ཞི་གནས་སྒྲུབ་པའི་ལས་དང་པོ་བ་རྣམས་ཀྱི་བློ་གསར་མིག་འབྱེད་ཞེས་བྱ་བ་བཞུགས་སོ། །
ལྟ་གྲུབ་སྡེ་ཚན། བློ་བཟང་བསྟན་རྒྱས།
འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨིག་གར་གྱི་རྣམ་པར་རོལ་བ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་འཚོ་སྲིད་གསུམ་དབང་བསྒྱུར་མཚུངས་བ་མེད་པའི་སྡེ་དཔལ་བཟང་པོ་མཆོགཕྱི་ལུགས་ལྟར་དགུང་གྲངས་༩༠ལ་ཕེབས་པའི་སྐུ་ཡི་གོ་སྟོན་དང་སྟབས་བསྟུན་མེ་སོར་མཐོ་སློབ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ཀྱིས་དཔྱད་རྩོམ་ཞིག་དགོས་ཞེས་སྐུལ་མ་གནང་བ་ལྟར་གུས་པས་ཅུང་ཟད་འབྲི་ཁུལ་བྱས་པའོ། །
སྔོན་ཚེ་སྟོན་པའི་སྤྱན་སྔར་བཞུགས་དུས་སུ། །
བྱང་ཆུབ་སེམས་དཔའི་ཚུལ་བསྟན་སྤྱན་རས་གཟིགས། །
པཎ་གྲུབ་གཏེར་སྟོན་དུ་མའི་རྣམ་པར་རོལ། །
ཨུ་པཱ་སི་ཀ་ཆོས་རྒྱལ་རིམ་བྱོན་སོགས། །
སྤྱན་རས་གཟིགས་དབང་ཐུགས་རྒྱུད་གཅིག་པ་ཡི། །
རྒྱལ་དབང་དགེ་འདུན་གྲུབ་པ་ནས་བཟུང་སྟེ། །
རྒྱལ་མཆོག་བཅུ་བཞི་བསྟན་འཛིན་རྒྱ་མཚོའི་བར། །
སྐུ་ཕྲེང་རིམ་བྱོན་རྣམས་ལ་ཕྱག་འཚལ་ལོ། །
ཐོག་མར་བཤད་འདོད་པ་ནི་ཞི་གནས་གྱི་སྐོར་དེ་ཡིན། དེ་ཡང་ཐོག་མར་ཞི་གནས་སྒྲུབ་པ་ལ། ཞི་གནས་སྒྲུབ་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་སྤངས་པའི་སྒོ་ནས་ཞི་གནས་སྒྲུབ་དགོས་ཏེ།
དེ་ཡང་མདོ་རྒྱུད་བསྟན་ཆོས་གསུམ་ཀ་ནས་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་བྱེད་ནི་བྱིང་རྒོད་གཉིས་ཡིན་པའི་ཤེས་བྱེད་འགོད་པ་ནི། དང་པོ་མདོ་ལས་གསུངས་ཚུལ་ནི། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སེམས་བྱིང་བ་དང་། རྒོད་པ་དག་བསལ་ཏེ་ས་དང་པོ་ལ་འཇུག་གོ །
གཉིས་པ་རྒྱུད་ལས་གསུངས་ཚུལ་ནི། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་ཡང་དག་པར་སྦྱོར་བའི་ཐིག་ལེ་ཞེས་བྱ་བ་ལས། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དོན་ཐམས་ཅད་ཡང་དག་པར་འཕེལ་བའི་རྒྱུའི་ཕྱིར་གནས་པ་ནི་འདིར་སེམས་ཀྱི་ཏིང་ངེ་འཛིན་དུ་རིག་པར་བྱའོ། །དེ་ནས་ཡང་དག་པར་སྤོང་བའི་མཐར་རྫུ་འཕྲུལ་གྱི་རྐང་པ་ཡང་། དེ་ཉིད་ལས། སྐྱོན་ལྔ་སྤང་བ་དང་། འདུ་བྱེད་བརྒྱད་བསྒོམས་པས་རིག་པར་བྱའོ། །སྐྱོན་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལེ་ལོ་དང་། ཤེས་བཞིན་མ་ཡིན་པ་དང་། རྨུགས་པ་དང་། བྱིང་བ་དང་། རྒོད་པ་ཉིད་དེ། མངོན་པར་འདུས་མ་བྱས་པ་དང་། དེ་ནས་མངོན་པར་འདུ་བྱ་བ་སྐྱོན་ལྔ་སྤང་བར་ལྔ་པོ་འདི་རྣམས་བརྗོད་དོ། །དེ་ལ་བྱིང་བ་དང་། རྒོད་པས་སྐྱོན་གཅིག་བྱེད་དེ། མངོན་པར་འདུས་མ་བྱས་པ་ནི་བྱིང་བ་དང་རྒོད་པ་འཇུག་པའི་དུས་སུ་སྐྱོན་ནོ། །མངོན་པར་འདུ་བྱས་པས་རབ་ཏུ་ཞི་བ་ལ་འདི་རྣམས་སྤང་བའི་ཕྱིར་ཇི་ལྟར་སྤང་ཞིང་འདུ་བྱེད་བརྒྱད་རྣམ་པར་གཞག་ཅེ་ན། བཞི་ཡིས་ལེ་ལོ་སྤང་བའི་ཕྱིར་འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དེ་རྣམས་ཡང་རིམ་པ་ཇི་ལྟ་བར་རིག་པར་བྱའོ། །
གསུམ་པ་བསྟན་བཅོས་ལས་གསུངས་ཚུལ་ནི། མདོ་སྡེའི་རྒྱན་ལས།
བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །
ལེགས་པར་རྙེད་དང་གནས་བཟང་དང་། །
ས་བཟང་བ་དང་གྲོགས་བཟང་དང་། །
རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །
བློ་ལྡན་ཞེས་པས་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་པ་པོ་ཡིས། གང་དུ་སྒྲུབ་པའི་ཡུལ། ལེགས་པར་རྙེད་དང་། ཞེས་པས་རྣལ་འབྱོར་པའི་བཞུགས་ཡུལ་གཅན་གཟན་སོགས་ཀྱིས་འཇིགས་པ་མེད་པར་རྙེད་དགོས་པ་དང་། གནས་བཟང་དང་། ཞེས་པས་རྣལ་འབྱོར་པའི་རང་རྒྱུད་ལ་ཉམས་རྟོགས་འཕེལ་སླ་བའི་གནས་ཡིན་དགོས་པ་དང་། ས་བཟང་བ་དང་། ཞེས་པས་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བའི་ཡུལ་གནས་དབེན་པར་ཡིན་དགོས་པ་དང་། གྲོགས་བཟང་དང་། ཞེས་པས་གྲོགས་འཕགས་པའི་དགེ་འདུན་པའམ་རང་དང་ལྟ་བ་མཐུན་དགོས་པ་དང་། རྣལ་འབྱོར། ཞེས་པས་ཐེག་ཆེན་སྒྲུབ་པོ་ཡིན་པ་དང་། བདེ་བའི་ཡོ་བྱད་ལྡན། ཞེས་པས་སྒྲུབ་པ་པོས་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་རྙེད་སླ་བ་དང་ལྡན་པར་དགོས་པ་བསྟན་པའོ། ཞེས་གསུངས་པ་ལྟར་ངེས་པར་དུ་དགོས་པའི་ཕྱིར། དབུས་མཐའ་ནས་གསུངས་ཚུལ་ནི། ཉེས་པ་ལྔ་སྤོང་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་བཤད་ཚུལ་དང་། ཀུན་བཏུས་ལས་གསུངས་ཚུལ་ནི། སེམས་གནས་པའི་ཐབས་དགུ་ལ་བརྟེན་ཚུལ་གཉིས་ཡོད། དེ་ལྟར་གཞུང་གཉིས་ནས་ཞི་གནས་སྒྲུབ་ཐབས་གཙོ་བོ་མེད་དུ་མི་རུང་ནི། དྲན་པ་དང་ཤེས་བཞིན་གཉིས་ཡིན་པར་བསྟན་ལ། དེ་གང་གི་གཉེན་པོ་ཡིན་ཞེ་ན། བྱིང་བ་དང་རྒོད་པའི་གཉེན་པོ་ཡིན་ནོ། །
བྱིང་བ་དང་རྒོད་པའི་ངོ་བོ་ནི་ཆེས་ཤིན་ཏུ་དཀའ་ས་ཞིག་ཏུ་སྣང་བས། ཅུང་ཟད་བཤད་ན། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་གཉིས་ལས། དང་པོ་ནི་བྱིང་བ་དང་རྨུགས་པའི་ངོ་བོ་གང་ཡིན་ཞེ་ན། བྱིང་བ་ནི་སེམས་ནང་དུ་ཞུམ་པར་བྱེད་པ་ཡིན་ལ། རྨུགས་པ་ཡང་དེ་ཡིན་པའི་དེ་གཉིས་ངོ་བོ་གཅིག་གོ་ཞེ་ན། དེ་དགག་པ་ལ། རྨུགས་པ་ནི་བྱིང་བའི་རྒྱུ་ཡིན་ལ། རྨུགས་པ་ནི་ལུས་སེམས་ལྕི་བར་བྱེད་པ་ཡིན་པས་བྱིང་བའི་སྔོན་དུ་འགྲོ་དགོས་པའི་ཕྱིར། མདོར་ན་བྱིང་རྨུགས་གཉིས་ངོ་བོ་གཅིག་མ་ཡིན་ཏེ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར་ཏེ། སྒོམ་རིམ་བར་བ་ལས། གལ་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན། ཞེས་གསུངས་བའི་ཕྱིར་དང་། དགོངས་འགྲེལ་ལས་ཀྱང་། གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ་སྙོམས་པར་འཇུག་བའི་ཉེ་བའི་ཉོན་མོངས་པ་དང་གང་ཡང་རུང་བས་ཉོན་མོངས་པར་འགྱུར་ན་དེ་ནི་ནང་དུ་སེམས་གཡེང་བ་ཡིན་ནོ། །ཞེས་རྨུགས་པ་དང་གཉིད་ཀྱིས་སེམས་བྱིང་ནས་ནང་གི་རྣམ་གཡེང་དུ་གསུངས་བའི་ཕྱིར་རོ། །ཀུན་བཏུས་ལས་ཀྱང་། བྱིང་བ་ནི་ཉེ་ཉོན་གྱི་རྣམ་གཡེང་གི་སྐབས་སུ་བཤད་མོད་ཀྱང་། འདིར་བཤད་པའི་རྣམ་གཡེང་ལ་དགེ་བ་ཡང་འབྱུང་བས་ཉོན་མོངས་ཅན་དུ་མ་ངེས་སོ། །
ཡང་གཞན་དག་ན་རེ། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ཙམ་གང་ཡིན་པ་ལ། ཞི་གནས་མཚན་ཉིད་པ་ཡིན་ཞིང་དེ་ཉིད་བྱིང་རྒོད་དང་བྲལ་བའི་དོན་དུ་གནས་སོ་ཞེ་ན། དེ་ནི་མི་འཐད་དེ། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཀྱང་དམིགས་པ་དམ་པོར་འཛིན་པ་མེད་པར་གནས་པ་དེ་ཆོས་ཅན། ཞི་གནས་ཡིན་པར་ཐལ། སེམས་དམིགས་པ་ལ་གནས་པ་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་བྱིང་བ་ཕྲ་མོས་གནས་སྐབས་ལ་འཇོག་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས། ཏིང་ངེ་འཛིན་སྐྱོང་བ་ན་ངེས་ཤེས་ཀྱི་འཛིན་སྟངས་དམ་པོར་མེད་པ་ཧད་སྟེ་འཇོག་པ་ལས་སེམས་དྭངས་པའི་གསལ་ཆ་འོང་ཡང་། ངེས་ཤེས་ཀྱི་ངར་ཆ་ཐོན་བའི་གསལ་ཆ་མི་ཐོན་པས་དྲན་པ་སྟོབས་ཆེན་སྐྱེ་བར་མི་འགྱུར་ལ། དེའི་ཕྱིར་བྱིང་བ་ཕྲ་མོ་ཡང་མི་ཁེགས་པས་ཏིང་ངེ་འཛིན་སྐྱོན་ཅན་ཁོ་ནར་འགྱུར་རོ། །ཞེས་གསུངས་སོ། །
འོ་ན་བྱིང་བ་ཕྲ་མོ་དེ་ཏིང་ངེ་འཛིན་དང་མཚུངས་ལྡན་ཡིན་ན། དེ་ཉིད་དགེ་བ་ཡིན་པས། ཞི་གནས་འགྲུབ་པ་ལ་བར་དུ་གཅོད་པའི་གེགས་སུ་འགྱུར་ལ་དེ་ལྟར་ན། དགེ་བ་ཡིན་པ་འགལ་ལོ་ཞེ་ན། དེ་ནི་མི་འགལ་ཏེ། དགེ་བ་ཡིན་ཀྱང་ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་གཞན་ཡང་ཁས་ལེན་དགོས་བའི་ཕྱིར་ཏེ། མིར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་བདེ་འགྲོའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ཁམས་གོང་མ་སྐྱེ་བ་འཕེན་བྱེད་ཀྱི་ལས་ལ་སོགས་པ་དགེ་བ་ཡིན་ཀྱང་འཁོར་བའི་བསྡུས་པ་ཡིན་པས། མྱ་ངན་ལས་འདས་པ་ལ་ཁྱོད་སྤོང་དགོས་པའི་ཕྱིར། དེས་ན་བྱིང་བ་ཕྲ་མོ་དགེ་བ་ཡིན་པ་མི་འགལ་ལོ། །
གཉིས་པ་རང་ལུགས་ནི། བྱིང་བ་དང་བྲལ་བའི་དོན་ནི་འདི་ལྟར་ཏེ། སེམས་ཀྱི་དམིགས་པ་མཐོང་བའི་གསལ་ཆ་ལྡན་ལ། སེམས་ཀྱིས་ཀྱང་རང་ཡུལ་འཛིན་སྟངས་དམ་པོར་འཛིན་པས་ངར་ཆ་ལྡན་པ་ན་བྱིང་བ་ལས་གྲོལ་བ་ཡིན་ཏེ། སེམས་དམིགས་པས་གསལ་ཆ་དང་ལྡན་ཡང་། འཛིན་སྟངས་དམ་པའི་ངར་ཆ་མེད་ན་བྱིང་བ་འགྲོ་བར་གསུངས་བའི་ཕྱིར། དེ་ཡང་ཀུན་བཏུས་ལས། སེམས་ཀྱི་དམིགས་པ་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ། དམ་པར་མི་འཛིན་པ་ཡིན་པས། དྭངས་ཆ་ཡོད་ཀྱང་དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་ན་བྱིང་བར་འགྲོ་སྟེ། སྒོམ་རིམ་བར་བ་ལས། གང་ཚེ་དམུས་ལོང་ལྟ་བུའམ་མི་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམས་པ་ལྟ་བུར་སེམས་ཀྱི་དམིགས་པ་གསལ་བར་མི་མཐོང་བ་དེའི་བྱིང་བར་གྱུར་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར།
གཉིས་པ་རྒོད་པ་ནི། རྒོད་པ་དང་འདོད་ཆགས་གཉིས་ཀྱི་ཁྱད་པར་ནི། དེ་གཉིས་ཀ་སེམས་ཕྱི་རོལ་གཡེང་བ་གཅིག་པ་ཡིན་ཀྱང་། དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། སེམས་ཕྱི་རོལ་གཡེང་བ་ཙམ་རྒོད་པ་ཡིན་ན། དཔེར་ན། ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ན། སྦྱིན་པ་གཏོང་བ་འདོད་པའི་བློས། སེམས་ཕྱི་རོལ་ཏུ་སྦྱིན་པ་གཏོང་འདོད་གྱུར་པ་ན། དེ་འདྲ་བའི་སྦྱིན་པ་དེ། རྒོད་པ་ཡིན་ཏེ། སེམས་དམིགས་པ་ལས་ཕྱི་རོལ་དུ་གཡེང་བ་ཡིན་པའི་ཕྱིར། འདོད་པ་མི་འཐད་དེ། དེ་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་པར་བྱེད་པས། གནོད་བྱ་གནོད་བྱེད་ཡིན་པར་འགྱུར་བའི་ཕྱིར། དེ་གཉིས་གནོད་བྱ་གནོད་བྱེད་མ་ཡིན་པར་ཐལ། དེ་གཉིས་ཀ་དགེ་སེམས་ཡིན་པས། ཟིན་བྱ་ཟིན་བྱེད་ཡིན་ནོ། །
ཡང་རྒོད་པ་ཟེར་བ་དེ་ཏིང་ངེ་འཛིན་ཕྱི་རོལ་དུ་གཡེང་བ་བྱེད་མཁན་ཞིག་དགོས་ཟེར་ན། དམིགས་པ་སངས་རྒྱས་ཀྱི་སྐུ་ལྟ་བུ་ལ་དམིགས་ནས། རྩེ་གཅིག་ཏུ་གནས་པ་ལ་དེ་ཡིད་འོང་གི་རྣམ་པར་སྒྲོ་བཏགས་ནས་བལྟས་ན། དེ་འདྲ་བའི་ཡིད་འོང་གི་རྣམ་པར་བལྟ་བའི་སེམས་བྱུང་དེ། ཏིང་ངེ་འཛིན་དང་མཚུངས་ལྡན་དུ་འགྲོ་བས། སེམས་རྩེ་གཅིག་ཏུ་གནས་པ་ལ་ཕྱི་རོལ་དུ་གཡེང་བྱེད་མ་ཡིན་པར་ཐལ། དེ་རྩེ་གཅིག་ཏུ་གནས་བྱེད་ཡིན་པའི་ཕྱིར། དེ་འདྲ་བ་དེ་ཏིང་ངེ་འཛིན་དེ་དང་མཚུངས་ལྡན་འགྲོ་བ་ལ། བྱིང་བ་མ་གཏོགས་རྒོད་པ་ཡོང་ས་མེད་དེ། རྒོད་པ་ནི་མཐའ་གཅིག་ཏུ་འདོད་ཆགས་ཡིན་དགོས་པས། ཏིང་ངེ་འཛིན་དེ་དང་མཚུངས་ལྡན་དེ་འདོད་ཆགས་མ་ཡིན་ཏེ། དེ་སེམས་ཕྱི་རོལ་དུ་གཡེང་བྱེད་མ་ཡིན་པའི་ཕྱིར་ཏེ། དེ་རྩེ་གཅིག་ཏུ་གནས་བྱེད་ཡིན་པའི་ཕྱིར་རོ། །
སྤྱིར་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་འདོད་ཆགས་མེད་ཟེར་ན། སྙོམས་འཇུག་ཉོན་མོངས་ཅན་ལྟ་བུ་ནི་རྩེ་གཅིག་ཏུ་གནས་པ་ཡིན་ནོ། །སེམས་རྩེ་གཅིག་པ་དེ་དང་མཚུངས་ལྡན་ལ་བྱིང་བ་ཡོད་པས། དེ་བཞིན་དུ་ཡུལ་གསལ་པོའི་ཆ་ལ་དམ་པོར་མི་འཛིན་པའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་ཡོད་པའི་འདོད་ཆགས་དེ། རྒོད་པ་ནི་མ་ཡིན་ཏེ། སེམས་ཕྱི་རོལ་དུ་གཡེང་བྱེད་མ་ཡིན་པའི་ཕྱིར།
འོ་ན་རྒོད་པ་གང་ཞེ་ན། ཀུན་བཏུས་ལས། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་གི་ཆར་གཏོགས་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ལ་བར་དུ་གཅོད་པའི་ལས་ཅན་ཡིན་ནོ། །ཞེས་གསུངས། བྱེད་ལས་ནི། སེམས་དམིགས་པ་ལ་གནས་པ་བར་དུ་གཅོད་པར་བྱེད་པའོ། །ཞེས་གསུངས་སོ། །
དོགས་སློང་གཞན་ཡང་། རྒོད་པ་དེ་འདོད་ཆགས་མ་ཡིན་ཟེར་ན། དེ་འདོད་ཆགས་ཡིན་པར་ཐལ། ཡུལ་ལ་སྡུག་པའི་མཚན་མ་ཡིད་ལ་བྱེད་པའི་ཕྱིར། མ་གྲུབ་ན། དེས་སྡུག་པའི་མཚན་མ་ཡིད་ལ་བྱེད་པར་ཐལ། ཡུལ་དངོས་པོས་གནས་ཚོད་ལས་ལྷག་པར་ཡིད་འོང་ལྟ་བ་དེ་ལ་སྡུག་པའི་མཚན་མ་ཡིད་ལ་བྱེད་ཟེར་བ་ཡིན་པས། དེ་ལ་འདོད་ཆགས་ཀྱི་དོན་ཚང་བའི་ཕྱིར། གཞན་དག་ན་རེ། དེ་འདོད་ཆགས་ཡིན་པར་འདོད་ཟེར་ན། དེ་འདོད་ཆགས་མ་ཡིན་པར་ཐལ། དེ་རྒོད་པ་ཡིན་པའི་ཕྱིར་ཏེ། འདོད་ཆགས་ནི་རྩ་ཉོན་དྲུག་གི་ནང་གསེས་དང་། རྒོད་པ་དེ་ཉེ་ཉོན་ཉི་ཤུའི་ནང་གསེས་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། རྒོད་པ་དེ་འདོད་ཆགས་ཡིན་པར་འདོད་ན། འོ་ན། གཙོ་སེམས་གཅིག་གི་འཁོར་ལ། འདོད་ཆགས་གཉིས་སྐྱེ་བ་ཡོད་པར་ཐལ། མེད་ཟེར་ན། དེ་ཡོད་པར་ཐལ། རྒོད་པ་དང་མཚུངས་ལྡན་དུ་གྱུར་བའི་གཙོ་སེམས་དེ་ཡི་འཁོར་ལ་འདོད་ཆགས་དང་མཚུངས་ལྡན་ཡོད་པའི་ཕྱིར། མ་གྲུབ་ན། ཡུལ་ལ་དངོས་པོའི་གནས་ཚོད་ལས་ལྷག་པ་ཡིད་འོང་གི་སྒྲོ་འདོགས་པ་གང་ཞིག ། དེ་འདོད་ཆགས་ཀྱི་དོན་ཡིན་པའི་ཕྱིར། འདོད་ན། འདོད་ཆགས་དེ་རྒོད་པ་མ་ཡིན་པར་ཐལ། འདོད་ཆགས་ཞེས་པ་ངོ་བོ་ལ་ཕྱི་རོལ་དུ་གཡེང་བྱེད་ཀྱི་ཆ་ནས་བཞག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། གཙོ་སེམས་གཅིག་གི་འཁོར་དུ་འདོད་ཆགས་རྫས་ཐ་དད་པ་གཉིས་ཡོད་པར་ཐལ། འདོད་ན། སེམས་སེམས་བྱུང་རྫས་མཚུངས་ཉམས་པར་ཐལ་ལོ། །
རྒོད་པའི་ངོ་བོ་ནི། སྡུག་པའི་མཚན་མ་ཡིད་ལ་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར། སྡུག་པའི་མཚན་མ་ཡིད་ལ་བྱེད་པའི་དོན་ནི། དངོས་པོས་གནས་ཚོད་ལས་ལྷག་པར་སྒྲོ་བཏགས་ནས་ཡིད་འོང་གི་རྣམ་པ་ལ་གོ་དགོས་པས། འདོད་ཆགས་མ་ཡིན་ཟེར་བ་མི་འཐད་པའི་ཕྱིར།
ཡང་ཁ་ཅིག་ན་རེ། རྒོད་པ་ནི་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་བྱེད་དུ་བཞག་ཟེར་ན། སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་བྱེད་ཟེར་བ་དེ། སེམས་ཕྱི་རོལ་དུ་གཡེང་པའི་དོན་ཡིན་པར་ཐལ། འདོད་ན། རྒོད་པ་དང་རྣམ་གཡེང་གཉིས་ལ་ཁྱད་པར་མེད་པར་ཐལ། འདོད་ན། རྒོད་པ་དང་རྣམ་གཡེང་གཉིས་ངོ་བོ་སོ་སོ་ནས་བགྲངས་པ་ལ་དགོས་པ་མེད་པར་ཐལ། རྣམ་གཡེང་གི་དོན་ནི། སེམས་ཕྱི་རོལ་དུ་གཡེང་བྱེད་དུ་གཞག་དགོས་པ་གང་ཞིག།རྒོད་པ་ཡང་སེམས་ཕྱི་རོལ་དུ་གཡེང་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། རྒོད་པ་ནི་ཡུལ་སྡུག་པའི་མཚན་མ་ཡིད་ལ་བྱེད་པའི་བྱེད་ལས་ཅན་གྱི་སེམས་བྱུང་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཁྱད་པར་མེད་པ་ཐལ་ལོ། །
གཞན་ཡང་། སེམས་རྩེ་གཅིག་ཏུ་གནས་པ་ལ་རྒོད་པ་མི་འབྱུང་བའི་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་འབྱུང་བ་མེད་པར་ཐལ། དེ་གཉིས་རྟོག་པ་རྫས་ཐ་དད་པ་ཡིན་པའི་ཕྱིར། དེའི་ཕྱིར་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འབྱུང་བ་མེད་པའི་ཕྱིར། འདོད་ན། རྒོད་པའི་བྱེད་ལས་མེད་པར་ཐལ། དེ་གཉིས་དུས་མཉམ་དུ་སྐྱེ་བ་མེད་པའི་ཕྱིར། མ་གྲུབ་ན། དེ་གཉིས་བྱེད་ལས་ལ་སྔར་རམ་དུས་མཉམ་དུ་དགོས་པ་ལས་རྗེས་སུ་མ་གྲུབ་པའི་ཁྱབ་པའི་ཕྱིར།
གཞན་ཡང་། སེམས་རྩེ་གཅིག་ཏུ་གནས་སྐབས་སུ་རྒོད་པ་འབྱུང་བ་མེད་ཟེར་ན། སེམས་རྩེ་གཅིག་ཏུ་གནས་པ་དེ་དང་མཚུངས་ལྡན་ལ་འདོད་ཆགས་འབྱུང་བ་མེད་པར་ཐལ། འདོད་ན། སེམས་རྩེ་གཅིག་ཏུ་གནས་པའི་སྐབས་སུ་འདོད་ཆགས་འབྱུང་བ་མེད་པར་འདོད་ན། དགེ་བའི་འཁོར་ལ་འདོད་ཆགས་འབྱུང་བའི་ཕྱིར་དང་། དེར་མ་ཟད་སྙོམས་འཇུག་ཉོན་མོངས་ཅན་ཡང་སྐྱེ་བ་ཡོད་པའི་ཕྱིར། མ་ཁྱབ་ན། དེ་ཁྱབ་པར་ཐལ། རྒོད་པའི་དམིགས་རྣམ་དང་ཏིང་ངེ་འཛིན་གྱི་དམིགས་རྣམ་གཉིས་ཐ་དད་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་མཚུངས་ལྡན་མི་སྲིད་པ་ཡིན་ནོ། །
སེམས་རྩེ་གཅིག་པའི་གནས་སྐབས་སུ་སེམས་ཅན་ལ་དམིགས་ནས་ལྷག་པར་ཡིད་འོང་གི་སྒྲོ་གཏགས་ནས་སྙིང་རྗེའི་རྣམ་པ་ཅན་སྐྱེ་བ་ཡོད་པའི་ཕྱིར། དེ་འདྲ་བའི་སྙིང་རྗེ་དེ་ཆོས་ཅན། རྒོད་པ་ཡིན་པར་ཐལ། སྡུག་པའི་མཚན་མ་ཡིད་ལ་བྱེད་པའི་ཕྱིར་ཏེ། སེམས་ཅན་དངོས་ཡོད་གནས་ཚུལ་ལས་ལྷག་པའི་སྡུག་བསྔལ་བའི་རང་བཞིན་དུ་བལྟས་ནས་དེ་ལ་མི་བཟོད་པའི་སྙིང་རྗེ་སྐྱེས་ནས་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་དུ་གཅོད་པའི་ཕྱིར། མ་ཁྱབ་ན། དེ་རྒོད་པ་ཡིན་པར་ཐལ། འདོད་ན། རྒོད་པ་མ་ཡིན་པར་ཐལ། རྒོད་པ་ནི་ཉེ་ཉོན་ཉི་ཤུའི་ནང་གསེས་ཡིན་པའི་ཕྱིར། དེ་འདྲ་བའི་སྙིང་རྗེ་ནི་ལམ་གྱི་སྤང་བྱ་མ་ཡིན་པའི་ཕྱིར། དཔེར་ན། ཕྱུགས་རྫི་ལྟ་བུའི་སེམས་སྐྱེད་དེ་ལམ་གྱི་ངོ་བོ་གྱུར་བའི་གནས་སྐབས་ཡོད་པའི་ཕྱིར། དེས་འཛིན་སྟངས་ཡུལ་མེད་ཀྱང་། དམིགས་རྣམ་སྐྱོང་ཚུལ་དེའི་དབང་གིས་ལམ་གྱི་ངོ་བོ་ལ་འགྲོ་བའི་ཕྱིར། དེ་བཞིན་དུ་སེམས་ཅན་དངོས་པོའི་གནས་ཚོད་ལས་ལྷག་པར་ཡིད་འོང་གི་སྒྲོ་འདོགས་པའམ། སྡུག་བསྔལ་དེ་རང་རྐྱ་ཐུབ་པའི་སྙིང་རྗེ་ལམ་གྱི་ངོ་བོ་གྱུར་བ་ཡོད་པའི་ཕྱིར་དང་། རྒོད་པ་མ་ཡིན་པར་འདོད་ན། དེ་རྒོད་པ་ཡིན་པར་ཐལ། རྒོད་པའི་བྱེད་ལས་མཐའ་དག་ཚང་བའི་ཕྱིར།
བོད་རྒྱལ་ལོ། ༢༡༥༢ བོད་ཟླ་༥ ཚེས་༡༤ སྤྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་༩ ཉིན་བྱང་ནག་ཆུ་ཨ་མདོ་སྒྲོལ་སྐུའི་བློ་བཟང་བསྟན་རྒྱས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གུས་པས་ཕུལ་པའོ། །
