གྲངས་ཅན་པའི་སྤྱི་གཙོ་བོའི་སྐོར།

ནང་པའི་མི་རྟག་པའི་རྟེན་འབྲེལ་གྱི་ལྡོག་ཟླ་གྲངས་ཅན་པའི་རྟག་པའི་རྒྱུའམ་སྤྱི་གཙོ་བོ།

ལྟ་གྲུབ་སྡེ་ཚན། བྱམས་པ་མཁས་མཆོག

1༽ ཐོག་མའི་སྐད་ཆ།

དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།

གང་ཞིག་གཟིགས་ཤིང་གསུངས་པ་ཡིས། །

མཁྱེན་དང་སྟོན་པ་བླ་ན་མེད། །

རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །

གཟིགས་ཤིང་འདོམས་པ་དེ་ལ་འདུད། །

ཅེས་གསུངས་པའི་གསུང་བྱིན་ཅན་འདི་ཡི་སྒོ་ནས། རང་ཅག་རྣམས་ཀྱི་སྟོན་པ་བཀའ་དྲིན་ཅན་ལ་གུས་པའི་བསྟོད་ཚིག་གི་མེ་ཏོག་སྔོན་དུ་གཏོར་ཏེ། སྐབས་སུ་བབས་པ་ནང་པའི་མི་རྟག་པའི་རྟེན་འབྲེལ་གྱི་ལྡོག་ཟླ། ཕྱི་རོལ་གྲངས་ཅན་པའི་རྟག་པའི་རྒྱུའམ་སྤྱི་གཙོ་བོ་ཞེས་པའི་ཁ་བྱང་གི་འོག་ཏུ། གྲངས་ཅན་པས་འདོད་པའི་སྤྱི་གཙོ་བོའི་སྐོར་ལ་རང་གི་བློ་ཡིས་ལྕོགས་ཚོད་ཙམ་ཞིག་དཔྱད་པར་བྱ། སྤྱིར་རྒྱ་གར་དུ་སྔ་མོའི་དུས་ནས་གྲུབ་མཐའ་སྨྲ་བའི་ལུགས་འདྲ་མིན་མང་པོ་ཞིག་བྱུང་ཡོད་པ་ཡོངས་གྲགས་ཡིན་ལ། དེ་རྣམས་ཀྱི་ནང་ནས་གྲངས་ཅན་པའི་གྲུབ་མཐའ་འདི་ནི་ཕྱི་ལོའི་སྔོན་གྱི་ 700 BC ཙམ་ལ་སྟོན་པ་སེར་སྐྱས་སྲོལ་བཏོད་པར་བཤད། གྲངས་ཅན་པའི་གྲུབ་མཐའ་འདི་ལ་ནང་པའི་སློབ་དཔོན་ཀླུ་སྒྲུབ་སོགས་ཐེག་ཆེན་གྱི་མཁས་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་བ་འབྱུང་བ་བཤད་སྐབས་ཕྱོགས་སྔ་གཙོ་བོར་བཟུང་ནས་དགག་པ་རབ་དང་རིམ་པ་གནང་ཡོད་པས། རང་རེ་ཐེག་ཆེན་གྱི་པཎྜི་ཏ་རྣམས་ཀྱིས་ཀྱང་གྲུབ་མཐའ་འདི་ལ་སྣང་ཆུང་གཏན་ནས་བཏང་མ་ཐུབ་པ་ཡིན།

2༽ མཚམས་སྦྱར།

དེ་ཡང་ང་ཚོས་མཐོང་ཐོས་མྱོང་གསུམ་གྱི་ཡུལ་དུ་གྱུར་བའི་ས་ཆུ་མེ་རླུང་། རི་རྭ་བ་ཁང་ཁྱིམ། ཉི་མ་དང་ཟླ་བ། སྣང་བ་དང་མུན་པ། མི་དང་ཁྱི། འབུ་དང་བྱ། བདེ་བ་དང་སྡུག་བསྔལ་སོགས་སྣོད་བཅུད་ཀྱི་འཇིག་རྟེན་འདིའི་ནང་དུ་དངོས་པོ་འདྲ་བ་བརྒྱ། མི་འདྲ་བ་སྟོང་གྲུབ་བསྡད་ཡོད་ལ། སྣོད་བཅུད་ཀྱི་དངོས་པོ་ཐབས་ཅད་གང་འདྲ་བྱས་ནས་གྲུབ་བམ། ཞེས་ནང་པ་སངས་རྒྱས་པ་ལ་དྲིས་ན། <ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །དེ་ཡི་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །>ཞེས་རང་རང་གི་རྒྱུ་ལ་བརྟེན་ནས་གྲུབ་ཅེས་སྨྲ་བར་ངེས་སོ། །ཡང་ནང་པ་སངས་རྒྱས་པ་རྣམས་ཀྱིས་འབྲས་བུ་སྐྱེ་བའི་རྒྱུ་ལ་ཁྱད་ཆོས་གསུམ་ཚང་དགོས་པ་འདོད་དེ། ས་ལུ་ལྗང་པའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། ཞེས་འབྲས་བུ་ཐམས་ཅད་གཡོ་བ་མེད་པའི་རྐྱེན་དང་། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཏེ་རྐྱེན་གསུམ་གྱི་ཁྱད་ཆོས་ཚང་བའི་རང་གི་རྒྱུ་ལས་འབྱུང་བ་ཡིན་གྱི། བྱེད་པ་པོའི་བློ་ཡི་གཡོ་བ། རྟག་པའི་རྒྱུ། མི་མཐུན་པའི་རྒྱུ་ལས་འབྲས་བུ་གཏན་ནས་སྐྱེ་བ་མེད་ཅེས་བཤད་དོ། །སྤྱིར་ནང་པས་འདོད་པའི་རྟེན་འབྲེལ་ལ་དབྱེ་བ་མི་འདྲ་བ། ཕྲ་རགས་མི་འདྲ་བ་སོགས་གང་མང་མང་ཞིག་ཡོད་པ་གཞུང་ཆེན་མོ་རྣམས་སུ་བཤད་ཚར་བ་མ་ཟད། ཚང་མས་དོ་སྣང་ཡང་བྱུང་ཟིན་པས། ནང་པའི་རྟེན་འབྲེལ་གྱི་རྣམ་གཞག་དེ་འདིར་རྒྱས་པར་བཤད་དགོས་པ་མ་མཐོང་། ང་ཚོས་རྟག་པར་རང་ལུགས་ཁོ་ན་བལྟས་པས་མི་ཆོག་པར་མཚམས་རེ་ཕྱོགས་སྔའི་འདོད་པ་གང་ཡིན་པ་དེ་ངོས་ཟིན་པར་བྱ་རྒྱུ་གལ་ཆེ་བ་ཡིན་པས། ད་རེས་འདིར་ཕྱོགས་སྔའི་འདོད་པ་གཙོ་བོར་བཤད་རྒྱུ་ཡིན། དེ་ཡང་རྒྱུ་འབྲས་ཀྱི་རྟེན་འབྲེལ་བཤད་སྐབས་ནང་པས་རྒྱུ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ།

རྒྱུ་ཡི་ཡ་མཐའ་ལ་ཐོག་མ་གཏན་ནས་མེད་ཅེད་བཤད་ཀྱང་། ཕྱོགས་སྔ་གྲངས་ཅན་པ་སོགས་ཀྱིས་རྒྱུ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དང་། རྒྱུ་ཡི་ཡ་མཐའ་ལ་ཐོག་མ་མེད་ཅེས་ནང་པས་གང་བཤད་པ་དེ་ནི་འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ཐམས་ཅད་ཀྱི་རྩ་བའི་རྒྱུ་ངོས་མ་ཟིན་པའི་རྨོངས་གཏམ་ཙམ་དུ་འདོད། སྤྱིར་རྟག་པའི་རྒྱུ་ཁས་ལེན་མཁན་ཕྱི་རོལ་པ་གང་མང་ཡོད་ཀྱང་འདིར་ནི། ནང་པའི་མི་རྟག་པའི་རྟེན་འབྲེལ་གྱི་ལྡོག་ཟླ་གྲངས་ཅན་པའི་རྟག་པའི་རྒྱུའམ་སྤྱི་གཙོ་བོའི་སྐོར་རགས་པ་ཙམ་ཞིག་བཤད་ན་བསམ། དེ་ཡང་གྲངས་ཅན་པའི་ལུགས་ལ་ཁྱད་ཆོས་དྲུག་ལྡན་གྱི་སྤྱི་གཙོ་བོ་འཇོག་སྟངས། སྤྱི་གསལ་ངོ་བོ་གཅིག་ཏུ་གྲུབ་པ་ཁས་ལེན་དགོས་པའི་གནད་འགག ། འབྲས་བུ་རྣམས་རྒྱུ་ཡི་དུས་ནས་གྲུབ་པ་འདོད་ཚུལ་སོགས་བཤད་ན། གྲངས་ཅན་པས་རྟག་པའི་རྒྱུ་ཡོད་ཅེས་བཤད་པ་དེ་གང་འདྲ་ཞིག་ལ་བཤད་ཀྱི་ཡོད་མེད་ཚོད་ཚོད་ཅིག་ཤེས་ངེས་ཡིན་པས། གཤམ་ནས་དེ་དག་རིམ་པ་བཞིན་བཤད་པར་བྱ།

 

3༽ ཁྱད་ཆོས་དྲུག་ལྡན་གྱི་སྤྱི་གཙོ་བོ།

ཁྱད་ཆོས་དྲུག་ལྡན་གྱི་སྤྱི་གཙོ་བོའི་ཁྱད་ཆོས་རྣམས་རྟོག་གེ་འབར་བར་འཁོད་པ་ལྟར་ལྕང་སྐྱའི་གྲུབ་མཐའི་ནང་གསལ་བ་དེ་འདིར་དྲངས་ན། ༡མ་སྐྱེས་པས་རྟག་པ། ༢ཆ་མེད་པས་གཅིག་པུ། ༣སེམས་མེད་པས་ཡུལ་ཁོ་ན། ༤སྣོད་བཅུད་ཐམས་ཅད་ལ་ཁྱབ་པ། ༥ལས་སོགས་བྱེད་པ་པོ། ༦ཡོན་ཏན་གསུམ་ཆ་མཉམ་པ་བཅས་ཁྱད་ཆོས་དྲུག་དང་ལྡན་པའོ། །

 

༡ སྤྱི་གཙོ་བོའི་ཁྱད་ཆོས་དང་པོ་མ་སྐྱེས་པས་རྟག་པ།

སྤྱི་གཙོ་བོ་ལ་མ་སྐྱེས་པས་རྟག་པའི་ཁྱད་ཆོས་ཚང་ཞེས་པའི་དོན་ནི་སྤྱི་གཙོ་བོ་རྒྱུ་ལས་མ་སྐྱེས་པས། རྟག་བརྟན་གྱི་ངོ་བོར་གྲུབ་ཅེས་པའི་དོན་རེད། འདི་ནི་རྒྱུ་ལ་ཡ་མཐའ་ཡོད་པའི་འདོད་ཚུལ་ཞིག་ཡིན་པས། ནང་པའི་རྒྱུ་འབྲས་ཀྱི་རྟེན་འབྲེལ་བཤད་སྟངས་དང་ཐད་ཀར་རྒྱབ་འགལ་དུ་སོང་ཡོད། ནང་པ་སངས་རྒྱས་པ་རྣམས་ཀྱིས་རྒྱུ་ལ་ཡ་མཐའ་གཏན་ནས་མེད། གལ་ཏེ་རྒྱུ་ལ་ཡ་མཐའ་ཡོད་ན་རྒྱུ་མེད་ཀྱི་དངོས་པོ་ཁས་ལེན་དགོས་པའི་སྐྱོན་འཇུག་པ་ཡིན་ཞེས་བཤད་ཀྱང་། གྲངས་ཅན་ལྟར་ན། ནང་པའི་བཤད་སྟངས་དེ་ནི་དཔེར་ན། མི་དཀྱུས་མ་ཞིག་གིས་ང་རང་ཨ་མ་ལས་བྱུང་། ཨ་མ་ཡང་མོ་རང་གི་མ་ལས་བྱུང་བས། དེ་ལྟ་བུའི་རིགས་འདྲ་བཏང་ནས་བཙལ་བ་ན་ཨ་མ་མེད་པའི་ཕྲུ་གུ་མི་རྙེེད་ཅེས་བཤད་པ་དང་འདྲ་བར། བསམ་བློ་དཀྱུས་མ་ཙམ་ལས་མ་འཁོར་བའི་བཤད་སྟངས་ཤིག་ལས། འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས་གང་ཡིན་གཏན་ལ་འབེབ་ཐུབ་པའི་བཤད་སྟངས་ཤིག་མིན་པར་འདོད། ནང་པས་རྒྱུ་ཡིན་ན་མི་རྟག་པ་ཡིན་པའི་ཁྱབ་པ་ཁས་བླངས་ཀྱང་། གྲངས་ཅན་པས། སྤྱི་གཙོ་བོ་རྒྱུ་ཡིན་ཡང་མི་རྟག་པ་མ་ཡིན་པ་འདོད། དེ་ཡང་གྲངས་ཅན་པའི་ལུགས་ལ། སྤྱི་གཙོ་བོ་ནི་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ཀྱི་རྩ་བ་ཡིན་པས། རྟག་བརྟན་འགྱུར་མེད་ཀྱི་རྒྱུ་རུ་ངེས་པར་དུ་ཁས་ལེན་དགོས་པར་འདོད། དཔེར་ན་བུམ་པ་ལྟ་བུ་མཁྲེགས་གཟུགས་ཀྱིས། འོ་མ་དང་། སྦྲང་རྩི་སོགས་སྐྱོར་བར་བྱེད་ཅིང་། འཛིན་པར་བྱེད་ནུས་ཀྱི། ཆུ་སོགས་སླ་གཟུགས་ཀྱིས་དེ་ལྟར་བྱེད་མི་ནུས་པ་ལྟར། འགྱུར་སླ་བའི་འཇིག་རྟེན་ཁམས་ཀྱི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་དངོས་པོ་ཐམས་ཅད་ཀྱི་རྩ་བ་དེ་ངེས་པར་དུ་མི་འགྱུར་བའི་བརྟན་ཚུགས་ཤིག་དགོས་ཞེས་སྨྲ།

 

༢ སྤྱི་གཙོ་བོའི་ཁྱད་ཆོས་གཉིས་པ་ཆ་མེད་པས་གཅིག་པུ།

སྤྱི་གཙོ་བོ་ལ་ཆ་མེད་པས་གཅིག་པུའི་ཁྱད་ཆོས་ཚང་ཞེས་བཤད་པའི་ཆ་མེད་འདི། ནང་པའི་གཞུང་བཀླགས་པའི་བག་ཆགས་ཀྱི་དབང་གིས། བྱེ་མདོ་གཉིས་ཀྱིས་འདོད་པའི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལྟ་བུ་ཞིག་ང་ཚོའི་བློ་ལ་འཁོར་སྲིད། འོན་ཀྱང་། གྲངས་ཅན་པའི་ལུགས་ལ། སྤྱི་གཙོ་བོ་ཆ་མེད་ཡིན་ཞེས་པ་དེ། རྡུལ་ཕྲན་ཆ་མེད་ལྟ་བུའི་གོ་བ་བླངས་ན་གཏན་ནས་འགྲིག་ཐབས་མེད། དེ་ཡང་བསྟན་དར་ལྷ་རམས་པས། <ཉན་ཐོས་སྡེ་པས་རྡུལ་ཕྲ་རབ་ཆ་མེད་དུ་འདོད་པ་དང་། གྲངས་ཅན་པས་སྤྱི་གཙོ་བོ་ཆ་མེད་དུ་འདོད་པ་གཉིས་མིང་འདྲ་ཡང་དོན་མི་འདྲ་སྟེ། རྡུལ་ཕྲ་རབ་ཆ་མེད་དུ་འདོད་པའི་དོན་ནི་རང་གི་བདག་ཉིད་དུ་གྱུར་བའི་རང་མ་ཡིན་པའི་ཆ་དུ་མ་མེད་པའི་དོན་ཡིན་ལ། སྤྱི་གཙོ་བོ་ཆ་མེད་པའི་དོན་ནི་རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ལྡོག་པའི་ཆ་དུ་མ་མེད་པའི་དོན་ནོ། །>ཞེས་བཤད་པ་ལྟར་གོ་བ་ལེན་དགོས་སོ། །

ད་དུང་དཔེ་ཞིག་གི་ཐོག་ནས་གྲངས་ཅན་པའི་ལུགས་ལ་སྤྱི་གཙོ་བོ་ཆ་མེད་འདོད་སྟངས་བཤད་ན། དཔེར་ན་སེམས་ཙམ་པའི་ལུགས་ལ་མི་ཞིག་གིས་དུས་མཉམ་དུ་ཀ་བུམ་གཉིས་མིག་གིས་མཐོང་བའི་ཚེ། གང་མཐོང་བའི་ཀ་བུམ་གཉིས་ཀ་མིག་ཤེས་གཅིག་གི་བདག་ཉིད་དུ་གྲུབ་ཅིང་། མིག་ཤེས་དེ་ལ། ཀ་བ་དང་བདག་ཉིད་གཅིག་ལ་བུམ་པ་དང་བདག་ཉིད་མི་གཅིག་པའི་ཆ་སོ་སོར་ཕྱེ་རྒྱུ་མེད་པ་ནང་བཞིན། གྲངས་ཅན་པའི་ལུགས་ལ། རྣམ་འགྱུར་རི་རྭ་བ་ཁང་ཁྱིམ་སོགས་ཀྱང་། སྤྱི་གཙོ་བོ་གཅིག་གི་བདག་ཉིད་དུ་གྲུབ་ཅིང་། སྤྱི་གཙོ་བོ་དེ་ལ། རི་དང་བདག་ཉིད་གཅིག་ལ། ཁང་པ་དང་བདག་ཉིད་མི་གཅིག་པའི་ཆ་སོ་སོར་ཕྱེ་རྒྱུ་མེད་ཅེས་པའི་དོན་དུ་གོ་དགོས་པ་ཡིན་ནོ། །

 

༣ སྤྱི་གཙོ་བོའི་ཁྱད་ཆོས་གསུམ་པ་སེམས་མེད་པས་ཡུལ་ཁོ་ན།

གྲུབ་མཐའི་གཞུང་རྣམས་སུ་བཤད་པ་ལྟར། གྲངས་ཅན་པའི་ལུགས་ལ་ཤེས་པ་དང་སེམས། བདག་དང་གང་ཟག་རྣམས་དོན་གཅིག་ཡིན་ལ།  བདག་ལས་གཞན་པའི་ཤེས་བྱ་ཚང་མ་བེམ་གཟུགས་ཀྱི་ངོ་བོར་གྲུབ་པ་རྐྱང་རྐྱང་དུ་འདོད།   སྐབས་འདིར་བེམ་པོ་ཞེས་པ་ནི།  རྡུལ་དུ་གྲུབ་པའི་གཟུགས་ཅན་གྱི་ཆོས་ལ་གོ་དགོས།  སྤྱི་གཙོ་བོ་ནི་བདག་མ་ཡིན་པས་སེམས་མེད་པའམ་སེམས་ཀྱི་ངོ་བོར་མ་གྲུབ་པ་ཡིན་ནོ། །ནང་པའི་གཞུང་དུ་དངོས་པོ་ལ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་ཕྱེ་རྒྱུ་ཡོད་མོད།  གྲངས་ཅན་པའི་ལུགས་ལ་དངོས་པོ་ལ་བེམ་ཤེས་གཉིས་ལས།  ལྡན་མིན་འདུ་བྱེད་ཅེས་པ་ཞིག་གཏན་ནས་མི་འདོད་པ་འདྲ།  འདི་ནི་ངས་སོ་སོའི་བསམ་ཚུལ་བཤད་པ་ཙམ་མིན།  གྲུབ་མཐའི་གཞུང་རྣམས་སུ་གྲངས་ཅན་པའི་གཞི་ཡི་རྣམ་གཞག་བཤད་སྐབས།   དངོས་པོ་ལ་ལྡན་མིན་འདུ་བྱེད་ཅེས་པ་ཞིག་གཏན་ནས་བཤད་མི་འདུག ། སྐབས་འདིར་དོ་སྣང་དགོས་པའི་གནད་དོན་ནི། ནང་པའི་གཞུང་དུ་དངོས་པོ་ལ་ལྡན་མིན་འདུ་བྱེད་ཅེས་པ་ཞིག་འཇོག་གི་ཡོད་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན་དངོས་པོ་ལ་རྡུལ་ཕྲན་འདུས་པ་གཟུགས་ཅན་གྱི་ངོ་བོར་གྲུབ་པ་དང་། རྡུལ་ཕྲན་འདུས་པའི་ངོ་བོར་གྲུབ་པ་མ་ཡིན་པར་གསལ་ཞིང་རིག་པའི་ཆ་ཙམ་དུ་གྲུབ་པ་གཉིས་ལས་ལོགས་སུ་ལྡན་མིན་འདུ་བྱེད་ཅེས་པ་ཞིག་འཇོག་དཀའ་བར་སྣང་། ནང་པའི་གཞུང་ནས་བཤད་པའི་ལྡན་མིན་འདུ་བྱེད་ཅེས་པ་ནི། ནམ་མཁའི་འཇའ་ལྟར། ཕར་ཕར་ཉེ་བར་བཅར་ན་འཇུ་ས་འཐམ་ས་གང་ཡང་མེད་པ་ཞིག་ཏུ་མཐོང་བས། བློས་བཟོས་འབའ་ཞིག་ཡིན་མིན་དཔྱད་དགོས་པ་ཞིག་གོ །

༤ སྤྱི་གཙོ་བོའི་ཁྱད་ཆོས་བཞི་པ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ།

སྤྱི་གཙོ་བོ་ལ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་ཁྱད་ཆོས་ཚང་བའི་དོན་ནི། དཔེར་ན་སེམས་ཙམ་པའི་ལུགས་ལ་ཤེས་པས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་དོན། སྣོད་བཅུད་ཐམས་ཅད་ཤེས་པའི་བདག་ཉིད་དུ་གྲུབ་པ་ལ་བཤད་པ་ལྟར། གྲངས་ཅན་པའི་ལུགས་ལ་ཡང་སྣོད་བཅུད་ཐམས་ཅད་སྤྱི་གཙོ་བོ་གཅིག་གི་བདག་ཉིད་དུ་གྲུབ་པས། སྤྱི་གཙོ་བོས་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཅེས་འདོད།

 

༥ སྤྱི་གཙོ་བོའི་ཁྱད་ཆོས་ལྔ་པ་ལས་སོགས་བྱེད་པ་པོ།

སྤྱི་གཙོ་བོ་ལ་ལས་སོགས་བྱེད་པ་པོའི་ཁྱད་ཆོས་ཚང་བའི་དོན་ནི། སྤྱི་གཙོ་བོ། སྣོད་བཅུད་ཀྱི་འཇིག་རྟེན་རྣམས། སྐྱེས་བུའམ། བདག་གི་འདོད་པ་ལྟར་སྐྱེས་པའི་ལས་བྱེད་པ་པོ་ཡིན་ཞེས་པའི་དོན་དུ་གོ་དགོས། སྐབས་འདིར་སྤྱི་གཙོ་བོ་འཇིག་རྟེན་གྱི་བྱེད་པ་པོ་ཡིན་པའི་དོན་དེ། འཇིག་རྟེན་བཀོད་པ་པོ་ལྟར་གོ་བ་བླངས་ན་རྩ་ནས་མི་འགྲིག །གྲངས་ཅན་ལྷ་བཅས་པས། སྤྱི་གཙོ་བོ་ལ་སེམས་མེད་པས་དབང་ཕྱུག་མེད་ན་འཇིག་རྟེན་བསྐྲུན་མི་ཐུབ་པའི་འདོད་ཚུལ་འཛིན་པ་ལ། གྲངས་ཅན་ལྷ་མེད་པས་དགག་པ་བརྒྱབ་པ་གྲུབ་མཐའི་གཞུང་ཁག་ནང་གསལ་བོ་འཁོད་ཡོད། དེས་ན་གྲངས་ཅན་ལྷ་བཅས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་། གྲངས་ཅན་ལྷ་མེད་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཕྱོགས་ཡིན།  འཇིག་རྟེན་བཀོད་པ་པོ་ནི།  བུམ་པ་བཟོ་མཁན་གང་ཟག་ལྟར། འཇིག་རྟེན་གྱི་སྣོད་བཅུད་སྐྲུན་མཁན་གང་ཟག་ལ་གོ་དགོས་པ་གང་ཞིག་ལ། སྤྱི་གཙོ་བོ་ནི་སེམས་མེད་འབའ་ཞིག་ཡིན་པས་གང་ཟག་གཏན་ནས་མ་ཡིན་པའི་ཕྱིར་རོ། །

 

༦ སྤྱི་གཙོ་བོའི་ཁྱད་ཆོས་དྲུག་པ་ཡོན་ཏན་གསུམ་ཆ་མཉམ་པའི་བདག་ཉིད།

སྤྱི་གཙོ་བོ་ལ་ཡོན་ཏན་གསུམ་ཆ་མཉམ་པའི་ཁྱད་ཆོས་ཚང་བའི་དོན་མ་བཤད་པའི་སྔོན་དུ་ཡོན་ཏན་གསུམ་གྱི་སྐོར་ཅུང་ཙམ་བཤད་དགོས། དེ་ཡང་པཎྜི་ཏ་བྱང་ཆུབ་བཟང་པོའི་བཤད་སྦྱར་ལས། <གྲངས་ཅན་ན་རེ། རངས་དང་མགུ་དང་ཀུན་དགའ་དང་། །བདེ་ཞིང་ཞི་བའི་སེམས་ཉིད་དག །དེས་དགའ་ཡང་ནི་སྣང་གྱུར་བ། །དེ་དག་སྙིང་སྟོབས་ཡོན་ཏན་ཡིན། །མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱི། །དེ་དག་རྡུལ་ནི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །>ཅེས་དྲངས་འདུག ། ཤོ་ལོ་ཀ་གསུམ་པོའི་ཚིག་རིས་ཙམ་ནི་གོ་སླ་བས་འགྲེལ་བཤད་མི་དགོས། དོན་དག་གནད་བསྡུས་ཙམ་བཤད་ན། དེ་ཡང་ཤོ་ལོ་ཀ་དང་པོའི་ནང་། ང་ཚོ་དངོས་པོ་ཞིག་དང་འཕྲད་སྐབས། དངོས་པོ་དེས་དགའ་བ་དང་། བདེ་བ་སྟེར་ཞིང་། ཡིད་དུ་འོང་བར་སྣང་བ་བྱེད་པ་བཅས་ནི། དངོས་པོ་དེའི་ངོས་ཀྱི་སྙིང་སྟོབས་ཀྱི་ཡོན་ཏན་ནམ། ཁྱད་ཆོས་ཡིན་ཞེས་བསྟན་འདུག ། ཤོ་ལོ་ཀ་གཉིས་པའི་ནང་ང་ཚོ་དངོས་པོ་ཞིག་དང་འཕྲད་སྐབས། དངོས་པོ་དེས་མི་དགའ་བ་དང་སྡུག་བསྔལ་སྟེར་ཞིང་། ཡིད་དུ་མི་འོང་པར་སྣང་བ་བྱེད་པ་བཅས་ནི་དངོས་པོ་དེའི་ངོས་ཀྱི་རྡུལ་གྱི་ཡོན་ཏན་ནམ། ཁྱད་ཆོས་ཡིན་ཞེས་བཤད་འདུག ། ཤོ་ལོ་ཀ་གསུམ་པའི་ནང་ང་ཚོ་དངོས་པོ་ཞིག་དང་འཕྲད་སྐབས།  དངོས་པོ་དེས་རྨོངས་པ་དང་བག་མེད་པར་བྱེད་ཅིང་། དོན་མེད་གཡེང་བར་བྱེད་པ་བཅས་ནི་དངོས་པོ་དེའི་ངོས་ཀྱི་མུན་པའི་ཡོན་ཏན་ནམ། ཁྱད་ཆོས་ཡིན་ཞེས་གསུངས་འདུག་གོ ། དེ་ལྟ་བུའི་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་པོ་ཚ་གྲང་ལྟར་འགལ་བས། དེ་གསུམ་ཀ་གཞི་དངོས་པོ་གཅིག་ལ་མཉམ་དུ་གནས་ཐབས་མེད་པ་ལྟ་བུ་ཡོད། དེ་ཡང་སེམས་དཔའ་རྡོ་རྗེའི་གྲུབ་མཐའི་ནང་<ཡོན་ཏན་གསུམ་གཞི་གཅིག་ལ་གནས་ཐབས་ཡོད་པའི་ཚུལ་ནི། དཔེར་ན། གཟུགས་བྱད། སྤྱོད་ལམ་མཛེས་པའི་བུད་མེད་ལ་འདོད་ལྡན་སྐྱེས་པར་དགའ་བདེ་སྦྱིན་པའི་་ཆ་ནས་སྙིང་སྟོབས་ཀྱི་ཡོན་ཏན་ཡོད་པ་གོ་ཐུབ། བུད་མེད་གཞན་ཕྲག་དོག་གི་དབང་གིས་མི་དགའ་བ་སྟེར་བའི་ཆ་ནས་རྡུལ་གྱི་ཡོན་ཏན་ཡོད་པ་གོ་ནུས། ཡང་ཆགས་ཅན་གྱི་སྐྱེས་བུ་ཆགས་པའི་དབང་གིས་རྨོངས་པ་སྐྱེས་པའི་ཆ་ནས་མུན་པའི་ཡོན་ཏན་ཡོད་པ་ཤེས་ནུས་>ཞེས་བཤད་པ་འདི་ནི་གཞི་ལ་བབས་པའི་གོ་བ་ལེན་སྟངས་ཤིན་ཏུ་ལེགས་པ་ཞིག་གོ །

སྤྱི་གཙོ་བོ་ལ་གོང་སྨོས་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པའི་ཁྱད་ཆོས་ཚང་བས། ང་ཚོའི་མངོན་སུམ་གྱི་ཡུལ་དུ་མི་གསལ་བའམ། རྟགས་ལ་མ་བརྟེན་པར་མངོན་སུམ་གྱིས་ཤེས་མི་ཐུབ། དེ་ཡང་སྤྱི་གཙོ་བོ་ལ་ཡོན་ཏན་གསུམ་ཆ་མཉམ་དུ་གནས་པས། ང་ཚོའི་མངོན་སུམ་གྱི་ཡུལ་དུ་མི་གསལ་བའི་ངོ་བོར་གྲུབ་ཅེས་པ་འདི། གོ་དཀའ་བ་ལྟ་བུ་ཡོད་ཀྱང་། མཚན་གཞི་ལ་བབས་ནས་བཤད་ན། རྩ་བ་ནས་ར་མི་འཕྲོད་པ་དེ་འདྲ་མ་རེད། ང་ཚོས་དངོས་པོ་ཞིག་ཡིད་དུ་འོང་བ་མཐོང་སྐབས་དངོས་པོ་དེའི་སྙིང་སྟོབས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་རེད། སྐབས་དེར་ང་ཚོས་དངོས་པོ་དེ་ཡིད་དུ་མི་འོང་བ་གཏན་ནས་སྣང་མི་སྲིད། འདི་ནི་སྙིང་སྟོབས་ཀྱི་ཡོན་ཏན་མངོན་དུ་གྱུར་པས་རྡུལ་གྱི་ཡོན་ཏན་ཟིལ་གྱིས་མནན་པའམ། དངོས་པོ་དེའི་སྙིང་སྟོབས་ཀྱི་ཡོན་ཏན་དང་། རྡུལ་གྱི་ཡོན་ཏན་ཆ་མི་མཉམ་པར་ཆགས་པ་ཡིན། མཚན་གཞི་འདིའི་ཐོག་ནས་རིགས་འདྲ་བཏང་ན། ང་ཚོས་དངོས་པོ་ཞིག་དཀར་པོ་ཡིན་པ་མཐོང་བ་ལ་དངོས་པོ་དེ་ནག་པོ་ཡིན་པ་མ་མཐོང་བ་དགོས། རི་བོ་ཞིག་མཐོན་པོ་ཡིན་པ་མཐོང་བ་ལ་དམའ་བོ་ཡིན་པ་མ་མཐོང་བ་དགོས། དབྱུག་པ་ཞིག་རིང་པོ་ཡིན་པ་མཐོང་བ་ལ། ཐུང་ངུ་ཡིན་པ་མ་མཐོང་བ་དགོས་པ་སོགས། ང་ཚོས་དངོས་པོ་ཞིག་མཐོང་བ་ལ་དངོས་པོ་དེའི་སྙིང་སྟོབས་ཀྱི་ཡོན་ཏན་གྱིས། རྡུལ་གྱི་ཡོན་ཏན་ཟིལ་གྱིས་མནན་པའམ། རྡུལ་གྱི་ཡོན་ཏན་གྱིས་སྙིང་སྟོབས་ཀྱི་ཡོན་ཏན་ཟིལ་གྱིས་མནན་པ་ལྟ་བུ། ཡོན་ཏན་ཆ་མི་མཉན་པར་ཆགས་པའི་སྐབས་ཁོ་ན་དངོས་པོ་དེ་མཐོང་གི་ཡོད། མུན་པའི་ཡོན་ཏན་ཆ་མི་མཉམ་པ་ཡང་འདིས་མཚོན་ནས་ཤེས་པར་བྱ། ད་ནས་སྤྱི་གཙོ་བོ་ལ་ཡོན་ཏན་གསུམ་ཀ་ཆ་མཉམ་དུ་གནས་པས། ང་ཚོས་མངོན་སུམ་གྱིས་མཐོང་མི་ཐུབ་ཅེས་བཤད་པ། གང་ལ་གང་འཚམ་ཞིག་ར་འཕྲོད་པ་ཡིན་ཏེ། ང་ཚོས་དངོས་པོ་ཞིག་མཐོང་བ་ལ། ཡང་མིན་ན་དངོས་པོ་དེ་ཡིད་དུ་འོང་བ་མཐོང་དགོས། ཡང་མིན་ན་ཡིད་དུ་མི་འོང་བ་མཐོང་དགོས། དེ་གཉིས་གང་ཡང་མ་མཐོང་ན། ཡིད་དུ་འོང་མི་འོང་གང་ཡང་མིན་པའི་བར་མ་ལྟ་བུ་ཞིག་ངེས་པར་དུ་མཐོང་དགོས་པ་ཡིན། འོན་ཀྱང་མཐོང་ཚུལ་དེ་གསུམ་ནི་ཡོན་ཏན་གསུམ་ཆ་མི་མཉམ་པའི་གནས་སྐབས་ཁོ་ནར་མ་གཏོགས་མི་ཡོང་ངོ་། །གྲངས་ཅན་པས་མི་གསལ་བའི་སྤྱི་གཙོ་བོ་ཡོད་པ་སྒྲུབ་བྱེད་ཀྱི་རིགས་པ་མང་པོ་གསུངས་འདུག་ཀྱང་ཧ་ཅང་མང་བར་འགྱུར་བས་རེ་ཞིག་བཞག །

 

4༽ སྤྱི་གསལ་ངོ་བོ་གཅིག་ཏུ་གྲུབ་པའི་སྒོ་ནས་རྒྱུ་འབྲས་སུ་འགྱུར་ཚུལ།

གྲངས་ཅན་པའི་ལུགས་ལ། སྤྱི་གཙོ་བོའམ་རྩ་བའི་རྒྱུ་དང་། གསལ་བའམ་འབྲས་བུ་རྣམས་བདག་ཉིད་གཅིག་པའི་རྒྱུ་འབྲས་སུ་འདོད་ཚུལ་འདི་གྲུབ་མཐའི་གཞུང་མང་པོའི་ནང་བཤད་འདུག་ཀྱང་། དེ་དག་ཚང་མ་འདིར་དྲངས་ན་མང་བར་འགྱུར་བས། འདིར་རྒྱབ་ཚབ་དར་མ་རིན་ཆེན་པའི་རྣམ་འགྲེལ་བཤད་པ་ཐར་ལམ་གསལ་བྱེད་དུ་གསུངས་པ་དེ་གཅིག་པུ་དྲངས་ནས་འཐུས་པ་བྱ། དེ་ཡང་ཐར་ལམ་གསལ་བྱེད་ལས། <ཡོན་ཏན་གསུམ་ཆ་མཉམ་པ་དུས་ནམ་ཡང་མངོན་དུ་གྱུར་མི་སྲིད་པས་མི་གསལ་བ་ཆོས་རྣམས་ཀྱི་གནས་ལུགས་རང་བཞིན་དེའི་ངང་ལས་རྣམ་འགྱུར་སྣ་ཚོགས་པ་ནམ་མཁའ་ལ་འཇའ་ཚོན་ལྟར་འབྱུང་ཞིང་དེ་ཐམས་ཅད་རང་བཞིན་གཅིག་པས། བུམ་པའི་རང་བཞིན་དེ་ཉིད་སྣམ་བུའི་རང་བཞིན་དང་། སྣམ་བུའི་རང་བཞིན་དེ་ཉིད་བུམ་པའི་རང་བཞིན་ཡིན་པས་གནས་སྐབས་ཐ་དད་པ་ཙམ་ཡིན་གྱི། རང་བཞིན་ལ་ཆ་ཤས་ཀྱི་དབྱེ་བ་ཅུང་ཟད་ཀྱང་མེད་དོ་ཞེས་དེ་ཉིད་ལ་སྤྱི་གཙོ་བོ་ཞེས་བྱའོ། །རྣམ་འགྱུར་རྣམས་རང་སྟོང་སྒྱུ་མ་ལྟ་བུ་གསོག་ཉིད་དུ་འདོད་ལ། རང་བཞིན་རྟག་དངོས་སུ་འདོད་དོ། །> ཞེས་གྲངས་ཅན་པའི་ལུགས་ལ། སྤྱི་གཙོ་བོ་དང་། གསལ་བ་བུམ་སྣམ་རང་བཞིན་གཅིག་པའམ། ངོ་བོ་གཅིག་པའི་རྒྱུ་འབྲས་ཡིན་པ་མ་ཟད། གསལ་བ་བུམ་པ་དང་སྣམ་བུ་རི་རྭ་བ་སོགས་ནང་ཕན་ཚུན་ཡང་ངོ་བོ་གཅིག་པ་འདོད་ཅེས་གསུངས། སྐབས་འདིར་ས་ཆུ་མེ་རླུང་སོགས་ངོ་བོ་གཅིག ། བུམ་པ་དང་སྣམ་བུ་བདག་ཉིད་གཅིག་ཅེས་རྣམ་འགྱུར་ཚང་མ་བདག་ཉིད་གཅིག་པར་བཤད་པ་རྣམས། གྲངས་ཅན་པའི་ལྟ་བ་མཐར་ཐུག་དང་འབྲེལ་བ་ཡོད་པས་ཐད་ཀར་གོ་བ་ལེན་དཀའ་བར་སྣང་།

འོན་ཀྱང་།   འབྲས་བུ་ཐམས་ཅད་རྩ་བའི་རང་བཞིན་གཅིག་གི་རྣམ་འགྱུར་དུ་གྱུར་ཚུལ་དང་། རྩ་བ་དེ་ལས་རྣམ་འགྱུར་སྣ་ཚོགས་སྐྱེས་པའི་དོན་གོ་ན། ད་གཟོད་བུམ་སྣམ་གཉིས་བདག་ཉིད་གཅིག་ཏུ་གྲུབ་ཚུལ་གོ་བ་མ་ཟད། ས་ཆུ་མེ་རླུང་སོགས་སྣོད་བཅུད་ཐམས་ཅད་བདག་ཉིད་གཅིག་ཏུ་གྲུབ་ཚུལ་གོ་ཐུབ་པ་ཡིན།   དེ་ཡང་གྲངས་ཅན་པའི་ལུགས་ལ་རྩ་བའམ་སྤྱི་གཙོ་བོ་ལས། རྣམ་འགྱུར་འབྲས་བུ་རྣམས་སྐྱེ་ཚུལ་ནི། ཨ་མ་ལས་ཕྲུ་གུ་སྐྱེས་པ་ལྟར་སྤྱི་གཙོ་བོ་དེ་ལས་འབྲས་བུ་ས་ཆུ་མེ་རླུང་སོགས། ལོགས་སུ་རྡོག་རྡོག་ཅིག་ཐོན་ཡོང་བ་ལྟ་བུ་གོ་བ་བླངས་ན་འགྲིག་ཐབས་གཏན་ནས་མེད། སྤྱི་གཙོ་བོའམ། རྩ་བའི་རང་བཞིན་ལས། རྣམ་འགྱུར་ས་ཆུ་མེ་རླུང་སོགས་སྐྱེས་པའི་དོན་ནི། སྤྱི་གཙོ་བོས་གང་ཟག་རྣམས་ཀྱི་བློ་ཡི་ངོར་རྣམ་འགྱུར་དེ་དག་གསལ་བ་བྱས་པ་ཙམ་ལ་གོ་དགོས། དེ་ཡང་ང་ཚོས་ཀ་བུམ་གཉིས་མཐོང་བ་ནི། སྤྱི་གཙོ་བོས་ང་ཚོའི་བློ་ངོར་ཀ་བུམ་གཉིས་གསལ་བར་བྱས་པ་ཡིན་ལ། སྤྱི་གཙོ་བོ་ལས་ཀ་བུམ་གཉིས་སྐྱེས་པའི་དོན་ཡང་དེ་ཙམ་ཞིག་ལ་གོ་དགོས་པ་ཡིན་ནོ། །

ང་ཚོས་ཀ་བུམ་གཉིས་མཐོང་བའི་ཚེ། དེ་གཉིས་གོ་ས་སོ་སོ་ན་གནས་པར་མཐོང་བ་མ་ཟད། སྤྱི་གཙོ་བོ། ཞེས་པ་ཞིག་དང་འབྲེལ་བ་གཏན་ནས་མེད་པར་ཚུགས་ཐུབ་ཀྱི་ངང་ནས་ལིང་ངེར་གནས་པ་མཐོང་གི་ཡོད་ཀྱང་། མཐོང་ཚུལ་དེ་ནི་ཐ་མལ་པའི་སྣང་ཞེན་གྱི་དབང་གིས་མཐོང་བའི་རྫུན་སྣང་ཙམ་ལས། དངོས་པོའི་གནས་ཚུལ་ལ་ཀ་བུམ་གཉིས་གོ་ས་སོ་སོ་ན་གནས་མེད་པར་མ་ཟད། གཉིས་ཀ་སྤྱི་གཙོ་བོ་གཅིག་གི་བདག་ཉིད་ཙམ་དུ་གྲུབ་པ་ཡིན་ནོ། ། དེ་ཡང་དཔེར་ན་ལྟད་མོ་བ་ཞིག་གིས་སྒྱུ་མའི་རྟ་གླང་གཉིས་སྣང་བའི་ཚེ། ཚུགས་ཐུབ་ཀྱི་རྟ་གླང་ལིང་ངེ་བ་གཉིས། གོ་ས་སོ་སོ་ན་ཡོད་པར་སྣང་བ་ནི་འཁྲུལ་སྣང་འབབ་ཞིག་ལས། དངོས་པོའི་གནས་ཚུལ་ལ་ལྟད་མོ་བ་དེས་སྣང་བའི་རྟ་གླང་གཉིས་པོ་གོ་ས་སོ་སོ་ན་གནས་མེད་པ་མ་ཟད། གཉིས་ཀ་ལྟད་མོ་བའི་བློ་ཡི་བདག་ཉིད་ཙམ་དུ་གྲུབ་པ་ལས་མ་འདས་པ་བཞིན་ནོ། །ད་དུང་ང་ཚོ་ལ་རྒྱུས་མངའ་ཡོད་པའི་དཔེ་ཞིག་བཀོད་ན། དཔེར་ན་སེམས་ཙམ་པའི་ལུགས་ལ་མི་ཞིག་གིས་དུས་མཉམ་དུ་ཀ་བུམ་གཉིས་སྣང་བ་ན། ཀ་བུམ་གཉིས་གོ་ས་སོ་སོ་ན་གནས་པའི་རྫས་ཐ་དད་པར་སྣང་བ་མ་ཟད། དེ་གཉིས་ནང་གི་ཤེས་པ་དང་འབྲེལ་བ་གཏན་ནས་མེད་པའི་ཚུགས་ཐུབ་ལིང་ངེ་བའི་གཟུགས་གཉིས་སྣང་གི་ཡོད། འོན་ཀྱང་སྣང་ཚུལ་དེ་ནི་རྫུན་སྣང་ཙམ་ལས། དངོས་པོའི་གནས་ཚུལ་ལ། དེ་འདྲའི་ཀ་བུམ་གཉིས་གོ་ས་སོ་སོ་ན་གནས་པའི་རྫས་ཐ་དད་དུ་གྲུབ་མེད་པར་མ་ཟད། གཉིས་ཀ་ཤེས་པ་གཅིག་གི་བདག་ཉིད་ཙམ་ལས་མ་འདས་སོ། དེ་བཞིན་དུ། གྲངས་ཅན་པའི་ལུགས་ལ་ཡང་། མི་རྣམས་ཀྱིས་ས་ཆུ་མེ་རླུང་སོགས་སྣང་བའི་ཚེ། རང་རང་སོ་སོའི་གོ་ས་ན་ལོགས་སུ་གནས་པའི་རྫས་ཐ་དད་པར་སྣང་བ་མ་ཟད། སྤྱི་གཙོ་བོ་དང་འབྲེལ་མེད་དུ་སྣང་གི་ཡོད། འོན་ཀྱང་སྣང་ཚུལ་དེ་དག་ནི་རྫུན་སྣང་ཙམ་ལས། དངོའ་པོའི་གནས་ཚུལ་ལ། ས། ཆུ། མེ། རླུང་སོགས། གོ་ས་སོ་སོ་ན་གནས་པའི་རྫས་ཐ་དད་དུ་གྲུབ་མེད་པ་མ་ཟད། དེ་དག་སྤྱི་གཙོ་བོ་གཅིག་གི་བདག་ཉིད་ཙམ་དུ་གྲུབ་པ་ཡིན་ནོ། །

 

5༽ རྒྱུ་ཡི་དུས་སུ་འབྲས་བུ་ཡོད་ཚུལ།

འཕགས་ཡུལ་གྱི་ནང་པའི་ཚད་མ་རིག་པའི་སློབ་དཔོན་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལས།

<རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །

སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །

དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །

ངོ་མཚར་བཅས་པ་སུ་བརྗོད་རྩོལ། །>

ཞེས་གླང་ཆེན་བརྒྱ་ཡི་ཉེར་ལེན་འབུ་གྲོག་མ་བརྒྱ་རྩྭ་ཡི་རྩེ་མོར་ཡོད་པའི་ཚེ།  གླང་ཆེན་བརྒྱ་པོ་དེ་ཡང་རྩྭ་ཡི་རྩེ་མོར་ཡོད་ཅེས་སྨྲ་བའི་གྲངས་ཅན་པ་ནི།    དུད་འགྲོ་ཕྱུགས་དང་འདྲ་བ་རེད་ཅེས་རྒྱུ་དུས་ན་འབྲས་བུ་འདོད་པའི་གྲངས་ཅན་པའི་གྲུབ་མཐའ་ལ་མཐོང་ཆུང་གི་རྣམ་པ་བསྟན་འདུག །  འོན་ཀྱང་། གྲངས་ཅན་པ་ལྟར་ན། དཔལ་ལྡན་ཆོས་གྲགས་ཀྱིས་རྩྭ་ཡི་རྩེ་མོ་ཞིག་ལ། གླང་ཆེན་བརྒྱ་གནས་ཐབས་མེད་ཅེས་བཤད་པ་དེ་ནི། ཐ་མལ་པའི་ཀུན་རྫོབ་ཀྱི་སྣང་ཞེན་གྱི་དབང་འོག་ཏུ་ཚུད་པའི་གང་ཟག་རྣམས་ཀྱི་བཤད་ཚུལ་ཙམ་ལས་མ་འདས་ཤིང་། དོན་དམ་གྱི་ལྟ་བ་མཐར་ཐུག་རྙེད་པའི་གང་ཟག་རྣམས་ཀྱིས་ནི་རྩྭ་རྩེ་མོ་ཞིག་ལ། གླང་ཆེན་བརྒྱ་གནས་ཐུབ་པར་འདོད་ཅེས་སྨྲ། དེ་ཡང་ཐ་མལ་པ་ཞིག་གིས་གླང་ཆེན་དང་། འབུ་གྲོག་མ། རྩྭ་ཡི་རྩེ་མོ་རྣམས་སྣང་བའི་ཚེ་དེ་དག་གོ་ས་སོ་སོ་ན་གནས་པའི་རྫས་ཐ་དད་པར་སྣང་བ་མ་ཟད། གླང་ཆེན་སྣང་བའི་ཚེ། བོང་ཚད་ཧ་ཅང་གི་ཆེ་བའི་ཚུགས་ཐུབ་ཀྱི་དངོས་པོ་ཞིག་ཏུ་སྣང་ལ། འབུ་གྲོག་མ་དང་། རྩྭ་ཡི་རྩེ་མོ་སྣང་བའི་ཚེ། བོང་ཚད་ཧ་ཅང་གི་ཆུང་ཆུང་སྣང་ཡང་ཚུགས་ཐུབ་ཏུ་གྲུབ་པ་གླང་ཆེན་དང་འདྲ་བར་སྣང་གི་ཡོད། འོན་ཀྱང་། གླང་ཆེན་དང་། འབུ་གྲོག་མ། རྩྭ་ཡི་རྩེ་མོ་སོགས་རྩ་བའི་རང་བཞིན་གཅིག་གི་རྣམ་འགྱུར་ཙམ་དུ་གྲུབ་པའི་དོན་དམ་གྱི་ལྟ་བ་མཐར་ཐུག་རྙེད་པའི་གང་ཟག་གཅིག་གིས། གླང་ཆེན་དང་། འབུ་གྲོག་མ། རྩྭ་ཡི་རྩེ་མོ་རྣམས་སྣང་བའི་ཚེ། དེ་དག་གོ་ས་སོ་སོ་ན་གནས་པའི་རྫས་ཐ་དད་དུ་གྲུབ་པ་མི་སྣང་བ་མ་ཟད། གླང་ཆེན་དང་། འབུ་གྲོག་མ། རྩྭ་ཡི་རྩེ་མོ་སོགས་ཚུགས་ཐུབ་ཏུ་མ་གྲུབ་པར་རྩ་བའི་རང་བཞིན་གཅིག་གི་རྣམ་འགྱུར་ཙམ་དུ་སྣང་བ་ཡིན་ནོ། །

གལ་སྲིད་གྲངས་ཅན་པས། དཔལ་ལྡན་ཆོས་གྲགས་ལ། ཁྱོད་ཀྱི་མིག་གིས་གླང་ཆེན་བརྒྱ་མཐོང་བའི་ཚེ་ཁྱོད་ཀྱི་མིག་ཆུང་ཆུང་དེའི་ནང་གླང་ཆེན་བརྒྱ་ཡོད་པར་ཐལ། དེ་ལྟ་བུའི་གླང་ཆེན་བརྒྱ་པོ་ཁྱོད་ཀྱི་མིག་ཤེས་ཀྱི་སྟེང་དུ་ཡོད་པའི་ཕྱིར་ཞེས་བཤད་ཡོང་ན་དེའི་ལན་དུ། དཔལ་ལྡན་ཆོས་གྲགས་ཀྱིས། གྲངས་ཅན་པ་ལ། ཁྱོད་ཀྱིས་གླང་ཆེན་བརྒྱ་མིག་ཤེས་ཀྱི་སྟེང་དུ་གནས་ཐབས་མེད་ཅེས་བཤད་པ་ནི། གླང་ཆེན་གྱི་གཟུགས་ཕུང་ཕྱི་རོལ་ཏུ་ཞེན་པའི་འཁྲུལ་པའི་བག་ཆགས་གོམས་པའི་དབང་གིས་བཤད་པ་ཙམ་ལས། ཕྱི་རོལ་ཏུ་ཞེན་པའི་འཁྲུལ་སྣང་སྤངས་པའི་གང་ཟག་རྣམས་ཀྱིས་གླང་ཆེན་བརྒྱ་མིག་ཤེས་ཀྱི་སྟེང་དུ་ཡོད་པ་མཐོང་ཞེས་ལན་འདེབས་པར་ངེས་སོ། །གྲངས་ཅན་པས་གླང་ཆེན་རྒྱུ་དུས་སུ་ཡོད་པར་བཤད་པ་དང་། དཔལ་ལྡན་ཆོས་གྲགས་ཀྱིས་གླང་ཆེན་མིག་ཤེས་ཀྱི་སྟེང་དུ་ཡོད་ཚུལ་བཤད་པ། དབུ་མ་ཐལ་འགྱུར་བས་གླང་ཆེན་དང་འབུ་གྲོག་མ་གཉིས་ཡུལ་ཁོ་རང་གི་སྟེང་ནས་བོང་ཚད་ཆེ་ཆུང་ཁྱད་པར་མེད་ཅེས་བཤད་པ་ཐམས་ཅད། གྲུབ་མཐའ་རང་རང་གི་དོན་དམ་པའི་ལྟ་བ་ལ་གཏུགས་ནས་བཤད་ཀྱི་ཡོད་པས། དོན་དམ་གྱི་ལྟ་བ་དེ་དག་ངོས་མ་ཟིན་མཁན་རྣམས་ཀྱིས། ལམ་སང་གྲངས་ཅན་ནོར་བ་དང་དབུ་སེམས་འགྲིག་པ་སྨྲ་ཐུབ་རྒྱུ་ཞིག་མིན་ལ། གྲངས་ཅན་པས་བཤད་པ་རྣམས་རགས་པ་དང་། དབུ་སེམས་ཀྱིས་བཤད་པ་ཕྲ་བ་ཡིན་ཞེས་དེ་བས་ཀྱང་བཤད་ཐུབ་རྒྱུ་ཞིག་མིན་ནོ། །

རྩྭ་ཡི་རྩེ་མོས་གླང་ཆེན་བརྒྱ་ཁྱག་པའི། །

ཕྱི་རོལ་གྲངས་ཅན་པ་ཡི་གྲུབ་མཐའ་དང་། །

མི་ཡི་མིག་ནང་གླང་ཆེན་བརྒྱ་ཤོང་པའི། །

ནང་པའི་ཆོས་ཀྱི་གྲགས་པའི་གྲུབ་མཐའ་གཉིས། །

ཐ་སྙད་ཚད་མས་གནོད་ན་གནོད་མཉམ་དང་། །

དོན་དམ་ལྟ་ལ་ཐུག་ན་ཐུག་མཉམ་ཡིན། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

སྤྱིར་བཏང་གྲངས་ཅན་པས་འདོད་པའི་རྒྱུ་འབྲས་ཀྱི་རྣམ་གཞག་མགོ་མཇུག་ཚང་བ་ཞིག་བཤད་དགོས་ན་ཤེས་བྱ་ཉེར་ལྔ་པོ་རེ་རེའི་ངོ་བོ། དེ་དག་གི་གྲུབ་རིམ་དང་ལྡོག་རིམ་སོགས་བཤད་དགོས་མོད། མང་བར་འགྱུར་བས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ།

 

6༽ མཇུག་གི་གཏམ།

ད་རེས་འདིར། ཕྱི་རོལ་གྲངས་ཅན་པའི་ལུགས་ལ་ཁྱད་ཆོས་དྲུག་ལྡན་གྱི་སྤྱི་གཙོ་བོ་འཇོག་སྟངས། སྤྱི་གསལ་ངོ་བོ་གཅིག་ཏུ་གྲུབ་པའི་སྒོ་ནས་རྒྱུ་འབྲས་སུ་འགྱུར་ཚུལ། རྒྱུ་དུས་སུ་འབྲས་བུ་ཡོད་པ་འཇོག་སྟངས་བཅས་བྲིས་པ་རྣམས། སེམས་དཔའ་རྡོ་རྗེའི་གྲུབ་མཐའ་སྙིང་པོ་ཀུན་ལས་བཏུས་པ་དང་། ལྕང་སྐྱའི་གྲུབ་མཐའ་སོགས་སུ་གྲངས་ཅན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་པ་ཁག་མདོར་བསྡུས་ཙམ་བཀླགས་ཤིང་། དེའི་སྒང་ལ་སོ་སོ་རང་ཉིད་ཀྱི་གོ་བ་གཙོ་བོར་བཟུང་ནས་བྲིས་པ་ཡིན། དེ་ཡང་གྲངས་ཅན་པས། རྒྱུ་དུས་སུ་འབྲས་བུ་ཡོད་པ། རྒྱུ་འབྲས་ངོ་བོ་གཅིག་ཏུ་གྲུབ་པ། རྟག་པའི་རྒྱུ་ཡོད་པ་བཤད་པ་རྣམས། ནང་པའི་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་དང་ཐད་ཀར་འགལ་བ་སོང་འདུག་པས། ཕྱོགས་གཉིས་ཀའི་འདོད་པ་ཞིབ་ཏུ་བཀླགས་ནས་བློ་བསྐྱེད་རག་པ་བྱེད་རྒྱུ་ནི་གལ་ཆེན་དུ་མཐོང་། ལྷག་པར་དུ་གྲངས་ཅན་པས་རྒྱུ་དུས་སུ་འབྲས་བུ་ཡོད་པ་བཤད་པ་དང་། རྒྱུ་འབྲས་ངོ་བོ་གཅིག་ཏུ་གྲུབ་པ་བཤད་པ། རྟག་པའི་རྒྱུ་ཡོད་པ་བཤད་པ་རྣམས་ཀུན་རྫོབ་དང་དོན་དམ་ཀྱི་ལྟ་བ་ཕྲ་མོ་ཞིག་ལ་གཏུགས་ནས་བཤད་ཀྱི་ཡོད་པས། ནང་པའི་དབུ་སེམས་ཀྱི་གྲུབ་མཐའ་སྨྲ་བ་ཚོ་མ་གཏོགས། ཕྱི་རོལ་པ་ཚོས་དོན་དམ་དང་ཀུན་རྫོབ་ཀྱི་ལྟ་བ་ཕྲ་མོ་གང་ཡང་བཤད་མི་ཐུབ་བསམ་པ་ནི་ནོར་བ་ཁོ་ནའོ། །

7༽ ལུང་ཁུངས།

སེམས་དཔའ་རྡོ་རྗེའི་གྲུབ་མཐའ་སྙིང་པོ་ཀུན་བཏུས། ཤྲཱིདིཝཱཀར་དཔེ་སྐྲུན་ཁང་གི་དེབ་གཟུགས།

སྡེ་བསྟན་མདོ་སྡེ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་མདོ།

མདོ་སྡེ་ཚ། ས་ལུ་ལྗང་པའི་མདོ།

ཅང་སྐྱའི་གྲུབ་མཐའ། བོད་ཀྱི་གཙུག་ལག་གཅེས་བཏུས་དེབ་གཟུགས།

སེམས་དཔའ་རྡོ་རྗེའི་གྲུབ་མཐའ། གོང་མཚུངས།

བསྟན་དར་ལྷ་རམས་པའི་ཚད་གཞུང་གཅེས་བཏུས། སེར་སྨད་དེབ་གཟུགས།

གནས་བརྟན་བྱང་བཟང་གི་ཡེ་ཤེས་སྙིང་པོ་ཀུན་བཏུས་ཀྱི་བཤད་སྦྱར། འབྲི་ཁུང་ལྔ་རིག་རྩོམ་སྒྲིག་ཁང་གི་དེབ་གཟུགས།

སེམས་དཔའ་རྡོ་རྗེའི་གྲུབ་མཐའ། གོང་མཚུངས།

ཐར་ལམ་གསལ་བྱེད་ཝ་ཎའི་དེབ་གཟུགས།

ཚད་མ་རྣམ་འགྲེལ་ལེའུ་གཉིས་པ།

 

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༥ ཉིན། ལྟ་གྲུབ། ལོ་རིམ་གཉིས་པ། བྱམས་པ་མཁས་མཆོག་གིས་བྲིས།

Leave a Reply

Your email address will not be published. Required fields are marked *