དཔེ་མང་དུ་མཆིས་ཀྱང་རང་རང་གི་བློ་ལ་འཆར་བདེ་བ་ཞིག་དང་དཔེ་དོན་སྦྱར་ཐུབ་ན་འཐུས་པར་སྙམ་མོ། །
འགའ་ཞིས་གིས་དེའི་སྣང་བའི་དམིགས་པ་ལ། མིང་གཞིའི་ཕུང་བོ་འཇོག་པའང་མི་འཐད་དེ། བསྡུ་བར་ཀུན་གཞིའི་དམིགས་པ་ལ་ཕྱི་ནང་གི་ལེན་པ་གཉིས་ལས་མི་འདའ་བར་གསུངས་པའི་ཕྱིར། སྤྱིར་བཏང་གི་དམིགས་པ་དང་བྲལ་བའི་ཤེས་པ་ཡོད་པ་ནི། ཐེག་བསྡུས་ཀྱི་འདས་སོགས་དེ་བཞིན་རྨི་ལམ་དང་ཞེས་སོགས་ཀྱིས་སྒྲུབ་ཐུབ་པར་སྙམ་མོ། །
ཡང་འགའ་ཞིག་གིས་དེ་ལྟར་ན་རྩ་བ་དང་འགལ་ཏེ། རྫས་གཅིག་ཐ་དད་གང་ཡང་མིན། ། ས་བོན་དམིགས་རྣམ་ཡོད་པ་དང་། །ཞེས་པའི་སྐབས་སུ། ས་བོན་དེ་ཀུན་གཞི་རྣམ་ཤེས་དང་རྫས་གཅིག་ཡིན་ན་ས་བོན་གྱི་ཆ་དེ་ལ་དམིགས་རྣམ་ཡོད་པར་འགྱུར་ཏེ། དེ་ཀུན་གཞི་རྣམ་ཤེས་ཡིན་དགོས་པའི་ཕྱིར་ཞེས་གསུངས་པས། ཀུན་གཞི་རྣམ་ཤེས་ལ་དམིགས་རྣམ་ཡོད་པའི་ཁྱབ་པར་འདོད་པ་ནི་མི་འཐད་དེ། ལུང་དེའི་དོན་ནི། ཀུན་གཞིའི་བག་ཆགས་དེ་ཀུན་གཞི་རྣམ་ཤེས་དང་སྐབས་འདིར་བསྟན་གྱི་རྫས་གཅིག་ཡིན་ན། ཀུན་གཞི་རྣམ་ཤེས་དང་གཅིག་ཏུ་འགྱུར་ཞིང་། ཀུན་གཞི་རྣམ་ཤེས་དང་གཅིག་ཡིན་ན་དམིགས་རྣམ་ཡོད་དགོས་པའི་ཕྱིར་ཞེས་པའི་དོན་ཡིན་ནོ། །
ཞེས་བོད་རྒྱལ་ལོ་ ༢༡༥༢ ཤིང་སྦྲུལ་ལོའི་ཆུ་སྟོད་ཟླ་པའི་ཚེས་ ༢༥ དང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ པའི་ཚེས་ ༢༠ ཉིན་སེར་བྱེས་སློབ་གཉེར་བ་བྱ་བྲལ་བློ་བཟང་ཚེ་རིང་གིས་ལྷོ་ཕྱོགས་ཀྱི་རི་བོ་མ་ལཱ་ཡའི་ཉེ་འདབས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་སྦྱར་བའོ། །
