མ་རིག་པའི་སྐོར།
ལྟ་གྲུབ་སྡེ་ཚན། ཏྲེ་བསོད་ནམས་དབང་རྒྱལ།
དོན་གཉིས་རྫོགས་པས་མཁྱེན་བརྩེ་ནུས་གསུམ་ཆེ། །
ལས་འཁྲུངས་དྲི་མེད་སྤྱོད་དང་ལྟ་བའི་ལུགས། །
རིགས་ཚོགས་སྟོང་གིས་ཡང་དག་གསལ་མཛད་པའི། །
འགྲོ་འདྲེན་པཎ་གྲུབ་རྣམས་ཀྱི་ཞབས་ལ་འདུད། །
ཅེས་མཆོད་པར་བརྗོད་པའི་ཚིག་གིས་ལམ་ཡངས་པོ་ཕྱེ་བ་སྔོན་དུ་བཏང་བའི་ཐོག་ནས། འདིར་སྐབས་སུ་བབས་པར་བརྗོད་པར་བྱ་བའི་དོན་ནི། ཉེ་བའི་གཙུག་ལག་རབ་འབྱམས་པའི་གནའ་བོའི་ལྟ་གྲུབ་ལོ་རིམ་གཉིས་པའི་སྡེ་ཚན་ལས། སློབ་དུས་གསུམ་པའི་བསླབ་གཞི་གཙོ་བོ་སྟེ། བླ་མ་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས་མ་རིག་པའི་སྐོར་འདི་ཡིན་ལ། དེ་ཡང་རྩ་བའི་ས་བཅད་རྣམ་པ་གསུམ་སྟེ། རང་སྡེ་གྲུབ་མཐའ་གཞན་རྣམས་ཀྱིས་འདོད་པའི་མ་རིག་པ། སྤྱིར་མ་རིག་པའི་དོན། བྱེ་བྲག་ཏུ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་ཚན་གྱི་ཐོག་མའི་མ་རིག་པ་གཉིས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ལ་གསུམ། བྱེ་བྲག་སྨྲ་བ། མདོ་སྡེ་པ། དབུ་མ་ཐལ་འགྱུར་བ།
དང་པོ་ནི། རང་སྡེ་བྱེ་བྲག་སྨྲ་བས་ནི་དགེ་བ་བཅུ་གཅིག་གི་ནང་ཚན་གྱི་གཏི་མུག་མེད་པའི་སེམས་བྱུང་གི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ཞིག་ལ་མ་རིག་པ་འཇོག་ལ། དེ་ཡང་འཇིག་ལྟ་དང་གཞི་མཐུན་མེད་དེ། མཛོད་ལས། མ་རིག་མི་མཛའ་རྫུན་སོགས་བཞིན། །ཀུན་སྦྱོར་སོགས་ཚིག་ཕྱིར་གལ་ཏེ། །ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་ཀྱི་ཚིག་དོན་ནི། མཛའ་བ་བཀག་ཙམ་ལ་མི་མཛའ་བ་དང་། བདེན་པ་བཀག་ཙམ་ལ་རྫུན་ཚིག་ཏུ་མི་འཇོག་པ་བཞིན་དུ་རིག་པ་བཀག་ཙམ་ལ་མ་རིག་པ་མི་འཇོག་སྟེ། བུམ་པ་དང་རི་དང་ཆུ་སོགས་ཆོས་ཅན། མ་རིག་པ་ཡིན་པར་ཐལ། རིག་པ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མ་རིག་པ་ལ་ཀུན་དཀྲིས་སོགས་ཡིན་དགོས་པ་མདོ་ལས་གསུངས་པའི་ཕྱིར། ཞེས་ཚིག་རྐང་དང་པོ་གཉིས་ཀྱིས་མ་རིག་པའི་ངོ་བོ་དང་། ཚིག་རྐང་ཕྱི་མ་གསུམ་གྱིས་རྒྱུ་མཚན་གསུམ་གྱིས་འཇིག་ལྟ་མ་རིག་པ་མིན་པར་གསུངས་ཏེ། དེ་ཡང་གལ་ཏེ་འཇིག་ལྟ་དེ་མ་རིག་པ་ཡིན་ནམ་མིན་ཞེ་ན། འཇིག་ལྟ་ཆོས་ཅན། མ་རིག་པ་མ་ཡིན་ཏེ། ལྟ་བ་ཡིན་པའི་ཕྱིར་དང་། མ་རིག་པ་དང་མཚུངས་ལྡན་ཡིན་པའི་ཕྱིར་དང་། འཇིག་ལྟ་རྨོངས་པར་བྱེད་པའི་ཕྱིར་རོ། ། ཞེས་པའི་དོན་ནོ། ། བླ་མ་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས་ཀྱང་། བྱེ་བྲག་སྨྲ་བས་ནི་མཛའ་བ་བཀག་ཙམ་ལ་མི་མཛའ་བ་དང་། བདེན་པ་བཀག་ཙམ་ལ་རྫུན་ཚིག་ཏུ་མི་འཇོག་པ་བཞིན་དུ་རིག་པ་བཀག་ཙམ་ལ་མ་རིག་པ་མི་འཇོག་པས། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་གཅིག་ལ་མ་རིག་པ་འཇོག་ལ། རིག་པ་ཡེ་ཤེས་དེ་ཡང་དགེ་བ་བཅུ་གཅིག་ནང་ཚན་གྱི་གཏི་མུག་མེད་པའི་སེམས་བྱུང་ལ་བརྗོད་པས་དེའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ལ་མ་རིག་པ་འཇོག་པའི་ཕྱིར། ཞེས་གསུངས་སོ། །
གཉིས་པ་ནི། མདོ་སྡེ་པས་ནི། རྣམ་འགྲེལ་རྩ་བ་ལས། རིག་པའི་མི་མཐུན་ཕྱོགས་ཕྱིར་དང་། །སེམས་བྱུང་ཉིད་ཀྱིས་དམིགས་པའི་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །ཞེས་སོགས་གསུངས་པས། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་མ་རིག་པར་འདོད་པ་ཡིན་ལ། དེ་ཡིན་ཡང་སྔར་བཤད་པའི་བྱེ་བྲག་སྨྲ་བའི་ལུགས་དང་ཚིག་ཙམ་འདྲ་ཡང་དོན་གཏན་ནས་མི་འདྲ་བ་ཡིན་ཏེ། འདིར་རིག་པ་ཞེས་པ་ནི་གང་ཟག་གི་བདག་མེད་རྟོགས་པའི་རིག་པ་ལ་བྱེད་ནས་དེའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ལ་མ་རིག་པ་འཇོག་པ་ཡིན་པའི་ཕྱིར་ཏེ། བླ་མ་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས། མདོ་སྡེ་པས་གང་ཟག་བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་མ་རིག་པ་འདོད་པ་ཡིན་ཏེ། ཞེས་སོགས་གསུངས་པའི་ཕྱིར། རྒྱུ་མཚན་དེས་ཕྱིར་ན་ལུགས་འདིར་འཇིག་ལྟ་མ་རིག་པ་ཡིན་ལ། རྣམ་འགྲེལ་རྩ་བ་ལས་ཀྱང་། ཉེས་པ་རྣམ་པ་ཐམས་ཅད་དག ། འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། ། དེ་མ་རིག་དེ་དེར་ཆགས་པ། ། དེ་ལས་ཞེ་སྡང་ལ་སོགས་འབྱུང་། ཞེས་འཇིག་ལྟ་མ་རིག་པར་གསལ་བོར་གསུངས་པའི་ཕྱིར་རོ། ། འོ་ན་ཐེག་དམན་གྱི་མདོ་སྡེ་ལས། འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་འཇིག་ལྟ་མ་རིག་པ་དང་མཚུངས་ལྡན་དུ་གསུངས་པ་དང་འགལ་ལོ་ཞེས་ན་མི་འགལ་ཏེ། དེ་ནི་འཇིག་ལྟ་མ་རིག་པའི་ཕྱོགས་གཅིག་ཡིན་པས་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར་རོ། །
གསུམ་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས་ལ་གཉིས་ཏེ། མ་རིག་པའི་དོན་དང་། འཕྲོས་དོན་གཞན་བཤད་པའོ། ། དང་པོ་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་། མ་རིག་པའི་མཚན་ཉིད་ཡིན། འོན་ཀྱང་རིག་པ་ཡེ་ཤེས་ཞེས་པའི་སྐབས་ཀྱི་རིག་པ་ཡེ་ཤེས་ནི་གོང་མ་དག་དང་མི་འདྲ་བ་ཡིན་ཏེ། འདིར་རིག་པ་ཡེ་ཤེས་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་འཇོག་དགོས་ལ། དེའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ལ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཀ་ཡོད་དེ། གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་དམིགས་པ་འགལ་ཡང་བདེན་འཛིན་ཡིན་པ་མཚུངས་པའི་ཕྱིར་རོ། །འདིར་གང་ཟག་གི་བདག་འཛིན་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་ལ་མི་བྱེད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་རགས་པ་ཡིན་ཡང་། དེ་གང་ཟག་གི་བདག་འཛིན་མ་ཡིན་པའི་ཕྱིར་ཏེ། ལུགས་འདིར་གང་ཟག་གི་བདག་འཛིན་ཡིན་ན་བདེན་འཛིན་ཡིན་དགོས་པའི་ཕྱིར། དེར་ཐལ། བླ་མ་རྗེ་བཙུན་པའི་དབུ་མའི་སྤྱི་དོན་ལས། གང་ཟག་གི་བདག་འཛིན་ཀུན་བཏགས་ཡིན་ན་གང་ཟག་གི་བདག་འཛིན་ཡིན་དགོས་ཤེ་ན། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། ཞེས་གསུངས་པའི་ཕྱིར། འདོད་ན། བདེན་འཛིན་ཡིན་པར་ཐལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་འཕྲོས་དོན་གཞན་བཤད་པ་ནི། དབུ་མའི་སྤྱི་དོན་ལས། ཁ་ཅིག་གིས། གང་ཟག་གི་བདག་འཛིན་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས། དང་པོ་ནི། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་གང་ཟག་གི་བདག་འཛིན་ལྟ་བུ། ཞེས་སོགས་ལས་འཕྲོས་དོན་ཉུང་ཙམ་བརྗོད་ན།
དེ་ལ་རྩོད་པ་དང་། རང་ལུགས། རྨོངས་འཆར་གསུམ། དང་པོ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ལ་ལྷན་སྐྱེས་མེད་ཟེར་ན། དཔེ་ཆ་དང་འགལ། དབུ་མའི་སྤྱི་དོན་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་ལྷན་སྐྱེས་མེད་པར་ཐལ། རང་རྒྱུད་པ་མན་གྱི་འདོད་པ་ལྟར་གྱི་གང་ཟག་བདག་འཛིན་དེ་གང་ཟག་གི་བདག་འཛིན་ཀུན་བཏགས་ཡིན་པའི་ཕྱིར། འདོད་ན། ས་བཞི་པའི་ངོ་སྐལ་གྱི་སྤང་བྱར་གྱུར་བའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོགས་པ་མེད་པར་ཐལ་ལོ། །ཞེས་གསུངས།
གོང་གི་རྩ་བ་ལ་འདོད་ཟེར་ནའང་མི་འཐད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ལ་ཀུན་བཏགས་ཡིན་དགོས་པའི་ཕྱིར། དེར་ཐལ། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པར་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ཞིག་དགོས་པའི་ཕྱིར་དང་། དེ་ལ་ཀུན་བཏགས་ཀྱི་འཛིན་པ་ཡིན་དགོས་པའི་ཕྱིར་ཏེ། གང་ཟག་རྐང་ལག་སོགས་ཀྱི་ཆོས་ལས་རྫས་གཞན་དུ་འཛིན་པ་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། དྲང་ངེས་ལས། དེ་ལ་ཕུང་པོ་དང་མཚན་ཉིད་མི་མཐུན་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གང་ཟག་རྐང་ལག་སོགས་ཀྱི་ཆོས་ལས་རྫས་གཞན་དུ་འཛིན་པ་ཡིན་པས་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པར་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་ཀུན་བཏགས་ཡིན་དགོས་ཏེ། དེ་ལ་བདག་ཕུང་རྗེ་ཁོལ་ལྟ་བུ་འཛིན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། དྲང་ངེས་ལས། གང་ཟག་གི་བདག་མེད་ནི་རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཙམ་ལ་འདོད་དོ། །དེའི་ཚུལ་ཡང་ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་པོའི་རྗེ་བོ་ལྟ་བུ་དང་། ཕུང་པོ་རྣམས་དེའི་ཁོལ་ལྟ་བུ་འཛིན་ཏེ། ངའི་གཟུགས་ངའི་ཚོར་བའོ་ཞེས་སོགས་སུ་འཛིན་པས། ཕུང་པོ་རྣམས་བདག་དེའི་ཡིན་ནོ་ཞེས་ངས་དབང་བ་འཛིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
གཉིས་པ་རང་ལུགས་ནི།
གོང་གི་དྲང་ངེས་དང་སྤྱི་དོན་གྱི་ལུང་གཉིས་མི་འགལ་ཏེ། དེ་ཡང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ལ་ཀུན་ལྷན་གཉིས་ཀའི་ཆ་ཡོད་ལ། ཀུན་བཏགས་ཀྱིས་འཛིན་ཚུལ་ནི་གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པར་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་འདི་ཡིན་ལ་དེ་ཡང་དྲང་ངེས་ལས་གསུངས་པ་བཞིན། འདིའི་འཛིན་ཚུལ་ནི་གང་ཟག་རྐང་ལག་སོགས་ཀྱི་ཆོས་ལས་རྫས་གཞན་དུ་འཛིན་པའམ་རྗེ་ཁོལ་ལྟར་འཛིན་པ་འདི་རང་ཡིན་ལ། འདི་ཀུན་བཏགས་ཡིན་པ་ནི་བདག་ཕུང་ངོ་བོ་ཐ་དད་ལྟ་བུར་འཛིན་པའི་རྒྱུ་མཚན་གྱིས་ཡིན་ལ། འདི་ནི་དྲང་ངེས་ལས་ཀུན་བཏགས་སུ་གསུངས་པ་དེ་ཡིན། ལྷན་སྐྱེས་སུ་གྱུར་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི། གང་ཟག་ཕུང་པོ་དང་ངོ་བོ་དབྱེར་མེད་དམ་ཕུང་པོའི་གསེང་ན་ཡོད་པར་འཛིན་པའམ། ཚོང་དཔོན་དང་ཚོང་པ་ལྟར་དུ་འཛིན་ཚུལ་དེ་ཡིན། དེ་ཡང་ཚོང་དཔོན་ནི་ཚོང་པ་ཚོའི་དཔོན་པོ་ཡིན་ཡང་ཚོང་དཔོན་ཁོང་རང་ཡང་ཚོང་པ་ཡིན་པ་དང་ཚོང་པ་ལས་ལོགས་སུ་མེད་པའི་འཛིན་ཚུལ་དེ་ཡིན། དེས་ན་འདིས་གང་ཟག་དེ་ཕུང་པོ་ལས་ངོ་བོ་ཐ་དད་དུ་འཛིན་གྱི་མེད་པས། འདི་ལྷན་སྐྱེས་སུ་འཇོག་ལ། ཐ་དད་དུ་འཛིན་ན་ཀུན་བཏགས་ལས་ལྷན་སྐྱེས་ཀྱིས་འཛིན་ཚུལ་མི་འཐད་པའི་ཕྱིར་རོ། །རང་ལུགས་སྤྱི་དོན་ལས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལྷན་སྐྱེས་ཞེས་པ་ཡང་འདི་ཉིད་ཡིན་ནོ། །
གསུམ་པ་དོགས་གཞིའམ་རྨོངས་འཆར་ཙམ་འགོད་ན།
གང་ཟག་ཕུང་པོ་དང་རྗེ་ཁོལ་ལྟར་འཛིན་པ་ལའང་བདག་ཕུང་ངོ་བོ་ཐ་དད་དུ་འཛིན་པའི་མ་ཁྱབ་ཅེས་རྗེ་ཁོལ་ལྟར་འཛིན་པ་ལ་ལྷན་སྐྱེས་ཡོད་པ་འདོད་མཁན་ཡང་མང་དག་ཅིག་འདུག་ལ། དེ་ཡང་ཆོས་རའི་ནང་གསུང་རྒྱུན་ལྟར། དཔེར་ན། ད་ལྟ་ངའི་ཕུང་པོ་འདི་ནི་ནད་མང་ཞིང་རྒས་སླ་བ་སོགས་ཉེས་དམིགས་མང་པོ་མཐོང་ཞིང་། ཁམས་གོང་མ་ལྷའི་ཕུང་པོ་ནི་ཉེས་དམིགས་དེ་དག་དང་བྲལ་བས། གལ་ཏེ་ད་ལྟའི་རང་གི་ཕུང་པོ་འདི་ལྷའི་ཕུང་པོ་དེ་དང་བརྗེ་ཐུབ་ན། ད་ལྟ་ཉིད་ནས་བརྗེ་བཞག་གོ་བསམ་པའི་བློ་ལྷན་སྐྱེས་ཤིག་ཡོད་ཅེས་གསུང་མཁན་འདུག་ཀྱང་། ཁོ་བོས་ནི། དེ་ལྟར་དུ་འཛིན་པའི་བློ་ལ་བདག་ཕུང་ངོ་བོ་ཐ་དད་དུ་འཛིན་པ་ཞིག་ལས་ལྷན་སྐྱེས་ཀྱི་འཛིན་པ་ཇི་ལྟར་ཡོད་ཆ་མ་མཆིས་སོ། །
ཡིག་ཆར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་འདི། གང་ཟག་གི་བདག་འཛིན་རགས་པ་ཡིན་ཡང་གང་ཟག་གི་བདག་འཛིན་མིན་གསུངས། དེ་ལ་འདི་ལྟར། དེའི་ཞེན་ཡུལ་མེད་པ་རྟོགས་ན་སྟོང་ཉིད་རྟོགས་མི་དགོས་པར་ཐལ། འདོད་མི་ནུས་ཏེ། གང་ཟག་བཏགས་ཡོད་རྟོགས་དགོས་པའི་ཕྱིར། དེར་ཐལ། གང་ཟག་རྫས་ཡོད་ཁེགས་དགོས་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་རྟོགས་པར་ཐལ། གང་ཟག་དེ་ཕུང་པོ་ལ་བཏགས་པ་ཙམ་རྟོགས་པའི་ཕྱིར་ཏེ། གང་ཟག་བཏགས་ཡོད་དུ་རྟོགས་པའི་ཕྱིར།
འདི་ལ་འགའ་ཞིག་གིས། གང་ཟག་དེ་ཕུང་པོ་ལ་བཏགས་པ་ཙམ་རྟོགས་ཀྱང་། གང་ཟག་དེ་ཕུང་པོ་ལ་ཕར་བཏགས་ཙམ་མ་རྟོགས་གསུངས། འོན་ཀྱང་འདི་ལ་ནི་ཁོ་བོས་རྒྱུ་མཚན་དང་འཆར་ཡན་ཡང་དག་ཅིག་མ་རྙེད་པས་ད་དུང་ཧོབ་སྟེ་ལུས་སོ། །
མདོར་ན་རང་སྡེ་གྲུབ་མཐའ་གཞན་རྣམས་ཀྱིས་མ་རིག་པ་འདོད་ཚུལ་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་འདོད་པ་མཚུངས་ཀྱང་། རིག་པ་ཡེ་ཤེས་དེ་གང་ཞིག་ལ་ངོས་འཛིན་མིན་ནི་གཏན་ནས་མི་འདྲ་བས། འདི་དག་གི་ཁྱད་པར་ནི་གོང་དུ་མདོ་ཙམ་བཤད་ཟིན་པ་དེས་འཐུས་པར་བྱའོ། །
མཚམས་འདིར་སེམས་ཙམ་པས་འདོད་ཚུལ་ཟུར་དུ་བཤད་དགོས་ཀྱང་། དེ་མིན་པར་རང་རྒྱུད་པའི་རང་ལུགས་བཤད་པར་བྱ་བའི་རྒྱུ་མཚན་ནི། མ་རིག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འདོད་ཚུལ་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་གཉིས་མི་འདྲ་བ་མེད་པས་ཡིན་ལ། སྤྱིར་ནས་རང་རྒྱུད་པའི་རང་གཞུང་ནང་མི་གསལ་བ་ཡོད་པ་རྣམས་སེམས་ཙམ་པ་དང་མཐུན་པར་སྨྲ་བ་ནི་བླ་མ་གོང་མ་རྣམས་ཀྱི་ཞལ་རྒྱུན་ཡིན་ཞེས་མཚན་བརྗོད་པར་དཀའ་བ་བདག་གི་རྒན་དམ་པས་གསུངས་མྱོང་ཡོད་ལ། རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས་ཀྱང་མཚམས་འདིར་སེམས་ཙམ་པའི་འདོད་པ་ཟུར་དུ་མ་གསུངས་པར་རང་རྒྱུད་པའི་ལུགས་གསུངས་པའང་རྒྱུ་མཚན་འདི་རང་ཡིན་ནམ་སྙམ་མོ། །
གཉིས་པ་རང་ལུགས་བཤད་པ་ལ།
རང་ཡུལ་ལ་རྨོངས་པའི་རྣམ་པས་འཇུག་པའི་སེམས་བྱུང་། མ་རིག་པའི་མཚན་ཉིད་ཡིན་ཏེ། ལུགས་འདིར་མ་རིག་པ་ནི་ཡིན་ཅིག་བདག་མེད་རྟོགས་པའི་ཤེས་རབ་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ཤེས་རབ་ཡིན་མི་དགོས་ཏེ། བདག་འཛིན་ཡིན་ན་ཡིད་ཤེས་ཡིན་དགོས་པ་གང་ཞིག ། དབང་ཤེས་སུ་གྱུར་པའི་མ་རིག་པའང་ཡོད་པའི་ཕྱིར་ཏེ། དབང་ཤེས་སུ་གྱུར་པའི་འདོད་ཆགས་ཡོད་པ་གང་ཞིག ། དེ་བཞིན་དུ་དབང་ཤེས་སུ་གྱུར་པའི་མ་རིག་པའང་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། འདོད་ཆགས་ནི་འདོད་པའི་ཁམས་སུ་རྣམ་པར་ཤེས་པའི་ཚོགས་དྲུག་དང་མཚུངས་པར་ལྡན་པར་རིགས་པར་བྱའོ། །འདོད་ཆགས་ཇི་ལྟ་བར་མ་རིག་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང་། རྟེན་འབྲེལ་སྤྱི་དོན་ལས་ཀྱང་། བདག་རྐྱེན་གྱི་སྒོ་ནས་དབང་ཤེས་སུ་གྱུར་པའི་མ་རིག་པ་དང་ཡིད་ཤེས་སུ་གྱུར་པའི་མ་རིག་པ་གཉིས། ཞེས་སོགས་གསུངས་སོ། །
ཁ་ཅིག །མི་རྟག་པ་ཡིད་དཔྱོད་ཙམ་གྱིས་རྟོགས་པའི་གཙོ་སེམས་འཁོར་གྱིས་སེམས་བྱུང་ཀུན་ཆོས་ཅན། མ་རིག་པ་ཡིན་པར་ཐལ། དེ་ཀུན་རང་ཡུལ་ལ་རྨོངས་པའི་རྣམ་པས་འཇུག་པའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། དེ་བློ་དོན་མཐུན་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། མ་རིག་པ་ལ་ལོག་ཤེས་སུ་གྱུར་པའི་མ་རིག་པ་དང་། བློ་དོན་མཐུན་དུ་གྱུར་པའི་མ་རིག་པ་གཉིས་ཡོད་པའི་ཕྱིར་ཏེ། རྟེན་འབྲེལ་སྤྱི་དོན་ལས། བདག་རྐྱེན་གྱི་སྒོ་ནས་ལོག་ཤེས་སུ་གྱུར་པའི་མ་རིག་པ་དང་། དེ་མ་ཡིན་པར་གྱུར་པའི་དེ་གཉིས་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་འདིར་རང་ཡུལ་ལ་རྨོངས་པའི་རྣམ་པས་འཇུག་ཅེས་པ་ནི། རང་ཡུལ་མ་རྟོགས་པའམ་རང་ཡུལ་མ་མཐོང་བ་ཙམ་ལ་བྱེད་དགོས་པ་ལས། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་མི་དགོས་ཏེ། དེ་མིན་ན་ལས་འབྲས་ལ་རྨོངས་པའི་མ་རིག་པ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ལས་འབྲས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་མི་ནུས་ཏེ། ལས་འབྲས་ཕྲ་མོ་རྣམས་མེད་པར་ལྟ་མཁན་ས་ལ་གནས་པའི་འཕགས་པའི་སྐྱེ་བོ་སོགས་ཡོད་པར་ཁས་ལེན་དགོས་ཐུག་པས། འདི་ནི་བྱིས་པ་བདག་ཀྱང་གད་མོའི་གནས་སོ། །
མདོར་ན་རང་ཡུལ་ལ་རྨོངས་པའི་རྣམ་པས་འཇུག་པ་སྟེ། རང་ཡུལ་མ་ཤེས་པའི་སྒོ་ནས་འཇུག་པའམ། རང་ཡུལ་མ་མཐོང་བའི་སྒོ་ནས་འཇུག་པའི་སེམས་བྱུང་གང་ཡིན་པ་ནི་འདིར་མ་རིག་པ་ཡིན་ལ། སྒྲ་ཡངས་པའི་དབང་དུ་བྱེད་ན་རྟོགས་བློ་མ་ཡིན་པའི་སེམས་བྱུང་ཐམས་ཅད་མ་རིག་པ་ཡིན་ནོ། །
གསུམ་པ་བྱེ་བྲག་ཏུ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། ཡན་ལག་བཅུ་གཉིས་ནང་ཚན་གྱི་མ་རིག་པའི་ཁྱད་པར་བཤད་པ་ལ། མཚམས་སྦྱོར་བ་དང་གཞན་ལུགས་དགག་པ། རང་ལུགས་བཞག་པའོ། །དང་པོ་ནི། མ་རིག་པ་དེ་ལྟར་ཡིན་ན། འོ་ན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཇི་ལྟར་ཡིན་ཞེ་ན། ཁ་ཅིགགང་ཟག་གི་བདག་འཛིན་དུ་གྱུར་བའི་མ་རིག་པ་འཁོར་བའི་རྩ་བ་ཡིན་ཡང་། ཆོས་ཀྱི་བདག་འཛིན་དུ་གྱུར་བའི་མ་རིག་པ་འཁོར་བའི་རྩ་བ་མ་ཡིན་ཟེར་ན། ཆོས་ཀྱི་བདག་འཛིན་དུ་གྱུར་བའི་མ་རིག་པ་འཁོར་བའི་རྩ་བ་ཡིན་ཏེ། དེ་འཁོར་བའི་གཞི་རྩ་མཐའ་ཐུག་དེ་ཡིན་པའི་ཕྱིར་དང་། ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་གྱི་གཞི་བྱེད་པ་ནི་ལུགས་འདིར་ཁས་ལེན་རིགས་པའི་ཕྱིར་ཏེ། དེ་ལྟར་ཡང་དྲང་ངེས་ལས། ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་གྱི་གཞི་བྱེད་པ་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་མེད་པར་འདོད་པའི་དབུ་མ་པ་རྣམས་ཀྱིས་ཀྱང་བཞེད་ལ། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཉན་རང་དགྲ་བཅོམ་པས་འཁོར་བ་མ་སྤངས་པར་ཐལ། ཆོས་ཀྱི་བདག་འཛིན་དུ་གྱུར་བའི་མ་རིག་པ་འཁོར་བའི་རྩ་བ་གང་ཞིག །དེས་ཆོས་ཀྱི་བདག་འཛིན་མ་སྤངས་པའི་ཕྱིར། ཁྱབ་སྟེ། འཁོར་བ་སྤངས་ན་འཁོར་བའི་རྩ་བ་སྤངས་དགོས་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། དྲང་ངེས་ལས། དེ་ལ་ཆོས་ཀྱི་བདག་འཛིན་ཟད་ན་གང་ཟག་གི་བདག་འཛིན་ལྡོག་ཀྱང་། ཆོས་ཀྱི་བདག་འཛིན་མ་ཟད་ན་གང་ཟག་གི་བདག་འཛིན་མི་ལྡོག་པ་མ་ཡིན་ཏེ། འཁོར་བའི་གཞི་རྩ་མཐར་ཐུག་པ་དེ་མ་ལོག་ཀྱང་འཁོར་བ་ལས་གྲོལ་བ་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར།
ཡང་ཁོ་ན་རེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ། ཆོས་ཀྱི་བདག་འཛིན་དུ་གྱུར་བའི་མ་རིག་པ་དང་གང་ཟག་གི་བདག་འཛིན་དུ་གྱུར་བའི་མ་རིག་པ་གཉིས་འཛིན་སྟངས་མི་མཐུན་པ་གང་ཞིགདེ་གཉིས་ཀ་འཁོར་བའི་རྩ་བ་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན་འདོད་པ་ཁོ་ནའོ། །
འོ་ན་རྟེན་འབྲེལ་སྤྱི་དོན་ལས། འདོད་མི་ནུས་ཏེ། འཇུག་པའི་ཊཱིཀ་ཆེན་ལས། དེ་མེད་པར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་འཛིན་སྟངས་འགལ་བའི་འཁོར་བའི་རྩ་བ་མི་མཐུན་པ་གཉིས་མེད་པ་ལ་དགོངས་པའི་ཕྱིར། ཞེས་གསུངས་པའི་དོན་གང་ཞེ་ན། དེ་ནི་དབུ་མ་ཐལ་འགྱུར་བའི་ལུགས་ཡིན་གྱི་དེའི་ལུགས་ལ་སྔར་བཤད་པ་བཞིན་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་འཛིན་སྟངས་མི་མཐུན་པ་མེད་པའི་ཕྱིར་དང་། སྤྱིར་ནའང་ལུགས་འདིར་དེ་གཉིས་འཛིན་སྟངས་མི་མཐུན་པ་ཡིན་ཡང་། འཛིན་སྟངས་འགལ་བའི་བློ་མིན་པ་ལ་འགལ་བ་ཅི་ཞིག་ཡོད་དེ། མེད་པའི་ཕྱིར་རོ། །
ཁ་ཅིག །གང་ཟག་གི་བདག་འཛིན་ཀུན་བཏགས་ཆོས་ཅན། འཁོར་བའི་རྩ་བ་ཡིན་པར་ཐལ། དེས་དབང་གིས་ལས་བསགས་ནས་འཁོར་བར་འཁོར་བ་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། འཁོར་བའི་རྩ་བ་ཡིན་ན་ལྷན་སྐྱེས་ཡིན་དགོས་པའི་ཕྱིར་ཏེ། རྗེ་རིན་པོ་ཆེའི་ལྷག་མཐོང་ལས། སེམས་ཅན་རྣམས་འཁོར་བར་འཆིང་བྱེད་ནི་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པའི་ཕྱིར། ཀུན་བཏགས་ཀྱི་མ་རིག་པ་ནི་གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས། འཁོར་བའི་རྩ་བར་མི་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
དེ་ལ་ཁོ་ན་རེ། གྲུབ་མཐའ་སྨྲ་བ་ཁོ་ནའི་རྒྱུད་ལ་ཡོད་ན་འཁོར་བའི་རྩ་བ་མ་ཡིན་པའི་ཁྱབ་པར་ཐལ། གོང་གི་ལུང་ཕྱི་མའི་དོན་འཐད་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། གོང་གི་ལུང་ཕྱི་མའི་དོན་ནི། ཀུན་བཏགས་སྤྱི་ཙམ་པ་དེ་ཡང་གྲུབ་མཐའ་སྨྲ་བ་ཁོ་ནའི་རྒྱུད་ལ་ཡོད་པས། འཁོར་བའི་རྩ་བར་མི་རུང་ཞེས་པའི་དོན་ཡིན་ཏེ། ཁྱོད་འཁོར་བའི་རྩ་བ་ཡིན་ན། སྤྱིའི་ཆ་ནས་ཁྱོད་ལས་ཉོན་དབང་གིས་འཁོར་བར་འཁོར་བའི་གང་ཟག་ཚང་མའི་རྒྱུད་ལ་ཡོད་དགོས་པའི་ཕྱིར་རོ། །
ཁ་ཅིག །གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པ་ཆོས་ཅན། འཁོར་བའི་རྒྱུ་ཡིན་པར་ཐལ། འཁོར་བའི་རྩ་བ་ཡིིན་པའི་ཕྱིར། འདོད་ན། འཁོར་བའི་རྩ་བ་ཡིན་ན་འཁོར་བའི་རྒྱུ་ཡིན་དགོས་པར་ཐལ་ལོ། །ཞེ་ན་མིན་ཏེ། ལྷན་སྦྱིན་རྒྱུད་ཀྱི་གང་ཟག་གི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེས་མ་ངེས་པའི་ཕྱིར། རྩ་བར་ཡང་མ་ཁྱབ་སྟེ། བླ་མ་རྗེ་བཙུན་པའི་རྟེན་འབྲེལ་མཐའ་དཔྱོད་ལས། འཁོར་བའི་རྩ་བ་ཡིན་ན་འཁོར་བའི་རྒྱུ་ཡིན་དགོས་ཟེར་ན་མི་འཐད་དེ། དད་པ་ཆོས་ཅན། དགེ་བའི་རྒྱུ་ཡིན་པར་ཐལ། དགེ་བའི་རྩ་བ་ཡིན་པའི་ཕྱིར། དེར་ཐལ། དགེ་རྩ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དགེ་བའི་བྱེ་བྲག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིགའཁོར་བའི་རྩ་བ་ཡིན་ན། འཁོར་བ་པ་མཐའ་དག་གི་རྒྱུད་ལ་ཡོད་པའི་ཁྱབ་ཟེར་ནའང་། གོང་གི་ཆོས་ཅན་དེས་གཤོག །
གཉིས་པ་རང་ལུགས་བཞག་པ་ནི།
གང་ཟག་དེས་ཁྱོད་ས་བོན་དང་བཅས་པ་སྤངས་ན་གང་ཟག་དེ་འཁོར་བ་ལས་གྲོལ་བ་འཇོག་ནུས་པའི་བདག་འཛིན་མ་རིག་པ། ཁྱོད་འཁོར་བའི་རྩ་བར་གྱུར་པའི་མ་རིག་པའི་དོན་ཡིན། དེ་དང་འཁོར་བའི་རྩ་གཉིས་དོན་གཅིག་དུ་འདོད་དོ། །འཁོར་བའི་རྩ་བ་དེ་ལ་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་ཡོད་པ་དང་། དེ་ལ་ཡིན་ཅིག་ལྷན་སྐྱེས་ཡིན་དགོས་པ་ནི་གོང་དུ་ཁ་ཅིག་གི་ལམ་ནས་བསྒྲུབས་ཟིན་པ་དེའོ། །
འོ་ན་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱི་བག་ཆགས་དང་ས་བོན་རྣམས་འཁོར་བའི་རྩ་བ་མིན་ནམ་ཞེ་ན། དེ་རྣམས་འཁོར་བའི་རྩ་བ་མིན་ཏེ། གཅིག་ནས་དེ་རྣམས་མ་རིག་པ་མིན་པའི་ཕྱིར་དང་། གཉིས་ནས་དེ་རྣམས་སེམས་ཅན་འཁོར་བར་འཁོར་བའི་རྒྱུ་བྱེད་པ་ཙམ་གྱིས་འཁོར་བའི་རྩ་བར་འཇོག་དགོས་ནའང་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་དབུ་མ་རྩ་བ་ཤེས་རབ་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེའི་ཕྱིར་མཁས་པས་འདི་མི་བྱེད། །མི་མཁས་རྣམས་ཀྱིས་འདི་བྱེད་དོ། །ཞེས་གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་ལམ་འཕེན་བྱེད་ཀྱི་ལས་དེ་འཁོར་བའི་རྩ་བར་བཞེད་པ་ཡིན་ཏེ། དེ་མཁས་པ་སྟེ་འཕགས་པ་རྣམས་ཀྱིས་མི་གསག་ལ། མི་མཁས་པ་སྟེ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་དེ་གསག་པ་ཡིན་ཞེས་པ་དང་། ད་དུང་དེ་ཙམ་མིན་པར། རྗེའི་ལམ་རིམ་ཆེ་འབྲིང་གཉིས་ཀ་ལས། འཁོར་བའི་རྩ་བ་ལས་ཉོན་གཉིས་ངོས་མ་ཟིན་ན། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲའོ། །ཞེས་གཉིས་པ་འཕེན་བྱེད་ཀྱི་ལས་དང་བརྒྱད་པ་སྲེད་པའི་རྟེན་འབྲེལ་དང་དགུ་པ་ལེན་པའི་རྟེན་འབྲེལ་རྣམས་འཁོར་བའི་རྩ་བར་གསུངས་པ་དང་འགལ་ལོ་ཞེ་ན། ཁོ་བོས་བསམ་ན་མི་འགལ་ཏེ། གཞུང་འདི་དག་གི་དོན་ནི། གོང་གི་ལས་ཉོན་དེ་རྣམས་ཀྱིས་རྒྱུ་བྱས་ནས་འཁོར་བར་འཁོར་བ་ལ་དགོངས་ནས་འཁོར་བའི་རྩ་བ་ཞེས་མིང་ངམ་ཐ་སྙད་བཏགས་པ་ཙམ་ཡིན་གྱི། དེ་ལྟར་མིན་ན། དེ་རྣམས་ཀྱིས་སེམས་ཅན་འཁོར་བར་འཁོར་བའི་རྒྱུ་བྱེད་པའི་རྒྱུ་མཚན་གྱིས་འཁོར་བའི་རྩ་བར་འདོད་དགོས་ནའང་ཧ་ཅང་ཐལ་ཏེ། འོ་ན་བདག་འཛིན་ཀུན་བཏགས་ཀྱང་འཁོར་བའི་རྩ་བ་ཡིན་པ་དང་། འདོད་ཆགས་སོགས་ཀྱང་འཁོར་བའི་རྩ་བར་འདོད་དགོས་ཐུག་པ་ཡིན་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །
གསུམ་པ། འཁོར་བའི་རྩ་བར་གྱུར་བའི་མ་རིག་པ་དང་། ཡན་ལག་བཅུ་གཉིས་ནང་ཚན་གྱི་ཐོག་མའི་མ་རིག་པ་གཉིས་ལ་ཁྱད་པར་ཇི་ཡོད་ཅེ་ན། འདི་ལ་བླ་མ་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས་མུ་གསུམ་མུ་བཞི་གསུངས་པ་དེ་ལས་གསལ་པོར་ཤེས་ནུས་ཀྱང་། དེ་ལས་འཕྲོས་ཏེ་ཅུང་ཙམ་བརྗོད་ན། ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེ་འཁོར་བའི་རྩ་བ་ཡིན་ཡང་ཐོག་མའི་མ་རིག་པ་མིན་ལ། དེའི་རྒྱུ་མཚན་ཡང་། ལུགས་འདིར་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་དེ་ཤེས་སྒྲིབ་ཡིན་ལ། ཐོག་མའི་མ་རིག་པ་ཡིན་ན་ཉོན་སྒྲིབ་ཡིན་དགོས་པའི་ཕྱིར་དང་། ཉན་རང་དགྲ་བཅོམ་པས་ཐོག་མའི་མ་རིག་པ་སྤངས་པ་གང་ཞིགདེས་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་མ་སྤངས་པའི་ཕྱིར་རོ། །གོང་གི་དེར་ཐལ། ཉན་རང་དགྲ་བཅོམ་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྤངས་པའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས། དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤངས་ཤེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར།
དེ་ལྟ་བུའི་ཐོག་མའི་མ་རིག་པ་དེ་སྒོམ་སྤང་ཡིན་ཡང་གང་ཟག་སུའི་རྒྱུད་ལ་ཡོད་ཅེ་ན། སོ་སོ་སྐྱེ་བོ་ཁོ་ནའི་རྒྱུད་ལ་ཡོད་ཅིང་། འཕགས་པའི་རྒྱུད་ལ་ཐོག་མའི་མ་རིག་པ་མེད་དེ། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་པས། གང་ཟག་གི་བདག་འཛིན་གྱི་གཞན་དབང་དུ་སོང་ནས་ལས་གསོག་པ་མེད་པའི་ཕྱིར། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་རྟེན་འབྲེལ་མདོ་འབྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །སྲིད་དང་བྲལ་ལ་ཡང་སྲིད་མེད། ། ཅེས་གསུངས་པའི་ཕྱིར་དང་། རྗེའི་ལམ་རིམ་ལས་ཀྱང་། ཇི་སྲིད་དུ་རང་ཉིད་གང་ཟག་གི་བདག་ཏུ་འཛིན་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཕེན་བྱེད་ཀྱི་ལས་གསོག་ལ། བདག་མེད་པའ་དོན་མངོན་སུམ་དུ་རྟོགས་ནས་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་ཀྱང་། འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་སྟེ། མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་ལྟར། ཞེས་སོགས་གསུངས་པའི་ཕྱིར།
དེ་དག་གི་རྒྱུ་མཚན་ཡང་། འཕེན་བྱེད་ཀྱི་ལས་ཡིན་ན་གསར་གསོག་ཡིན་དགོས་ཤིང་། དེ་ཡང་དེའི་ཀུན་སློང་ལ་ཐོག་མའི་མ་རིག་པ་མངོན་དུ་གྱུར་ཅིང་དེའི་དབང་དུ་སོང་ནས་ལས་གསོག་དགོས་པས། བདེན་པ་མངོན་སུམ་དུ་རྟོགས་པའི་འཕགས་པ་དག་གི་རྒྱུད་ལ་འདི་དག་འོང་དོན་མེད་དོ། ། འོ་ན་རྗེའི་ལམ་རིམ་ལས། སྤྱིར་འཕགས་པ་རྣམས་ལ་དགེ་བའི་ལས་བསྐྱེད་ཅིང་གསོག་པ་ཡོད་ལ། མི་དགེ་བའི་ལས་ཀྱང་རྒྱུན་ཞུགས་དང་ཕྱིར་འོང་གིས་གསོག་པ་ཡོད་ཀྱང་། ཞེས་དང་། དགྲ་བཅོམ་པའི་རྒྱུད་ལ་སྔོན་སོ་སོ་སྐྱེ་བོའི་གནས་སྐབས་སུ་བསགས་པའི་འཕེན་བྱེད་ཀྱི་ལས་གྲངས་ལས་འདས་པ་ཡོད། ཅེས་སོགས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འདིས་ནི་དགྲ་བཅོམ་པ་དང་འཕགས་པའི་རྒྱུད་ལ་སྔོན་སོ་སོ་སྐྱེ་བོའི་གནས་སྐབས་སུ་བསགས་པའི་འཕེན་བྱེད་ལས་ཀྱི་བག་ཆགས་ཡོད་ཅེས་པའི་དོན་ཡིན་ཞིང་། འཕེན་བྱེད་ཀྱི་ལས་ལ་གསར་གསོག་ཡིན་དགོས་པ་ནི། བླ་མ་རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན་ལས། ཁ་ཅིག ། འཕགས་རྒྱུད་ལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡོད་ཟེར་ན། དེས་ཀུན་ནས་བསླངས་ཏེ་འཕེན་བྱེད་ཀྱི་ལས་གསོག་པ་ཡོད་པར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། འཕགས་པའི་རྟེན་ལ་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ཡོད་པར་ཐལ་ལོ། ། ཞེས་སོགས་གསུངས་པའི་ཕྱིར་རོ། །
གཞུང་ལུགས་རྒྱ་མཚོ་ཆེ་དེ་གཡོ་བ་ལ། །
ལུང་རིགས་འཁར་རྒྱུག་ཙམ་གྱིས་མི་ནུས་ཀྱང་། །
དེ་ལྟར་བརྩོན་པའི་དགེ་ཚོགས་གང་མཆིས་པ། །
བདག་གཞན་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག །
ཅེས་བསྔོ་བ་དང་བཅས། སེར་བྱེས་ཉེ་བའི་གཙུག་ལག་རབ་འབྱམས་གནའ་བོའི་ལྟ་གྲུབ་ལོ་རིམ་གཉིས་པའི་སློབ་མ་ཏྲེ་བསོད་ནམས་དབང་རྒྱལ་གྱིས།
