འཕེན་བྱེད་ཀྱི་ལས།
ལྟ་གྲུབ། བསླབ་གསུམ་ནོར་བུ།
ཤེས་རབ་སྣང་བའི་བདག་པོ་ཆེ། །
རྨོངས་སེལ་བླ་མར་གུས་བཏུད་ནས། །
གཞན་ཕན་སྤོབས་པ་ཞན་པས་ན། །
རང་བློའི་དཔྱད་དོན་རང་གིར་བྱ། །
དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གཉིས་པ་འདུ་བྱེད་རྟེན་འབྲེལ་ལས་སྤྲོས་ནས་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་ལས་ཀྱི་ཀུན་འབྱུང་ཡོད་མེད་དང་། ཡོད་ན་དེའི་ངོ་བོ་ཤེས་པ་དང་བག་ཆགས་གང་ཡིན། དེ་ལ་འཕེན་བྱེད་ལས་ཀྱི་ཐ་སྙད་བྱེད་པ་དང་མི་བྱེད་པའི་ཚུལ་ཏེ་གསུམ་ནི་གང་བཤད་པར་བྱ་བའི་ཆོས་སོ། །
དེ་ལ་དང་པོ་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་ལས་ཀྱི་ཀུན་འབྱུང་ཡོད་པ་ནི། [1]ལེགས་བཤད་གསེར་ཕྲེང་ལས། “ཁ་ཅིག་ཀུན་འབྱུང་མ་ལུས་པར་སྤངས་ཀྱང་སྡུག་བསྔལ་མ་སྤངས་པ་དང་། སྡུག་བསྔལ་ཡང་མ་ལུས་པར་སྤངས་པ་ཁྱད་པར་ཡིན་ཞེས་འཆད་པ་ནི་མི་འཐད་དེ། དགྲ་བཅོམ་ལ་ཡང་སྲིད་འཕེན་ངེས་ཀྱི་ལས་ཉོན་མ་ལུས་པར་ཟད་ཀྱང་ཊཱི་ཀ་དོན་གསལ་དུ། དགྲ་བཅོམ་པ་དག་ལ་སོ་སོའི་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མ་ཡིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་དང་། རྣམ་འགྲེལ་དུ། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱི་ཡིན། ། ཞེས་དང་། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་པ་ལ་སོགས་པ་གཞུང་གོང་འོག་རྣམས་སུ་ཟག་བཅས་ཀྱི་ལས་ཡོད་པར་དུ་མ་ཞིག་བཤད་པའི་ཕྱིར་རོ། །”ཞེས་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་ཀུན་འབྱུང་མེད་པར་འདོད་པ་བཀག་ནས་ལས་ཀྱི་ཀུན་འབྱུང་ཡོད་པར་རྣམ་འགྲེལ་དང་། ཊཱི་ཀ་དོན་གསལ་གྱི་ལུང་གིས་བསྒྲུབས་སོ། །
འོ་ན་གསེར་ཕྲེང་གིས་དགག་པ་བྱེད་སའི་ཕྱོགས་སྔ་དེ་སུ་ཡིན་ཞེ་ན། མཐའ་གཅིག་ཏུ་འདི་ཡིན་ཞེས་སྨྲ་བར་མི་སྤོབས་ཀྱང་མཛོད་འགྲེལ་མངོན་པའི་རྒྱན་དུ་འདི་བཞིན་འབྱུང་སྟེ། [2]དེ་ཉིད་ལས། “ཆོས་མངོན་པའི་མཐར་ཐུག་གི་དགོས་པ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་ན་དེ་དག་གི་ངོ་བོ་དང་ཁྱད་པར་ཅི་ཡིན་ཞེ་ན། ཉན་ཐོས་ཀྱི་སྡེ་པ་དག་ནི་འཕགས་པ་གང་ལ་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་གི་བདེན་པ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་ཅིང་མངོན་དུ་བྱས་ལ་འབྲས་བུ་སྡུག་བསྔལ་སྤངས་པའི་འགོག་པ་མངོན་དུ་མ་བྱས་པ་ནི་ལྷག་བཅས་ཏེ། ”ཞེས་སོ། །
གལ་ཏེ་རྣམ་འགྲེལ་གྱི་ལུང་དེ་དག་གིས་དགྲ་བཅོམ་པ་ལས་ཀྱི་དབང་གིས་ད་ལྟ་འཁོར་བར་གནས་པ་དང་། མ་འོངས་པ་སྲིད་པ་གཞན་དུ་འཕེན་མི་ནུས་པ་ཙམ་ཞིག་བསྟན་གྱི་དེའི་རྒྱུད་ལ་ལས་ཡོད་པ་མ་བསྟན་ཏོ་ཞེ་ན། མི་འཐད་དེ། “ལས་གཞན་འཕེན་ནུས་མ་ཡིན་ཏེ། །”ཞེས་པའི་ལས་དེ་དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལ་གཞག་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་[3]ཐར་ལམ་གསལ་བྱེད་ལས། “སྲིད་པའི་སྲེད་པ་ལས་རྣམ་པར་བརྒལ་བའི་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་ལས་དེས་སྲིད་པ་གཞན་འཕེན་ནུས་པ་མ་ཡིན་ཏེ། ”ཞེས་གསུངས་པས་སོ། །
གལ་ཏེ་དེ་རྣམ་འགྲེལ་གྱི་དགོངས་པ་མིན་ནོ་ཞེ་ན། ཁྱོད་ལྟར་ན་དགྲ་བཅོམ་པའི་རྒྱུད་ལ་ལས་ཡོད་པ་རྣམ་འགྲེལ་གྱིས་མི་བཞེད་པར་ཐལ་ལོ། །འདོད་ན། [4]རྣམ་འགྲེལ་ལས། “ལས་དང་ལུས་དག་གནས་ན་ཡང་། །”ཞེས་གསུངས་པ་དང་འགལ་ལོ། །
ཡང་འགའ་ཞིག་གིས་ལུང་དེ་དག་གིས་ལས་ཙམ་ཞིག་ཡོད་པར་བསྟན་ཀྱང་དེ་ཀུན་འབྱུང་དུ་མ་བསྟན་པས་ལས་ཀྱི་ཀུན་འབྱུང་ཡོད་པར་བསྒྲུབ་མི་ནུས་སོ་སྙམ་ན་མ་ཡིན་ཏེ། ལས་དེ་དག་ཉོན་མོངས་པའི་དབང་གིས་བྱུང་ཞིང་། དེ་ལ་ཀུན་འབྱུང་དུ་ཀུན་བཏུས་ལས་བཤད་པས་སོ། །དེ་ལྟར་ཡང་[5]ཀུན་བཏུས་ལས། “ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །”ཞེས་གསུངས་སོ། །
འོ་ན་ལྷག་མ་དང་བཅས་མ་བཅས་ཀྱི་དོན་གང་ཞེ་ན། ཕུང་པོའི་རྒྱུན་མ་ལོག་པ་དང་ལོག་པའོ། །དེའི་ཁུངས་ནི་རིགས་པ་དྲུག་ཅུ་པའི་འགྲེལ་པ་སྟེ། གོང་དུ་དྲངས་པའི་གསེར་ཕྲེང་གི་ལུང་དེའི་མཇུག་ཐོགས་སུ། [6]“དེས་ན་ཉོན་མོངས་མ་ལུས་པ་སྤངས་ཀྱང་ཕུང་པོའི་རྒྱུན་མ་ལོག་པ་དང་། །ཕུང་པོའི་རྒྱུན་ཆད་པ་གཉིས་ཁྱད་པར་དུ་འདོད་དེ། །རིགས་པ་དྲུག་ཅུ་པའི་འགྲེལ་པར། དེ་ལ་ཕུང་པོ་ལྷག་མ་དང་བཅས་པ་ནི་ཕུང་པོ་ཙམ་དུ་ཟད་དེ་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཡིན། ཕུང་པོའི་ལྷག་མ་མེད་པ་ནི་ཕུང་པོའི་རྒྱུན་ཆད་པའི་མཚན་ཉིད་ཡིན་པས་ཞེས་ཕྱོགས་སྔར་མཛད་པ་ལྟར་རོ། །”ཞེས་གསུངས་སོ། །
གཉིས་པ་<དེའི་ངོ་བོ་བག་ཆགས་དང་ཤེས་པ་གང་ཡིན་>ནི། ཁ་ཅིག ། ལྷག་བཅས་པའི་རྒྱུད་ཀྱི་མིག་གི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་སེམས་པར་འདོད་དོ། །དེ་ནི་མི་རིགས་ཏེ། སོ་སྐྱེའི་གནས་སྐབས་སུ་བསགས་པ་མིན་པའི་ཕྱིར་དང་། དགེ་མི་དགེ་གང་ཡང་མིན་པས་ལུང་མ་བསྟན་ཡིན་པས་སོ། །ཁྱབ་སྟེ། ཐོག་མའི་གསོག་དུས་དང་། ངོ་བོའི་ཁྱད་པར་ཊཱི་ཀ་དོན་གསལ་གྱིས་བསྟན་པ་ལྟར་དུ་འཐད་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་མིན་ན་དགྲ་བཅོམ་པ་ལ་ལས་དགེ་སྡིག་གསར་དུ་གསོག་པ་ཡོད་པར་ཐལ་བ་དང་། དགེ་སྡིག་ཉོན་མོངས་པའི་རྗེས་འགྲོ་མིན་པའི་ཐལ་བ་ཡོད་དོ། །ཡང་ཁ་ཅིག་གིས་ལུས་ངག་གི་གནས་ངན་ལེན་ལ་འདོད་པ་ནི་མི་རིགས་ཏེ། ལུང་མ་བསྟན་ཡིན་པས་སོ། །
དེས་ན་འདི་ནི་ཐོག་མའི་གསོག་དུས་དང་། འཇོག་བྱེད། ངོ་བོའི་ཁྱད་པར་གསུམ་གྱིས་ཤེས་པར་བྱ་སྟེ། དང་པོ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སོ། །གཉིས་པ་ནི་འཕེན་བྱེད་དགེ་བ་དང་མི་དགེ་བའི་ལས་གང་ཡང་རུང་བ་སྟེ་སེམས་བྱུང་སེམས་པའོ། །གསུམ་པ་ནི་དེ་དག་གིས་བཞག་པའི་བག་ཆགས་ཏེ། ཉོན་མོངས་པའི་རྐྱེན་ཡོད་ན་ཡང་སྲིད་འགྲུབ་པའི་གཞིར་གྱུར་པའོ། ། འདི་དག་ནི་ཊཱི་ཀ་དོན་གསལ་གྱི་ཚིག་རིས་དང་བསྟུན་ནས་བཤད་པ་ཙམ་སྟེ་དོན་མེད་པའི་ཁྱབ་མཐའི་ཀླན་ཀ་འཚོལ་བར་མ་བྱེད་ཅིག །
འོ་ན་དེ་ལྟ་བུའི་བག་ཆགས་དེ་ལས་ཡིན་ནམ་མིན། ཡིན་ན་སེམས་བྱུང་དུ་ཐལ་ལོ། ། མིན་ན་དགྲ་བཅོམ་པའི་རྒྱུད་ལ་ལས་མེད་པར་ཐལ་ཏེ། གསར་བསགས་མེེད་ཅིང་གཞན་དུ་མི་འཐད་པའི་ཕྱིར་རོ་ཞེ་ན། བག་ཆགས་ལས་སུ་མ་བཞག་ན་དགྲ་བཅོམ་པའི་རྒྱུད་ལ་ལས་བཞག་ཏུ་མེད་ལ། དེ་འདོད་ན། གོང་གི་གཞུང་དེ་དག་དང་འགལ་བ་མ་ཟད། [7]མཛོད་འགྲེལ་རྒྱལ་སྲས་མ་དང་། [8]མངོན་པའི་རྒྱན་དང་ཡང་འགལ་བས་ལས་སུ་འདོད་དོ། །དེ་ལྟར་ནའང་སེམས་བྱུང་དུ་ཐལ་བ་མེད་དེ། ལས་ལ་སེམས་བྱུང་སེམས་པར་གསུངས་པ་ནི་བག་ཆགས་འཇོག་བྱེད་ཀྱི་ལས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །
གསུམ་པ་ <དེ་ལ་འཕེན་བྱེད་ལས་ཀྱི་ཐ་སྙད་བྱེད་པ་དང་མི་བྱེད་པའི་ཚུལ་> ནི། འོ་ན་འཕེན་བྱེད་ལས་ཀྱིས་བཞག་པའི་བག་ཆགས་ལ་འཕེན་བྱེད་ལས་ཀྱི་ཐ་སྙད་བྱེད་དམ་མི་བྱེད་ཅེ་ན། [9]ལམ་རིམ་ཆེན་མོ་ལས། “དགྲ་བཅོམ་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་འཕེན་བྱེད་ཀྱི་ལས་བགྲང་ལས་འདས་པ་ཡོད་ཀྱང་། ”ཞེས་འཕེན་བྱེད་ལས་ཀྱི་ཐ་སྙད་མཛད་པར་སྣང་ལ།
[10]སྐབས་དང་པོའི་སྤྱི་དོན་ལས་ནི། “ཁ་ཅིག ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ལས་ཀྱི་ཀུན་འབྱུང་ཡོད་ཟེར་བ་མི་འཐད་དེ། དེའི་རྒྱུད་ལ་འཕེན་བྱེད་ལས་ཀྱི་ཀུན་འབྱུང་ཡང་མེད། འགྲུབ་བྱེད་ལས་ཀྱི་ཀུན་འབྱུང་ཡང་མེད་པའི་ཕྱིར་ན་མ་ཁྱབ།” ཅེས་དང་། [11]རྟེན་འབྲེལ་སྤྱི་དོན་ལས། “ཁོ་ན་རེ། འཕགས་རྒྱུད་ལ་འཕེན་བྱེད་ཀྱི་ལས་ཡོད་པར་ཐལ། ལྷག་བཅས་མྱང་འདས་པའི་རྒྱུད་ལ་དེ་ཡོད་པའི་ཕྱིར་ཏེ། དེ་འཕེན་བྱེད་ལས་ཀྱི་དབང་གིས་འཁོར་བར་གནས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ”ཞེས་འཕེན་བྱེད་ཀྱི་ལས་ཡིན་པ་འགོག་པ་སྟེ་ཚུལ་གཉིས་སྣང་ངོ་། །
འདི་ལ་ཁ་ཅིག་ལམ་རིམ་གྱི་ལུང་དེས་ལས་དེ་ཐོག་མར་གསོག་དུས་འཕེན་བྱེད་ཀྱི་ལས་ཡིན་པར་བསྟན་གྱི་དགྲ་བཅོམ་པའི་རྒྱུད་ལ་ཡོད་དུས་འཕེན་བྱེད་ཀྱི་ལས་སུ་བསྟན་པ་མ་ཡིན་ནོ་ཞེ་ན། འདི་ནི་ལུང་དེའི་ཚིག་རིས་ཀྱི་དོན་དུ་མི་སྣང་བ་མ་ཟད་ལམ་རིམ་ཆེན་མོའི་དགོངས་དོན་དུ་མི་སྣང་སྟེ། བག་ཆགས་དེ་ལས་སུ་ཁྱེད་ཀྱང་འདོད་ལ་དེས་སྲེད་པ་ཡོད་ན་ཡང་སྲིད་འགྲུབ་རུང་དུ་བྱས་པས་དེ་ཉིད་འཕངས་པའི་དོན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་[12]ལམ་རིམ་ཆེན་མོ་ལས། “འཕངས་པའི་དོན་ནི། སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། །”ཞེས་སོ། །གལ་ཏེ་བག་ཆགས་འཇོག་བྱེད་ཀྱི་ལས་ཀྱིས་འཕངས་ཀྱི་བག་ཆགས་ཀྱིས་འཕངས་པ་མིན་ནོ་ཞེ་ན། །བག་ཆགས་ཀྱིས་མ་འཕངས་པའི་སྒྲུབ་བྱེད་ལ་འཇོག་བྱེད་ཀྱིས་འཕངས་པ་འགོད་པ་ནི་རིགས་པ་མིན་ཏེ། བག་ཆགས་ཀྱིས་འཕངས་པ་དང་འཇོག་བྱེད་ཀྱིས་འཕངས་པ་མི་འགལ་བའི་ཕྱིར་རོ། །ཅི་སྟེ་འགལ་ན་དེ་དག་གིས་སྐྱེད་པ་དང་འགྲུབ་རུང་དུ་བྱས་པ་ཡང་འགལ་བར་འགྱུར་རོ། །
ཡང་ཁ་ཅིག་ལམ་རིམ་ཆེན་མོའི་ལུང་དེས་འཕེན་བྱེད་ལས་ཀྱིས་བཞག་པའི་བག་ཆགས་ལ་འཕེན་བྱེད་ཀྱི་ལས་ཞེས་རྒྱུ་མིང་འབྲས་བུ་ལ་བཏགས་ནས་བསྟན་པ་ཙམ་ཡིན་གྱི་འཕེན་བྱེད་ཀྱི་ལས་སུ་བསྟན་པ་མིན་ནོ་ཞེ་ན། འོ་ན་དགྲ་བཅོམ་པ་ལ་ཡོད་པའི་ལས་ཀྱི་བག་ཆགས་དེ་ཡང་རྒྱུ་མིང་འབྲས་བུ་ལ་བཏགས་པ་སྟེ་ལས་ཀྱིས་བཞག་པའི་བག་ཆགས་ལ་ལས་ཀྱི་མིང་གིས་བསྟན་པ་ཙམ་ཡིན་གྱི་ལས་མིན་ནོ་ཞེ་ན་ལན་ཅི་ཡོད། དེ་ལྟར་ན་གསེར་ཕྲེང་དང་ཡིག་ཆ་དང་འགལ་བ་མ་ཟད་དེ་དག་གང་ལ་བརྟེན་པའི་རྒྱ་གཞུང་དུ་མར་དགྲ་བཅོམ་པའི་རྒྱུད་ལ་མ་ངེས་པའི་ལས་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། བདེན་མོད་ལས་སུ་ཁས་བླངས་ནས་འཕེན་བྱེད་ཀྱི་ལས་སུ་མི་འདོད་པ་ནི་འཐད་པར་དཀའ་འོ། །འཕེན་བྱེད་ལས་ལ་གསར་བསགས་ཡིན་དགོས་ཞེས་པའང་བསྒྲུབ་བྱར་སྣང་ངོ་། །
དེ་ལྟར་ན་རེ་ཞིག་འདི་གཉིས་དགོངས་པ་གཅིག་ཏུ་བསྒྲུབ་རྒྱུའི་ངལ་བ་མི་བསྟེན་པར་བསྟན་བཅོས་སོ་སོའི་བཞེད་ཚུལ་མི་འདྲ་བ་སོ་སོར་བསྟན་ནས་ལམ་རིམ་ཆེན་མོའི་རྗེས་སུ་འབྲང་བར་བྱ་སྟེ། བག་ཆགས་ལས་སུ་འདོད་ན་འཕེན་བྱེད་ཀྱི་ལས་སུ་འདོད་དགོས་པ་མཚུངས་ལ། འཕེན་བྱེད་ལས་སུ་མི་འདོད་ན་ལས་སུ་ཡང་འདོད་མི་རིགས་སོ། །
ལེགས་བཤད་བླ་མ་རྣམས་ཀྱི་དྲིན། །
ཉེས་བཤད་རང་བློ་རྨོངས་པའི་སྐྱོན། །
ཡང་དག་སྤོང་བ་བཞིར་བརྟེན་ནས། །
སོ་རིག་བཞི་ལ་དབང་འབྱོར་ཤོག །
༢༠༢༥ ༧ ༡༤
ལོ་རིམ། གཉིས་པ།
སྡེ་ཚན། ལྟ་གྲུབ།
མིང་། བསླབ་གསུམ་ནོར་བུ།
[1] ཀུན་གསལ་མེ་ལོང་། གསུང་འབུམ། དགེ་ལྡན།
[2] ༢༠༠༤ སེར་བྱེས་པར་མ། ཤོག་གྲངས། ༡༥
[3] ༢༠༠༥ བློ་གླིང་པར་མ། ཤོག་གྲངས། ༢༩༢
[4] ཀུན་གསལ་མེ་ལོང་། སྡེ་དགེ་བསྟན་འགྱུར།
[5] ཀུན་གསལ་མེ་ལོང་། སྡེ་དགེ་བསྟན་འགྱུར།
[6] ཀུན་གསལ་མེ་ལོང་། གསུང་འབུམ། དགེ་ལྡན།
[7] ཀུན་གསལ་མེ་ལོང་། སྡེ་དགེ་བསྟན་འགྱུར།
[8] ༢༠༠༤ སེར་བྱེས་པར་མ། ཤོག་གྲངས། ༤༢༡
[9] ཀུན་གསལ་མེ་ལོང་། གསུང་འབུམ། དགེ་ལྡན།
[10] ༢༠༠༤ སེར་བྱེས་པར་མ། ཤོག་གྲངས། ༦༡
[11] ༢༠༠༤ སེར་བྱེས་པར་མ། ཤོག་གྲངས། ༣༣༥
[12] ཀུན་གསལ་མེ་ལོང་། གསུང་འབུམ། དགེ་ལྡན།
