བཟོད་པའི་ཕན་ཡོན་སོགས་མདོ་ཙམ་བཤད་པ།
སེམས་ཁམས། དགེ་བཤེས་ཐེག་ཆེན་ཆོས་འཛིན།
འདྲེན་མཆོག་སྟོན་པ་བྱམས་དང་འཇམ་པའི་དབྱངས། །
འཕགས་ཡུལ་པཎ་གྲུབ་བཅུ་བདུན་ལ་སོགས་པ། །
འཇིག་རྟེན་མིག་འབྱེད་ཞི་བདེའི་དེད་དཔོན་དང་། །
ཞི་བ་ལྷ་དང་བཅས་ལ་སྙིང་ནས་འདུད། །
སྲོག་ལྡན་ཀུན་གྱིས་ཞི་བདེ་འདོད་ནའང་། །
མི་ཤེས་རྨོངས་པས་ཞེ་སྡང་ལ་སོགས་འདྲེན། །
དེ་ཡིས་མི་འདོད་སྡུག་བསྔལ་སྣ་ཚོགས་སྐྱེད། །
གཉེན་པོའི་བཟོད་པ་མདོ་ཙམ་བཤད་པར་བྱ། །
དེ་ལ་འདིར་བཟོད་པའི་ཕན་ཡོན་སོགས་མདོ་ཙམ་བཤད་པ་ལ། བཟོད་པའི་ངོ་བོ། བཟོད་པའི་རྣམ་གྲངས། བཟོད་པ་སྒོམ་དགོས་པའི་རྒྱུ་མཚན། བཟོད་པ་སྒོམ་པའི་ཚུལ། བཟོད་པ་སྒོམ་པའི་ཕན་ཡོན། བཟོད་པ་མ་སྒོམ་པའི་ཉེས་དམིགས། དོན་བསྡུ་བ་དང་བདུན་ལས།
དང་པོ་བཟོད་པའི་ངོ་བོ་ནི། སྐབས་དང་པོའི་སྤྱི་དོན་ལས། བཟོད་པའི་ངོ་བོ་ནི། མི་འཁྲུག་པའི་སེམས་པ་ཞེས་གསུངས། གོ་སླ་བར་བརྗོད་ན། རང་གཞན་གྱིས་ལུས་ངག་སོགས་ནས་བྱ་སྤྱོད་ངན་པ་བསྟན་པའི་ཚེ་རང་གི་བློ་ངོར་མི་ཤོང་བ་ལྟ་བུར་གྱུར་ཀྱང་རང་སེམས་མི་འཁྲུག་པར་བྱེད་པའི་སེམས་བྱུང་ཞིག་ལ་བཟོད་པ་ཞེས་བརྗོད།
གཉིས་པ་བཟོད་པའི་རྣམ་གྲངས་ནི། བཟོད་པ་ལ་དབྱེ་ན། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་ཤེས་ཀྱི་བཟོད་པ། ༼ཆོས་ལ་ངེས་ཤེས་ཀྱི་བཟོད་པ་ཞེས་ཚིག་མཛོད་ཁ་ཤས་ལས་འབྱུང་ཡང་། བྱང་ས་དང་ལམ་རིམ་ཆེན་མོ་སོགས་ལས་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཞེས་པ་ལས་ངེས་ཤེས་ཞེས་པ་མི་འབྱུང་བས་དཔྱད་པར་མཛོད། ༽གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་མོ། །
དང་པོ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། དཔེར་ན། རང་གི་སེམས་ཀྱི་སྡུག་བསྔལ། ལུས་ཀྱི་ན་ཚ། ཚ་གྲང་དང་བཀྲེས་སྐོམ་སོགས་ཀྱིས་ཀུན་ནས་མནར་བའི་ཚེ། མི་འདོད་པའི་བསམ་པ་མེད་པར་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན་པར་ཤེས་པར་བྱས་ནས་བཟོད་ཐུབ་པའོ། །
གཉིས་པ་ཆོས་ལ་ངེས་ཤེས་ཀྱི་བཟོད་པ་ནི། དཔེར་ན། སྟོང་པ་ཉིད་ལ་སོགས་པའི་ཆོས་ཀྱི་གནས་ལུགས་ཟབ་མོ་བསྟན་ན། དེ་ལ་སེམས་མི་དངངས་ཤིང་དད་པ་དང་དགའ་བ་སྐྱེ་བའི་བཟོད་པའོ། །
གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། དཔེར་ན། རང་ངམ་རང་ལ་ཕན་བཏགས་པའི་སེམས་ཅན་སོགས་ལ་གཞན་གྱིས་ཚིག་རྩུབ་དང་། བརྡེགས་པ་དང་བཅིངས་པ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱས་ཀྱང་དེ་ལ་མི་ཁྲོ་ཞིང་ངན་སེམས་མི་སྐྱེ་བར་བཟོད་ཐུབ་པའོ། །
བཟོད་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ལུས་ཀྱི་བཟོད་པ། ངག་གི་བཟོད་པ། ཡིད་ཀྱི་བཟོད་པ། བཟོད་པ་ཆུང་འབྲིང་ཆེ་གསུམ་དང་། རྩོལ་མེད་ཀྱི་བཟོད་པ། རྩོལ་བཅས་ཀྱི་བཟོད་པ། དམིགས་ཡུལ་གྱི་བཟོད་པ། ཡུལ་གྱི་བཟོད་པ། འབྲས་བུའི་བཟོད་པའོ། །
དང་པོ་ལུས་ཀྱི་བཟོད་པ་ནི། ལུས་ཀྱིས་གཞན་ལ་བརྡེགས་པ་དང་བཅིངས་བ་སོགས་གནོད་པ་མི་བྱེད་པར་སྤྱོད་ལམ་ཞི་ཞིང་དུལ་བའི་སྒོ་ནས་རང་གི་ལུས་ཀྱི་ལས་ངན་པ་རྣམས་སྲུང་བར་བྱེད་པའོ། །གཉིས་པ་ངག་གི་བཟོད་པ་ནི། གཞན་ལ་ཚིག་རྩུབ་མི་སྨྲ་བར་ངག་འཇམ་ཞིང་བདེན་པ་སྨྲ་སྟེ་ངག་གི་ལས་ངན་པ་རྣམས་སྲུང་བར་བྱེད་པའོ། །གསུམ་པ་ཡིད་ཀྱི་བཟོད་པ་ནི། གཞན་གྱི་བྱ་སྤྱོད་ངན་པ་སོགས་ལ་ཁོང་ཁྲོ་བར་མི་བྱེད་པར་ཡིད་ཀྱི་ལས་ངན་པ་རྣམས་སྲུང་བར་བྱེད་པའོ། །
བཟོད་པ་ཆུང་འབྲིང་ཆེ་གསུམ་ལས་དང་པོ་ཆུང་ངུའི་བཟོད་པ་ནི། དཔེར་ན། ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་ཕྲན་ཚེགས་རྣམས་ལ་བཟོད་ཐུབ་པའོ། །གཉིས་པ་འབྲིང་པོའི་བཟོད་པ་ནི། དཔེར་ན། ལོ་ནས་ལོ་བསྟུད་དེ་ངང་རྒྱུན་རིང་པོས་གཞན་གྱིས་བརྙས་བཅོས་སོགས་ལ་བཟོད་ཐུབ་པའོ། །གསུམ་པ་ཆེན་པོའི་བཟོད་པ་ནི། དཔེར་ན། རང་གི་ལུས་དང་ལོངས་སྤྱོད་ཚེ་སྲོག་སོགས་ལ་གནོད་པ་དང་། ལྷག་པར་བདག་ཉིད་ཀྱི་ཆེད་དུ་མ་ཡིན་པར་གཞན་གྱི་ཆེད་དུ་དཀའ་སྡུག་ལ་བཟོད་ཐུབ་པའོ། །
རྩོལ་བཅས་ཀྱི་བཟོད་པ་ནི། དཔེར་ན་དགེ་བའི་བཤེས་གཉེན་སོགས་ཀྱི་ལམ་སྟོན་དང་། རང་གིས་འབད་རྩོལ་ལ་སོགས་ལ་བརྟེན་ནས་དཀའ་ངལ་བཟོད་ཐུབ་པའོ། །རྩོལ་མེད་ཀྱི་བཟོད་པ་ནི། དཔེར་ན་ཚེ་འདིར་རང་གིས་འབད་རྩོལ་ལ་མ་བརྟེན་པར་ལྷན་སྐྱེས་སུ་ཡོད་པའི་བཟོད་པའོ། །
དམིགས་ཡུལ་གྱི་ཆ་ནས་ཚེ་འདིའི་ཆེད་དུ་དམིགས་པའི་བཟོད་པ་དང་སྐྱེ་བ་ཕྱི་མའི་ཆེད་དུ་དམིགས་པའི་བཟོད་པ་གཉིས་ལས།
དང་པོ་ཚེ་འདིའི་ཆེད་དུ་དམིགས་པའི་བཟོད་པ་ནི། དཔེར་ན། ཚེ་འདིའི་གཏམ་སྙན་གྲགས་དང་ཐོབ་གོ་ས་སོགས་ཀྱི་ཆེད་དུ་དཀའ་ངལ་ཕྲན་ཚེགས་ལ་བཟོད་ཐུབ་པའོ། །གཉིས་པ་སྐྱེ་བ་ཕྱི་མའི་ཆེད་དུ་དམིགས་པའི་བཟོད་པ་ནི། དཔེར་ན། སྐྱེ་བ་ཕྱི་མར་མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཆེད་དུ་གནོད་བྱེད་ཐམས་ཅད་ལ་བཟོད་ཐུབ་པའོ། །
བཟོད་པའི་ཡུལ་ལ་གཉེན་བར་མ་དགྲ་གསུམ་ལས། དང་པོ་གཉེན་ལ་བཟོད་པ་ནི། དཔེར་ན་རང་དང་སེམས་ཐག་ཉེ་བའི་ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ་སོགསཀྱིས་རང་ལ་གནོད་པའི་བྱ་སྤྱོད་སོགས་ལ་བཟོད་ཐུབ་པའོ། །གཉིས་པ་བཟོད་པའི་ཡུལ་བར་མ་དང་དགྲ་ལ་བཟོད་པ་ནི། དཔེར་ན་ངོ་མི་ཤེས་པའི་བར་མ་དང་དགྲ་བོ་སོགས་ཀྱིས་བྱ་སྤྱོད་ངན་པ་བྱས་པ་ལ་བཟོད་ཐུབ་པ་ལྟ་བུ། དེ་ཡང་དགྲ་ལ་བཟོད་པ་སྒོམ་པ་ལ་བར་མ་དང་གཉེན་ལ་བཟོད་པ་སྒོམ་པ་སྔོན་དུ་འགྲོ་དགོས།
གོང་དུ་བཟོད་པའི་ངོ་བོ་དང་དབྱེ་བ་རྣམ་གྲངས་སོགས་མང་དུ་བཀོད་པའི་དགོས་པ་ནི། བཟོད་པ་སྒོམ་ཞེས་པའི་ཚིག་ལྡོག་གཅིག་ཙམ་མ་ཡིན་པར་བཟོད་པའི་དབྱེ་བ་འདི་དག་ཤེས་ན། དེ་ལ་བརྟེན་ནས་རང་ཉིད་ཀྱིས་བཟོད་པའི་ངོ་བོ་དང་། དབྱེ་བ། སྒོམ་སྟངས་སོགས་ཇི་བཞིན་ཤེས་པས་བཟོད་པ་བསྒོམ་པའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡོང་ངེས་སོ། །
གསུམ་པ་བཟོད་པ་སྒོམ་དགོས་པའི་རྒྱུ་མཚན་ལ་གཉིས་ཏེ། འཇིག་རྟེན་གྱི་དབང་དུ་བྱས་ན་བཟོད་པ་སྒོམ་དགོས་པ་དང་། ཆོས་ཀྱི་དབང་དུ་བྱས་ན་བཟོད་པ་སྒོམ་དགོས་པའོ། །
དང་པོ་ནི། འཇིག་རྟེན་གྱི་ཁམས་འདིར་བདེ་སྐྱིད་ཀྱི་རྩ་བ་ནིི་མཐུན་ལམ་དང་། དེའི་རྩ་བ་ཕན་ཚུན་བཟོད་སྒོམ་བྱེད་པ་དེ་ཡིན། ལས་ཉོན་གྱིས་འཇིག་རྟེན་ཁམས་འདིར་སྐྱེས་ཕྱིན་མི་འདོད་བཞིན་དུ་དཀའ་ངལ་མང་པོ་ཞིག་འཕྲད་པར་ཐེ་མི་ཚོམ། དཀའ་ངལ་དེ་དག་འཕྲད་སྐབས་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད། དེས་ན་དཀའ་ངལ་དེ་དག་ལ་བཟོད་མ་ཐུབ་ན་རང་རྒྱལ་གཞན་ཕམ་གྱི་ལས་ལ་འཇུག་པས་བདེ་སྐྱིད་ནི་ཉིན་མོའི་སྐར་མ་ལྟ་བུའོ། །
དེ་ཡང་དཔེ་རུ་བརྗོད་ན། ཆུང་ས་ནས་བཤད་ན་ཡུལ་མི་ཕན་ཚུན་དང་། བཟའ་ཚང་ཕན་ཚུན་དབར་མི་མཐུན་པ་ཡོང་གི་ཡོད། ཆེ་ས་ནས་བཤད་ན། དེང་གི་དུས་སུ་འཛམ་གླིང་འདིར་དམག་འཁྲུག་བརྒྱབ་དང་རྒྱག་བཞིན་པའི་ར་ཤི་ཡ་དང་ཡུ་རེན། ཨིས་ཛིི་རལ་དང་ཨི་རན་སོགས་དམག་འཁྲུག་གི་རྐྱེན་པས་ས་གནས་ཡུལ་མི་དང་དམག་མི་སུ་ལའང་བདེ་སྐྱིད་མེད། དེའི་རྐྱེན་པས་དམག་ཆེན་གསུམ་པ་ལངས་བར་ཐག་རིང་པོ་མེད། འཁྲུག་རྩོད་དེ་དག་ནི་རང་གཞན་གཉིས་ཕུང་གི་ལས་ཤིག་ཡིན། དེ་ཡང་རྒྱུ་མེད་རྐྱེན་མེད་ཀྱིས་བྱུང་བ་མ་ཡིན་པར་ཕན་ཚུན་བསམ་གཞིག་དང་བཟོད་སྒོམ་མ་ཐུབ་པའི་འབྲས་བུའོ། །
གཉིས་པ་ནི། བཟོད་པ་བསྒོམས་པས་འཕྲལ་གྱི་སྡིག་སྤོང་དགེ་སྒྲུབ་བྱེད་པར་ཕན་པ་མ་ཟད། ཚེ་ཕྱི་མར་ལུས་མཛེས་ཤིང་སེམས་མི་འཁྲུག་པ་དྭངས་བར་འགྱུར་བར་སོགས་ནི་བཟོད་པ་བསྒོམས་པའི་འབྲས་བུའོ། །
དེ་ལྟར་བརྗོད་ཚེ་སྐྱེ་བ་ཕྱི་མ་ཡོད་མེད་ལ་ཐེ་ཚོམ་ཟ་སྲིད། དེ་ནི་སྲོག་ལྡན་ཀྱི་འགྲོ་བ་རྣམས་གང་ནས་ཡོང་བ་དང་གང་དུ་གནས་པ། གང་དུ་འགྲོ་བ་སོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་མ་བྱས་པའི་འབྲས་རྟགས་ལས་མ་འདས་སོ། །
རང་གཞན་ཚང་མ་སྔ་ཕྱི་མ་གཏོགས་ལུས་སེམས་གཉིས་འབྲེལ་བ་ཆད་འགྲོ་བར་གདོན་མི་ཟ། དེས་ན་ལུས་སེམས་གཉིས་ཁ་བྲལ་ཏེ་འཆི་བའི་ཚེ་གཏན་མེད་དུ་མི་འགྱུར་བ་སླར་ཡང་སྐྱེ་བ་ཞིག་ལེན་དགོས། དེ་ལྟར་དགོས་པའི་རྒྱུ་མཚན་ནི། སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་མང་པོ་ཡོད་ཀྱང་དཔེར་མཚོན་ཙམ་བརྗོད་ན། སྐྱེ་བ་སྔ་མ་དྲན་པའི་མི་མཐོང་ཆོས་སུ་ཡོད་པ་དང་། དེ་ཡང་རྨི་ལམ་ལྟ་བུ་བཤད་པ་མ་ཡིན་པར་མངོན་སུམ་དུ་ར་འཕྲོད་བྱུང་ཡོད།
སྐྱེ་བ་ཕྱི་མ་ཡོད་པ་ནི། སྐྱེ་བ་སྔ་མ་ཡོད་པས་གྲུབ་ལ། དེ་ཡང་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་ནི། རྒྱུ་མེད་རྐྱེན་མེད་ལས་ཡོང་ཐབས་མེད་དོ། ། དེས་ན་གོམས་པ་སྔོན་སོང་ལས་འོས་མེད་པས་སྐྱེ་བ་སྔ་མ་ཡོད་པར་གྲུབ། རང་ཉིད་སྐྱེ་བ་སྔ་མ་དེའི་ཕྱི་མ་ཡིན་ན། རང་ཉིད་ལའང་ཕྱི་མ་ཡོད་པ་གདོན་མི་ཟའོ། །
སྐྱེ་བ་ཞིག་ངེས་པར་བླང་དགོས་པས་དེ་ཡང་རང་གིས་སྐྱེ་གནས་བཟང་ངན་ལ་གདམ་ག་བྱ་རྒྱུ་མེད། རྒྱུ་བཟང་ངན་ལས་འབྲས་བུ་སྐྱེ་བ་བཟང་ངན་སྣ་ཚོགས་པ་ཞིག་འབྱུང་ངེས། རྒྱུ་བཟང་པོ་ཚུལ་ཁྲིམས་རྣམ་པར་དག་པས་གཞིར་བཟུང་། སྦྱིན་སོགས་བཟོད་པའི་གྲོགས་དང་བཅས་ན་མངོན་མཐོའི་ལུས་རྟེན་བཟང་པོ་ཞིག་ཐོབ་པ་དང་། མངོན་མཐོའི་ལུས་རྟེན་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ནུས་པ་ཡིན་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས།
བཞི་པ་བཟོད་པ་ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ། ཁོང་ཁྲོ་མི་སྐྱེ་བར་བྱེད་པ། སྐྱེ་བ་སོགས་ཀྱི་ཚེ་སྡོམ་པར་བྱེད་པ། སྐྱེ་བ་རྒྱུན་རིང་དུ་མི་གནས་པར་བྱེད་པ་དང་གསུམ་ལས།
དང་པོ་ལ་བཅུ་ལས། དང་པོ་ནི། བཟོད་པ་སྒོམ་མཁན་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་བཟོད་པ་སྒོམ་པའི་ཕན་ཡོན་དང་བཟོད་པ་མ་སྒོམ་པའི་ཉེས་དམིགས་སོགས་ཀྱི་སྐོར་ཡང་ཡང་ཐོས་པར་བྱས་ན་བཟོད་པ་སྒོམ་པ་ལ་འཇུག་འདོད་ཀྱི་སྤྲོ་བ་སྐྱེ་བའོ། །
གཉིས་པ་ནི། ལུས་ངལ་གསོ་ཞིང་སེམས་ཞི་བར་གནས་པའི་ཐབས་དབུགས་འབྱིན་རྔུབ་གྲངས་ཀྱི་སྒོ་ནས་བསྒོམས་ཏེ། སེམས་ལྷོད་ལ་བབ་པ་ན། ཁྲོ་བའི་ཡུལ་དང་དངོས་སུ་མ་འཕྲད་ནའང་བཟོད་པ་སྒོམ་པའི་བློ་སྦྱོང་ན་དཀའ་ངལ་དངོས་སུ་འཕྲད་སྐབས་སེམས་མི་འཁྲུག་པར་ཕན་ཐོགས་ཆེན་པོ་ཡོད་པར་ཐེ་ཚོམ་མེད།
གསུམ་པ་ནི། ཉིན་རེ་བཞིན་ཞོགས་པར་བཟོད་པ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང་། བཟོད་པ་དང་ལྡན་པ་བྱའོ་སྙམ་པའི་དམ་བཅའ་འཇོག་ན། ཉིན་རེའི་འཚོ་བའི་ཁྲོད་ཁོང་ཁྲོ་སྐྱེ་བའི་གོ་སྐབས་མེད་པ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱ་ཐུབ།
བཞི་པ་ནི། ཁོང་ཁྲོ་བའི་ཡུལ་དང་མ་འཕྲད་པའི་ཐབས་ལམ་འཚོལ་དགོས། གལ་སྲིད་མི་འདོད་བཞིན་དུ་ཁོང་ཁྲོ་བའི་ཡུལ་དང་འཕྲད་དེ་ཞེ་སྡང་སྐྱེས་ནའང་ལུས་ངག་གིས་རྣམ་འགྱུར་ངན་པ་ཕྱི་ལ་མ་ཐོན་པ་ངེས་པར་དུ་བྱ་དགོས། དེ་ལྟར་བྱས་ན་ཁོང་ཁྲོའི་དབང་གིས་ཕན་ཚུན་འཁྲུག་རྩོད་མི་ཡོང་བར་འཆམ་མཐུན་ངང་གནས་ཐུབ།
ལྔ་པ་འདོད་ཆུང་ཆོག་ཤེས་ལ་བརྟེན་ནས་ཁོང་ཁྲོ་འགོག་ཐབས་ནི། ཁོང་ཁྲོའི་རྒྱུ་ནི་རང་གི་ལུས་སེམས་གཉིས་ཡིན་ཏེ། དཔེར་ན། རང་གི་ལུས་ཀྱི་ཆེད་དུ་ཟས་གོས་གནས་མལ་ཡོ་བྱད་སོགས་ཀྱིས་འདོད་པ་མ་ཁེངས་པས་ཡིད་མི་བདེ་བ་སྐྱེ་བར་བྱེད་ལ། ཡིད་མི་བདེ་བས་ཁོང་ཁྲོ་དངོས་སུ་འདྲེན་པ་བྱེད་དོ། །དེས་ན་ཁོང་ཁྲོ་བའི་རྒྱུ་ཡིད་མི་བདེ་བ་འགོག་པའི་ཐབས་ནི། འདོད་ཆུང་ཆོག་ཤེས་བསྟེན་པར་བྱའོ། །
དྲུག་པ་ཤེས་རབ་ལ་བརྟེན་ནས་ཁོང་ཁྲོ་འགོག་ཐབས་ནི། འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་མ་ཤེས་པའི་དབང་གིས་བྱ་བ་མང་པོ་ཞིག་བསྒྲུབས་ཀྱང་འདོད་པ་བཞིན་མ་བྱུང་བས་ཡིད་མི་བདེ་བ་སྐྱེས་ལ། ཡིད་མི་བདེ་བས་ཁོང་ཁྲོ་དངོས་སུ་འདྲེན་པ་བྱེད་དོ། །གནས་ལུགས་ཇི་ཙམ་ཤེས་པ་དེའི་ཚོད་ཀྱིས་ཡིད་མི་བདེ་བ་ཉུང་དུ་གཏོང་ཐུབ། དེས་ན་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་ཤེས་པའི་ཤེས་རབ་གལ་ཆེ་བས་ལེགས་ཉེས་རྣམ་པ་འབྱེད་པའི་ཤེས་རབ་བཙལ་བར་བྱའོ། །
བདུན་པ་སྙིང་རྗེ་ལ་བརྟེན་ནས་ཁོང་ཁྲོ་འགོག་ཐབས་ནི། རང་གིས་རང་ལ་སྙིང་རྗེ་སྐྱེས་ན་རང་ལ་ཁོང་མི་ཁྲོ་བ་བཞིན་དུ། རང་གིས་གཞན་ལ་སྙིང་རྗེ་སྐྱེས་ན་གཞན་ལ་ཁོང་མི་ཁྲོ་བའོ། ། གང་ལ་སྙིང་རྗེ་ཡོད་ན་དེ་ལ་ཁོང་ཁྲོ་མི་སྐྱེ་བས་སྙིང་རྗེ་ལ་བརྩོན་པར་བྱའོ། །
བརྒྱད་པ་ཚུལ་ཁྲིམས་ལ་བརྟེན་ནས་ཁོང་ཁྲོ་འགོག་ཐབས་ནི། རང་གི་ལུས་ངག་གི་ཉེས་སྤྱོད་མ་བསྡམས་པའི་དབང་གིས་རང་གཞན་གཉིས་ཀར་ཡིད་མི་བདེ་བར་བྱེད་ལ། ཡིད་མི་བདེ་བས་ཁོང་ཁྲོ་དངོས་སུ་འདྲེན་པ་བྱེད་དོ། །དེས་ན་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་ཇི་ཙམ་གཅེས་སྤྲས་བྱ་ཐུབ་ན་ཞེ་སྡང་ཉུང་བ་ཡོད་པས། སྒོ་ཀུན་ནས་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་བྱའོ། །
དགུ་པ་རང་ལ་གནོད་པ་བྱེད་པའི་གང་ཟག་ལ་བྱམས་པའི་སེམས་ཀྱི་བཟོད་པ་སྒོམ་པའི་ཚུལ་ནི། རང་ལ་གནོད་པ་བྱེད་པའི་གང་ཟག་ཁོང་ཁྲོ་བའི་ཡུལ་དེ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་དང་སྒོ་ཀུན་ནས་མཚུངས་པ་ཡིན་པས་དེ་ལ་ཁྲོ་མི་རིགས་སྙམ་སྟེ་བཟོད་པ་བསྒོམ་པའོ། །
བཅུ་པ་ནི། རང་ཉིད་གཞན་ལས་རྒྱལ་བ་འདོད་ན། གཞན་ལ་ལུས་ཀྱི་འཛུམ་མདངས་དང་ངག་གི་སྨྲ་བརྗོད་འཇམ་ཞིང་། ཡིད་ཀྱི་བཟོད་བསྲན་ཇི་ཙམ་ཆེ་བ་དེའི་ཚོད་ཀྱིས་རྒྱལ་ཁ་མང་བ་ཡོད། གཞན་ལ་ཁོང་ཁྲོ་བསྟན་ཏེ་རྒྱལ་ཁ་ཐོབ་པ་འདོད་པ་ནི་ཆེས་བླུན་རྟགས་ཏེ། དཔེར་ན། མེ་ཕུང་གསོད་བྱེད་ལ་མེ་གཏོང་བ་ནི་ཤེས་རབ་ཀྱི་མིག་མེད་པའི་ལོང་བ་ལྟ་བུ་ཡིན་ལ། དེ་ཡང་ཞེ་སྡང་འཇོམས་བྱེད་ལ་བཟོད་པ་བསྟེན་དགོས་པ་ལས་ཞེ་སྡང་གིས་ཞེ་སྡང་འཇོམས་མི་ཐུབ་པས་དུས་དང་རྣམ་པ་ཐམས་ཅད་དུ་བཟོད་པ་བསྒོམ་པར་བྱའོ། །
གཉིས་པ་ཁོང་ཁྲོ་སྐྱེ་བ་སོགས་ཀྱི་ཚེ་སྡོམ་པར་བྱེད་པ་ལ་གཉིས། ཁོང་ཁྲོ་བའི་ཡུལ་ངོས་བཟུང་ནས་དེ་ཁྲོ་བ་མི་རིགས་པ་དང་། བཟོད་པ་སྒོམ་པའི་དུས་སོ། །
དང་པོ་ལ་གསུམ་ལས། དང་པོ། ཁོང་ཁྲོ་བའི་ཡུལ་ནི་རང་ལ་གནོད་པ་བྱེད་མཁན་དང་དེའི་བྱ་སྤྱོད་ངན་པ་རྣམས་སོ། །གཞན་ལ་འཚེ་བ་བྱེད་པ་ནི། བླང་དོར་མི་ཤེས་ཤིང་། ཤེས་ཀྱང་ཉོན་མོངས་ཤས་ཆེ་བའི་བྱིས་པ་རྣམས་ཀྱི་རང་བཞིན་ཡིན་ན་དེ་ལ་ཁྲོ་བར་མི་རིགས་ཏེ། སྤྱོད་འཇུག་ལས། གལ་ཏེ་གཞན་ལ་འཚེ་བྱེད་པ། བྱིས་པ་རྣམས་ཀྱི་རང་བཞིན་ནི། །དེ་ལ་ཁྲོ་བ་མི་རིགས་ཏེ། །སྲེག་པའི་རང་བཞིན་མེ་བཀོན་འདྲ། །ཞེས་གསུངས།
གཉིས་པ་ནི། རང་གིས་རང་ལ་གནོད་པ་བྱེད་པ་ལ་རང་དབང་མེད་ན་གཞན་ལ་གནོད་པ་བྱེད་པ་ལའང་རང་དབང་མེད་པ་ཡིན་པས་རྒྱ་ལ་སྙིང་རྗེ་མ་སྐྱེ་ནའང་ཁྲོ་བ་མི་རིགས་ཏེ། སྤྱོད་འཇུག་ལས། གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། །ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་མ་སྐྱེས་ན། །ཁྲོ་བར་འགྱུར་བས་ཅིའི་ཐ་ཚིག ། །ཅེས་གསུངས།
གསུམ་པ་ནི། གནོད་པ་བྱེད་མཁན་གྱི་གང་ཟག་ལ་ཁྲོ་བ་མི་རིགས་ཏེ། དངོས་སུ་གནོད་བྱེད་ལ་ཁྲོ་ན་དབྱུག་པ་དང་མཚོན་ཆ་སོགས་ལའང་ཁྲོ་རིགས་ལ། དེས་རང་དབང་གིས་གནོད་པ་བྱས་པ་མ་ཡིན་གྱི་གང་ཟག་དེས་བྱས་པས་དེ་ལ་ཁྲོ་ཞེ་ན། གང་ཟག་དེ་ཡང་ཞེ་སྡང་གིས་རང་དབང་མེད་པ་བྱས་པས་དེ་ཡང་ཁྲོ་ན་ཞེ་སྡང་ལ་ཁྲོ་དགོས་ཏེ། སྤྱོད་འཇུག་ལས། དབྱུག་པ་ལ་སོགས་དངོས་བཀོལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ་ཡང་ཞེ་སྡང་གིས་རྦད་པས། །ཉེས་ན་ཞེ་སྡང་ལ་ཁྲོ་རིགས། །ཞེས་གསུངས།
གཉིས་པ་བཟོད་པ་སྒོམ་པའི་དུས་ནི། གནོད་བྱེད་དང་དངོས་སུ་འཕྲད་པའི་སྐབས་ཡིད་མི་བདེ་བ་སྐྱེ་བ་དང་། སྙིང་གཡུགས་པའི་ཚོར་སྣང་སོགས་ཡོང་གི་ཡོད། དེའི་སྐབས་ནས་ཡིད་གཟབ་ཀྱིས་ཁོང་ཁྲོ་མ་སྐྱེ་བའི་ཐབས་ལ་འབད་དགོས། སྤྱིར་བཟོད་པའི་བྱེད་ལས་ནི་ཁོང་ཁྲོ་མ་སྐྱེ་བར་བྱེད་པ་དེ་ཡིན་ལ། ཁོང་ཁྲོ་སྐྱེས་ཟིན་ནས་བཟོད་པ་སྒོམ་པ་ནི་ཁོང་ཁྲོའི་རྒྱུན་མི་བརྟན་པའམ་འཕེལ་བ་ལ་གཉེན་པོ་བྱེད་པ་ཙམ་མོ། །
དེས་ན་ཞེ་སྡང་ནི་དགེ་རྩ་འཇོམས་བྱེད་ཀྱི་གཤེད་མ་ལྟ་བུ་ཡིན་ཏེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། ། སྣ་ཚོགས་ཚུལ་གྱིས་གོམས་པར་བྱ། །ཞེས་གསུངས་པ་ནི་སྲིད་ན་རྙེད་པ་དཀའ་བའི་གདམས་ངག་བླ་ན་མེད་པའོ། །
གསུམ་པ་ཁོང་ཁྲོ་སྐྱེས་པ་རྒྱུན་རིང་དུ་མི་གནས་པར་བྱེད་པ་ནི། ཁོང་ཁྲོ་བའི་ཚེ་ཞི་བར་བྱེད་པའི་ཐབས་ནི། ཐོག་མར་དབུགས་འབྱིན་རྔུབ་ལ་སེམས་གཏད་དེ་གྲངས་གཅིག་ནས་བདུན་བར་བགྲང་བ་སོགས་བྱ་དགོས། དེ་ནས་སེམས་ལྷོད་ལ་ཅུང་བབ་པ་ན་གནས་སྟངས་གཞན་ཞིག་གི་ངོས་ནས་ཁྲོ་བའི་རྒྱུ་མཚན་བཙལ་སྟེ། ཁོང་ཁྲོ་ན་ཁེ་ཕན་ཡོད་མེད་བསམ་དགོས།
རང་ལ་ཡིད་མི་བདེ་བ་སྐྱེ་བའི་ཡུལ་དེ་ལ་གལ་ཏེ་ཐབས་ལམ་གཞན་ཞིག་གིས་བཅོས་བསྒྱུར་གཏོང་ཐུབ་པ་ཡོད་ན་ནི་དེ་ལ་མི་དགའ་བར་བྱ་བའི་རྒྱུ་མཚན་ཅི་ཡང་མེད་དེ། དེ་མ་ཐག་པར་བཅོས་པས་ཆོག་ལ། གལ་སྲིད་བཅོས་སུ་བྱ་བའི་ཐབས་ལམ་གཞན་མེད་ན་དེ་ལ་མི་དགའ་བའི་རྣམ་འགྱུར་སོགས་བསྟན་པས་ཅི་ཡང་མི་ཕན་པའི་ཕྱིར་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་ཕན། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས།
བཟོད་པ་སྒོམ་སྟངས་འདི་དག་ཉམས་སུ་ལེན་ན་ཐོག་མར་དཀའ་ལས་ཤིན་ཏུ་ཆེ་མོད། འོན་ཀྱང་རྒྱུན་དུ་གོམས་འདྲིས་བསྟེན་ན་བཟོད་པ་རང་གི་ངང་གིས་སྐྱེ་བར་འགྱུར་ཏེ། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་གསུངས་སོ། །
ལྔ་པ་བཟོད་པ་སྒོམ་པའི་ཕན་ཡོན་ནི། བཟོད་པ་དང་ལྡན་ན། ཁོང་ཁྲོ་དང་སྡང་སེམས་ཀྱིས་གདུང་བ་མེད་པར། སེམས་རྟག་ཏུ་ཞི་བའི་རང་བཞིན་ཅན་དུ་གྱུར་བ་དང་། གཞན་གྱིས་བརྩི་བཀུར་བྱེད་པ་དང་འབྲེལ་བ་བཟང་དུ་གཏོང་ཐུབ་པ། ལུས་ཀྱི་སྤྱོད་ལམ་མཛེས་ཞིང་ངག་གིས་སྨྲ་བརྗོད་འཇམ་པས། ཕན་ཚུན་འཁྲུག་རྩོད་ཀྱིས་བསད་པ་དང་རྡུང་བ་དང་གཤེ་ཞིང་འཚང་འདྲུ་བ་སོགས་མི་ཡོང་བར་ཞི་བདེ་ངང་གནས་ཐུབ།
སྐྱེ་བ་ཕྱི་མར་ཡང་བཟོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ་སྟེ། རིན་ཆེན་འཕྲེང་བ་ལས། བཟོད་པས་མདངས་ལྡན་ཞེས་སོགས་དང་། སློབ་དཔོན་ཟླ་བ་གྲགས་པས། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། །མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི། །ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར་། །ཞེས་གསུངས་པ་ལྟར་རོ། །
དྲུག་པ་ཁོང་ཁྲོ་བའི་ཉེས་དམིགས་གསུམ་ལས། དང་པོ་ལུས་ཀྱི་ཉེས་དམིགས་ནི། ཁོང་ཁྲོ་བའི་སྟོབས་ཀྱིས་ལུས་ཀྱི་སྟོབས་ཞན་པ། ནད་མང་དུ་འབྱུང་བ། རྒས་ཤིང་འཁོགས་པ་འགྱུར་སླ་བ་སོགས་ཚན་རིག་པས་ཀྱང་བརྗོད་ཀྱིན་ཡོད། དེར་མ་ཟད་ཁོང་ཁྲོ་བས་རང་ཉིད་རང་གིས་ཕུང་བར་བྱེད་པ་ཡང་ཡོད་དེ། སྤྱོད་འཇུག་ལས། ཁ་ཅིག་འགག་ཅིང་གཡང་སར་མཆོང་། །དུག་དང་མི་འཕྲོད་ཟ་བ་དང་། །བསོད་ནམས་མ་ཡིན་སྤྱོད་པ་ཡིས། །རང་ལ་གནོད་པ་བྱེད་པར་འགྱུར། །ཞེས་གསུངས། གཉིས་པ་ངག་གི་ཉེས་དམིགས་ནི། ཁོང་ཁྲོ་བས་ངག་གིས་ཚིག་རྩུབ་ཀྱི་མདའ་མོས་གཞན་གྱི་སེམས་ལ་རྨ་ཁ་བཟོ་བ་དང་། དེའི་རྐྱེན་པས་རྙོག་འཛིང་རྒྱུན་མི་ཆད་པ་ཡོང་བ་ནི་མཐོང་ཆོས་སུ་ཡོད།
གསུམ་པ་ཡིད་ཀྱི་ཉེས་དམིགས་ནི། ཁོང་ཁྲོ་བས་ཡིད་མི་བདེ་བར་བྱེད་པ་དང་། ཁྲོ་བ་སོགས་འཕེལ་ཏེ་རང་གི་ལུས་ངག་གི་སྤྱོད་པ་འཚེ་བའི་ཕྱོགས་སུ་འཁྲིད་དེ་ཤིན་ཏུ་གཅེས་པའི་རང་གི་ཚེ་སྲོག་ལའང་གནོད་པ་སོགས་ཡོང་བར་བྱེད་དོ། །ལེགས་ཉེས་འབྱེད་པའི་ཤེས་རབ་ཉམས་པར་བྱེད་ཅིང་རང་རྒྱུད་ལ་སྔར་ཡོད་ཀྱི་དགེ་རྩ་འཇོམས་པ་དང་། ཕྱིས་དགེ་རྩ་གསོག་པར་བར་ཆད་བྱེད་དེ་ཤི་ནས་ཀྱང་ངན་འགྲོའི་གནས་སུ་ལྷུང་བར་བྱེད་དེ། འཇུག་པ་ལས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །ཞེས་སོ། །
བདུན་པ་དོན་བསྡུ་བ་ནི།
ཁོང་ཁྲོས་ནི། ལུས་ངག་གི་བྱ་བ་ངན་པ་ཞིག་ནས་འགོ་འཛུགས་ཤིང་། འགྱོད་པའི་ངང་ནས་མཇུག་བསྡུ་བར་བྱེད་ལ། བཟོད་པས་ནི། སྒོ་གསུམ་གྱི་བྱ་བ་བཟང་པོ་ཞིག་ནས་འགོ་འཛུགས་ཏེ་ལུས་བདེ་ཞིང་སེམས་སྐྱིད་པའི་ངང་ནས་ཚེ་མཇུག་མཐར་འཁྱོལ་བར་བྱེད་དོ། །
མདོར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཐུགས་རྒྱུད་ལས་འཁྲུངས་པའི་རིགས་ལམ་དྲི་མ་མེད་པ་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ཡང་གཞལ་དཀའ་བ་འདི་དག་ལ་གཟུར་གནས་རྣམ་དཔྱོད་ལྡན་པ་སུ་ཞིག་གིས་ཀྱང་ཆོས་མཐུན་གྱི་རྒོལ་བའི་སྐབས་མེད་པས། བཟོད་པའི་ཉམས་ལེན་གཤའ་མ་ཞིག་བྱེད་འདོད་ན་གཤམ་གྱི་ཚིགས་བཅད་འདི་དག་ལ་ངེས་པར་དུ་དོ་སྣང་བྱ་དགོས།
སྤྱོད་འཇུག་ལས། ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེང་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། ། བདག་གིས་ཕྱིར་བཟློག་མི་ལང་གི། བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །
བྱིས་པ་སྡུག་བསྔལ་མི་འདོད་ཅིང་། སྡུག་བསྔལ་རྒྱུ་ལ་བརྐམ་པས་ན། །རང་གི་ཉེས་པས་གནོད་གྱུར་པ། །དེ་ལ་བཀོན་ཏུ་ཅི་ཞིག་ཡོད། །ཅེས་དང་།
ད་ལྟའི་སྡུག་བསྔལ་འདི་ཙམ་ལའང༌། །བདག་གིས་བཟོད་པར་མི་ནུས་ན། །དེས་ན་དམྱལ་བའི་སྡུག་བསྔལ་རྒྱུ། ཁྲོ་བ་ཅི་སྟེ་བཟློག་མི་བྱེད། །ཅེས་དང་།
དབྱུག་པ་ལ་སོགས་དངོས་བཀོལ་ཏེ། །གལ་ཏེ་འཕེན་པ་ལ་ཁྲོ་ན། །དེ་ཡང་ཞེ་སྡང་གིས་རྦད་པས། ཉེས་ན་ཞེ་སྡང་ལ་ཁྲོ་རིགས། །ཞེས་དང་།
གོམས་ནི་སླར་བར་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས། །ཞེས་དང་།
གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་སོ། །
རང་གི་རྣམ་དཔྱོད་ཀྱི་ཤེས་རབ་དང་མྱོང་སྟོབས་ཀྱིས་མིན་པར་གཞན་གྱིས་བསྐུལ་བ་ལ་བརྟེན་ནས་བྲིས་སོ། །བདག་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་དམན་པས་ཚིག་དོན་དག་ལ་ནོར་འཁྲུལ་ཡོད་པར་ཐེ་མི་ཚོམ་བས་བཟོད་གསོལ་ཞུ།
འཕགས་མཆོག་འཇིག་རྟེན་མགོན་པོའི་བཀའ་དྲིན་གྱིས། །
ལོ་མང་ཐོས་བསམ་བྱ་རྒྱུར་གོ་སྐབས་ཐོབ། །
འདིས་མཚོན་ཚེ་རབས་དགེ་བའི་མཐུ་སྟོབས་ཀྱིས། །
ཞི་བདེའི་དེད་དཔོན་ཐུགས་དགོངས་འགྲུབ་པར་ཤོག །
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན། སེམས་ཁམས། ལོ་རིམ་གསུམ་པ། སེར་བྱེས་ཚྭ་དགེ་བཤེས་ཐེག་ཆེན་ཆོས་འཛིན་གྱིས་བྲིས།
