སྐབས་བཞི་པ་ལས། གཞི་ལམ་གྱི་རྣམ་པ་ལ་དོགས་སློང་།
ལྟ་གྲུབ། བློ་བཟང་མཁས་མཆོག
གནད་ཚིག །
རྣམ་པ། ཤེས་རྣམ། དོན་རྣམ། ཐུན་མིན། བརྡ་སྤྲོད། ཚིག་ཟིན།
ནང་དོན་གནད་བསྡུས།
སྐབས་འདིའི་དཔྱད་གཞི། མདོ་ཡི་ཚིག་ཟིན་དང་། བསྟན་བཅོས་ཀྱིས་འགྲེལ་ཚུལ་གཉིས་མཐུན་མིན་ཡིན། དཔྱད་ཚུལ་ནི། ཡུམ་ཤེར་ཕྱིན་གྱི་མདོ་དེ། རང་རེའི་བཤད་ཚུལ་ལྟར། སངས་རྒྱས་ཀྱི་བཀའ་ཡིན་པར་གཞིར་བཞག་བྱས་ཏེ། མངོན་རྟོགས་རྒྱན་དང་། འཕགས་སེང་གི་གཞུང་རྣམས་འཁྲུལ་མེད་ཡིན་ཤག་བྱེད་པའི་ཡོངས་གྲགས་ཀྱི་གོམས་གཤིས་དེ་གནས་སྐབས་དགོངས་པ་ཞུས། དཔྱད་སྐབས། ཚིག་གི་ངོ་ཐོག་གཞིར་བཞག་ནས། བོད་སྐད་ཀྱི་བརྡ་སྤྲོད་པའི་འགྲོས་དང་བསྟུན་ནས་དཔྱད་པ་ལས། འོག་ནས་འཆད་འགྱུར་ལྟར། མི་རྟག་པ་བསྟན་འདོད་ནས་ནམ་མཁའ་མེད་པའི་ཕྱིར། ཞེས་པ་དེ་འདྲ་དགོས་པ་གང་ཡང་མེད་ལ། འབྲེལ་མེད་ཀྱི་བཀའ་མོལ་ཁྱད་མཚར་དེ་འདྲ་དེ་བཞིན་གཤེགས་པའི་གསུངས་དོན་མེད། ལོ་ཙཱ་བས་ཀྱང་མི་རྟག་པ་དང་། ནམ་མཁའ་མེད་པ་གཉིས་འགྱུར་ནོར་ཤོར་བ་ཡོང་མི་སྲིད་པ་ལྟ་བུ་ཡིན་པས། ཚིག་གིས་རི་བོང་གི་རྭ་ལབ་ཀྱང་། དོན་ལ་བུམ་པ་གོ་རེད་ཅེས་པ་ལྟ་བུ། རང་རེས་ཐལ་ཆེ་བས་དགོངས་པ་ལེན་ཚུལ་ཏེ། བརྡ་སྤྲོད་རིག་པ་དང་ཚད་འཛིན་ས་མེད་པའི་གང་དྲན་དྲན་དེ་འདྲ་མ་ཡིན་པར། བོད་ཀྱི་བརྡ་སྤྲོད་ལས་གང་གོ་བ་དང་། གང་མི་གོ་བ་དེ་གཞི་ལ་བཞག་ནས་དཔྱད་ཡོད།
རྩོམ་ལུས་དངོས།
དང་པོ། དོགས་གནད་གསུམ་གྱིས་དཔྱད་གཞིའི་སྒྲོམ་བསླངས་པ།
༡ ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཚིག་འགྲོས་བསྐྱར་བ་མང་། སྡེབ་སྦྱོར་འགྲིག་པ་ཉུང་བ་སོགས་ཀྱིས་དོན་ཇི་བཞིན་རྟོགས་དཀའ། བརྗོད་བྱ་ཟབ་ཅིང་སྦས་པས་ཡིན་ཡང་གསུངས། ༼མངོན་པར་རྟོགས་པའི་རྒྱན་༽ འདི་ཡུམ་གོ་བའི་མན་ངག་བཞེད་མོད། ཚིག་བསྡུས་ལ་དོན་གསལ་ཁ་ཞན། རང་རེའི་སྐད་དུ་གཞན་འགྱུར་ཡང་ཡིན་པས་རྟོགས་པར་དཀའ། འཕགས་པའི་༼ཉི་སྣང་༽སོགས་རྒྱ་འགྲེལ་རྣམས་བལྟ་སྐབས། ཕལ་ཆེར་གཅིག་ཤོས་ཀྱི་གསལ་ཁ་མེད་སར་གཞན་གྱིས་ཀྱང་མེད་པས་དོགས་པའི་གནད་གྲོལ་བ་ཤིན་ཏུ་དཀའ། གཞུང་ཚན་ལ་འཁྲུལ་གཞི་མང་ལ་ས་མཚམས་བཟུང་དཀའ།
༢ ཚན་པ་གང་ལ་ཡང་སྤྲོས་བྲལ་དང་དགག་པའི་ཕྱོགས་ནས་བཤད་པ་མང་བས། གཞི་ཤེས་ཀྱི་རྣམ་པའི་སྐབས་རང་རྒྱུད་པའི་ལུགས་འདི་ལ་འཆད་དཀའ་བར་འགྱུར། དེ་ལས་༼མངོན་རྟོགས་རྒྱན༽ངོ་བོ་ཉིད་སྨྲ་བའི་ལུགས་ཡིན་ནམ་སྙམ་པ་ཡང་ཡོང་། ལན་རེར་གཟུང་དོན་རྟོག་པ་སྤོང་བ་དང་འཛིན་པ་མི་སྤོང་བར་བཤད་པས་ངོ་བོ་ཉིད་མེད་པའི་ལུགས་ཇི་ལྟ་བར་བཤད་མི་ཐུབ་པར་གྱུར་བར་ཡོངས་སུ་གྲགས།
དཔྱད་པ་འདིའི་སྒོ་གང་ནས་འགག་པ་ནི་༼རྒྱན་༽འདིས་ནོར་བ་ཡོད་དམ་ཞེས་པའི་དྲི་བ་དེ་རྒྱ་བོད་སུ་ཡིས་ཀྱང་གཏོང་བར་མ་དྲན། དེ་གང་ཡིན་ཞེ་ན། ༼རྒྱན་༽འདི་རྗེ་བཙུན་བྱམས་མགོན་གྱིས་བརྩམས་ཤིང་། ཁོང་ནི་སངས་རྒྱས་སམ་ས་བཅུ་བ་གང་རུང་གནས་པར་ཐག་བཅད་པས། གང་ཟག་དེ་འདྲ་བའི་གསུངས་ལ་ནོར་བ་ཡོད་དམ་ཞེས་སུ་ཞིག་གིས་བསམ་མ་ཕོད།
༣ རྩ་བ་ལ་དྲི་བ་གཏོང་མ་ཕོད་པའི་དབང་གིས། གཞི་ཤེས་ལ་སྤྲོས་བྲལ་གྱི་རྣམ་པ་ཅན་ལན་དུ་མར་བཤད་པ་དང་། རང་རྒྱལ་གྱིས་གཟུང་རྟོག་སྤོང་ལ་འཛིན་པ་མི་སྤོང་བར་བཤད་པ་དེ། རང་རེའི་ལྟ་ཚུལ་གཞིར་བཟུང་ན་གྲུབ་མཐའ་སྨྲ་བ་བཞི་གང་གི་ཁོངས་སུ་མིན་པར་སྣང་མོད། ནང་འགལ་ཡིན་པའི་དོགས་པ་ཙམ་ཡང་བྱེད་མ་ནུས་པར་དགོངས་པ་བཀྲལ་བའི་ངལ་བ་དང་དུ་བླངས། ཡང་ན། སངས་རྒྱས་པ་ལ་གྲུབ་མཐའ་སྣ་ཚོགས་པ་ཡོད་ཆོག་ཅིང་། གཞུང་འདི་ཐལ་རང་གང་ཡང་མིན་པའི་དབུ་མ་བ་ཞིག་ཡིན་ཞེས་དཔྱད་རུང་ཡང་། དབུ་མ་པ་ལ་ཐལ་རང་གང་རུང་དུ་ཐག་བཅད་ཟིན་པས་ལོ་དུ་མའི་རིང་ལ་འགྲེལ་བཤད་གསལ་བོ་མེད་པའི་དཀའ་ངལ་འདི་བྱུང་།
གོང་གི་དཀའ་གནད་གཉིས་དེ་ཕར་ཕྱིན་གྱི་གཞུང་ཡོངས་རྫོགས་ལ་ཁྱབ་པས། སྐབས་བབས་ཀྱི་ ༼ལམ་ཤེས་ཀྱི་རྣམ་པ་༽ ལ་ཡོད་པའི་དཀའ་གནད་ཡང་སྒྲོམ་གཞི་དེའི་སྟེང་ཡོད་པ་དང་། འཕགས་པའི་ ༼ཉི་སྣང་༽ ལ་ཡང་དཀའ་གནད་འདི་བྱུང་བས། འོག་གི་རྒྱ་འགྲེལ་བོད་འགྲེལ་ཀུན་ཆུ་འགོ་ནས་འགགས་པའི་ཆུ་ཕྲན་བཞིན་གྱུར།
གཉིས་པ། བྱེ་བྲག་ངོས་བཟུང་སླ་ཕྱིར་༼རྣམ་པ༽སྤྱི་བཤད།
མདོ་ལས་རྣམ་པ་ངོས་འཛིན་གསལ་བོར་ཡོད་པ་བདག་གིས་མ་མཐོང་ལ། ཡོད་ན་འོག་ནས་མཁས་པ་དག་རྩོད་གཞི་ཡོང་དོན་མེད་པའི་རྗེས་དཔག་ལས་རྣམ་པ་གསལ་ཁ་མེད་པར་སྙམ། ཐོག་མར་༼རྒྱན་༽ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་པ་ལ་བརྟེན་ནས་རྒྱ་བོད་ཀྱི་འགྲེལ་བ་དག་གིས་རྣམ་པའི་དོན་བཞག །
༼ཚིག་གསལ་༽ ལས། རྣམ་པ་ནི་བྱེ་བྲག་སྟེ། སངས་རྒྱས་ཀྱི་ས་ལ་སོགས་པ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ་ཡོད་པར་སྟོན་པའོ། །ཞེས་པ་ལས་ཆོས་ཀུན་རྣམ་པ་བཞག་པ་ལྟ་བུར་མངོན། རྗེ་བཙུན་སྤྱི་དོན་དུ་རྣམ་པ་ཁྱབ་ཆེན་པོ་བཞག་སྟེ། རི་བོང་རྭ་ཡང་ཁྱོད་ཀྱི་རྣམ་པ་ཡོད་དེ། ཁྱོད་འཛིན་རྟོག་པ་ཁྱོད་ཀྱི་རྣམ་པ་ཡིན་པར་གསུངས། དེ་ལྟར་ཡང་རི་བོང་རྭ་རྣམ་པ་ཡིན་མིན་གསལ་ཁ་མ་མཐོང་། [1]རྗེ་བླ་མའི་༼ལེགས་བཤད་གསེར་ཕྲེང་༽དུ། གོང་གི་ཚིག་གསལ་ལུང་དྲངས་མོད། ཀུན་ཉོན་གྱི་གསལ་བའི་དབྱེ་བ་རྣམས་རྣམ་པར་གསུངས་པ་དང་། “རྟོགས་བྱ་བདེན་བཞི་དང་རྟོགས་པ་པོ་མཁྱེན་གསུམ་ལ་ཡོད་པའི་ཆོས་ཀྱི་ཁྱད་པར་གཉིས་ཏེ། ལས་དང་བྱེད་པའི་རྣམ་པའོ། ”ཞེས་གསུངས་པ་ལས། ནམ་མཁའ་དང་ཤེས་བྱ་སོགས་དེ་དག་གང་དུ་མ་གཏོགས་པས། གཞི་གྲུབ་ན་རྣམ་པ་ཡིན་པར་མ་གསུངས། དེ་ནི་མདོ་རྒྱན་གྱི་དངོས་བསྟན་ནམ་གདུལ་བྱ་ལ་མཁོ་བའི་དབང་དུ་བྱས་སམ་ཅི། གཞན་དུ་༼ཚིག་གསལ༽ལྟར་ན་རང་འཛིན་ཤེས་པ་ལ་འཆར་བའི་ཡུལ་དང་། རང་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་ཀུན་རྣམ་པ་དང་། དེ་ཡང་དང་པོ་དོན་རྣམ་དང་གཉིས་པ་ཤེས་རྣམ་ཡིན་པས། ཡོད་པ་ཀུན་དོན་རྣམ་དང་། ཤེས་པ་ཀུན་ཤེས་རྣམ་ཡིན་པར་ཁས་བླངས་ན་ཉེས་པ་ཅུང་ཟད་ཀྱང་མེད། ཡོད་པ་ཀུན་ལ་རྣམ་པས་ཁྱབ་རུང་སྐབས་འདིའི་གོ་དོན་དང་འབྲེལ་ཚེ་དོགས་གཞི་གཞན་འགའ་ཡོད་པ་ནི། རྣམ་མཁྱེན་གྱི་ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་འཆད་དོ། །
གསུམ་པ། དཔྱད་གཞིའི་གཙོ་བོ་ལམ་ཤེས་ཀྱི་རྣམ་པ།
ཐོག་མར་ཤེས་དགོས་པ་ནི། གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པ་གཉིས་ཀ་བདེན་པ་བཞི་ལ་བརྟེན་ཡོད་ཅིང་། སྐབས་འདིའི་དོན་རྣམ་དང་ཤེས་རྣམ་ཡོངས་རྫོགས། བདེན་བཞིའི་ཁྱད་ཆོས་ལས་འདས་མེད། གོ་དོན་ལྟར་ན། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་མི་རྟག་པ་དང་། བདག་མེད་པའི་རྣམ་ཅན་སོགས་ཀྱི་ཤེས་པ་ཤེས་རྣམ་དང་། མི་རྟག་པ་སོགས་དོན་རྣམ་ཡིན་པར་ངེས་དགོས། དེ་ལྟར་ཐུགས་ལ་བཞག་ནས་དོགས་པ་དང་པོ་ནི། ཐོག་མར་རྣམ་ཀུན་སྤྱི་བཤད་དུ་༼རྒྱན་༽ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་པས་བསྡུས་པའི་རྣམ་པ་མི་འདྲ་བ་བརྒྱ་དང་བདུན་བཅུ་རྩ་གསུམ་ཀུན། དངོས་གཞིའི་སྐབས་སུ་ཕལ་ཆེར་སྤྲོས་བྲལ་གྱི་རྣམ་པ་ཅན་དུ་བཤད་ལ། ཕར་ཕྱིན་གྱི་གཞུང་ཆེན་དག་རང་རྒྱུད་པའི་ལུགས་སུ་བཀྲལ་བས་དཀའ་གནད་དེ་ཟློག་མེད་བྱུང་།
གལ་ཏེ། གྲངས་དེ་དག་དམིགས་པའི་སྒོ་ནས་ཡིན་གྱི་རྣམ་པ་ནི་སྤྲོས་བྲལ་འབའ་ཞིག་ཡིན་ན། གཞི་ཤེས་དང་ལམ་ཤེས་གཉིས་ཀའི་བདེན་པ་དང་པོ་མི་རྟག་པའི་རྣམ་པ་བཤད་པས། དེ་གཉིས་གཞི་ཤེས་དང་ལམ་ཤེས་ཀྱི་གོ་རིམ་འཇོག་སླ་བ་མ་ཡིན། རྗེ་ཡབ་སྲས་ཀྱི་བཞེད་མཚམས་དང་བསྟུན་ན། གཞི་ཤེས་ལ་ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་དགོས་པ་དང་ཡང་མི་འགྲིགདེ་ཡང་[2]༼ཉི་སྣང་༽ལས་རྣམ་པ་ངོས་འཛིན་སྐབས། “དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པ་བཞིན་ནོ། །”ཞེས་གཉེན་པོའི་སྒོ་ནས་མཚན་གཞི་ངོས་བཟུང་། མི་རྟག་སོགས་ཀྱི་རྣམ་པ་ཡིན་ན། མདོ་དང་རྒྱན་འགྲེལ་བཅས་པས་སྤྲོས་བྲལ་གྱི་རྣམ་པ་ལན་དུ་མར་བཤད་པ་དང་མི་མཐུན།
གཞི་ཤེས་ཀྱི་རྣམ་པ་དང་པོའི་སྐབས་སུ་[3]༼་ཉི་སྣང་༽དུ་དྲངས་པའི་༼ཡུམ་མདོ་༽ལས། “ཤེར་ཕྱིན་ནི་མ་མཆིས་པའི་ཕ་རོལ་དུ་ཕྱིན་པའོ། །རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །” ཞེས་དང་། སྡུག་བསྔལ་བའི་རྣམ་པའི་སྐབས། འོག་དེ་མ་དག་ཏུ། ཤེར་ཕྱིན་ནི་མཉམ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཆོས་ཐམས་ཅད་མི་དམིགས་པ་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བཀོད། དེའི་ཐད་ཀྱི་[4]༼རྒྱན་སྣང་༽ལས། མདོ་དྲངས་པ་ཉི་སྣང་དང་གཅིག་ལ། རབ་འབྱོར་གྱི་དྲི་བ་ལ་སྟོན་པས་ལན་གནང་བར་གསལ་ཁ་བཏོན། གལ་ཆེ་ཤོས། “ནམ་མཁའ་དང་འདྲ་བར་རྟག་པའི་རང་བཞིན་མ་ཕྱིན་པ་སྟེ།” ཞེས་དང་། “རྒྱུར་བྱས་ནས་མ་ཕྱིན་པ་ནི་མི་རྟག་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ ། ”ཞེས་གསུངས། སྡུག་བསྔལ་བའི་རྣམ་པའི་སྐབས། མི་མཉམ་པ་ཞེས་པའི་མདོའི་དོན་དེ། སྡུག་བསྔལ་བའི་རྣམ་པ་དེ་རྣམ་པ་གཞན་དང་མི་འདྲ་ཉིད་ཀྱིས་ན་མི་མཉམ་པ། ཞེས་བཀྲལ།
གོང་གི་འགྲེལ་བྱེད་གཉིས་ལས། ༼ཉི་སྣང་༽དུ། ནམ་མཁའ་མེད་པའི་ཕྱིར་ཞེས་པ་དེ། “མི་རྟོག་དོན་ནི་དོན་མེད་དོན། ”ཞེས་བྱ་བའི་ཚུལ་གྱིས་སོ། །ཞེས་གསུངས་པ་དེ། རྒྱན་སྣང་གིས་འགྲེལ་ལུགས་དང་བསྟུན་ན། མི་རྟག་དོན་ནི། ཞེས་ཡིན་དགོས་པར་མངོན་པས་གོང་དེ་ཡིག་ནོར་ཡིན་སྲིད། གལ་ཏེ། ནོར་མེད་ན་མི་རྟོག་ཅེས་པ་སྤྲོས་བྲལ་ལ་གོ་བ་མང་པས་མེད་དགག་གི་རྣམ་པ་ཅན་དུ་བསྟན་པར་གོ་ཆོགདེ་ལྟར་ན་འཕགས་པས་ནང་འགལ་གསུངས་པ་ཡིན་ཏེ། ༼ཉི་སྣང་༽གིས་མདོར་བསྟན་སྐབས་བདེན་པ་དང་པོ་མི་རྟག་པའི་རྣམ་པ་ཡིན་པ་གཞིར་བཞག་ཀྱང་མདོ་ལ་ཞིབ་ཆ་མ་སྣང་། བློ་གཅིག་ལ་མི་རྟག་པ་དང་སྤྲོས་བྲལ་གྱི་རྣམ་པ་གཉིས་ཀ་འཆར་བ་བཞེད་དམ། རང་རྒྱུད་པའི་ལུགས་ལ་གཞི་ཤེས་ལ་སྤྲོས་བྲལ་གྱི་རྣམ་པ་ཅན་ཡོད་པ་བཞེད་དམ། ཡང་ན་རང་ཅག་གི་གཞུང་རྣམས་ལས་གཞི་ཤེས་ལ་ཐེག་དམན་གྱི་རྟོག་རིགས་སུ་གནས་པར་གསུངས་པ་དེ་འཕགས་སེང་གི་དགོངས་པ་མ་ལོན་པ་ཡིན་ནམ་ཅི།
སློབ་དཔོན་གྱི་ཕྱིས་སུ་མདོ་ཚིག་དེ་དག་བདེ་བོ་མེད་པར་གཟིགས་སྣང་བར་འདྲ། ནམ་མཁའ་མེད་པ་དེ་རྟག་པ་མེད་པ་ལ་འགྲེལ་གནང་། ནམ་མཁའ་མེད་པ་དེ་རྟག་པ་མེད་པ་ཇི་ལྟར་འགྲེལ་བ་ཡིན་ནམ། ནམ་མཁའ་རྟག་པ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་ཤེས་བྱ་སྒོག་རྫོགས་ཀྱི་དོན་མ་གོ་བར་ཟད། གལ་ཏེ་བོད་ཅིག་གིས་འདི་ལྟར་བཤད་ན་རིགས་ལམ་གྱི་ཉེས་ཅན་དུ་གྱུར་ཟིན་ཡང་། སློབ་དཔོན་ལ་བོད་པ་སུ་ཞིག་གིས་རྒོལ་བར་ནུས། གཞན་ཡང་། ནམ་མཁའ་མེད་པ་མེད་དགག་ཡིན་པས་མི་རྟག་པའི་རྣམ་པ་ལ་ཇི་ལྟར་སླེབས་པ་ཡིན། གཞན་ཡང་། བདེན་པ་གཉིས་པའི་རྣམ་པའི་སྐབས། ༼མདོ་༽ལས། “ཆོས་ཐམས་ཅད་མི་དམིགས་པ་མཉམ་པ་ཉིད་ཀྱི་ཕྱིར་རོ། །”ཞེས་པ་དེ། སློབ་དཔོན་གྱིས། སྡུག་བསྔལ་བའི་རྣམ་པ་དེ་རྣམ་པ་གཞན་དང་མི་འདྲ་ཉིད་ཀྱིས་ན་མི་མཉམ་པ། ཞེས་བཀྲལ་བ་དེ་གོ་དོན་གང་ཡང་མེད་པར་རྡོ་རྗེ་རྐེད་བཟུང་ལྟ་བུ་སྣང་བ་ལས། མདོ་ཡི་ཚིག་དང་འབྲེལ་མེད་ལྟ་བུ་མཐོང་ཡང་སྔོན་ཆད་སུས་ཀྱང་དོགས་པ་མ་བསླངས།
རྣམ་པ་གཞན་དུ་ན། འཕགས་པ་དང་སློབ་དཔོན་གཉིས་རང་རྒྱུད་པ་ཡིན་པས། འགྲེལ་བ་ཀྱོག་ཀྱོག་གནང་དགོས་པ་རང་གི་གྲུབ་མཐའ་ལ་ཐུག་པས་ཁག་མེད་ཡིན། ཞེས་ཀྱང་བརྗོད་ན་རྒྱུ་མཚན་ཆེ་ཙམ་ཡོད། འདི་ལས་འཕགས་སེང་ལུགས་ལ། གཞི་ཤེས་ལ་སྤྲོས་བྲལ་གྱི་རྣམ་པ་ཡོང་མི་ཆོག་པ་ཡང་དོན་གྱིས་གོ་ཡོང་འདུགདཀའ་གནད་འདི་ཐུགས་ལ་བཟུང་ན་འོག་གི་གྲ་མ་འགྲིག་པ་ཚང་མ་གང་ལས་བྱུང་བ་ཡིན་ཅུང་ཤེས་སླའོ། །
ལམ་ཤེས་ཀྱི་རྣམ་པའི་སྐབས་སུ། [5]༼ཉི་ཁྲི་༽ལས། “བཅོམ་ལྡན་འདས། ཤེར་ཕྱིན་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་གྱིས་བཀའ་བསྩལ་བ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །”ཞེས་གསུངས། དེའི་དོན། [6]༼ཉི་སྣང་༽ལས། “འདོད་ཆགས་དང་བྲལ་བའི་རྣམ་པས། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །”ཞེས་གསུངས་ཏེ། སྐབས་འདིའི་རྣམ་པ་དེ། འདོད་ཆགས་དང་བྲལ་བའི་རྣམ་པ་ལྟ་བུར་ངོས་བཟུང་། སྐབས་འདིར་སྤོང་གཉེན་སྒོ་ནས་བསྟན་དགོས་པ་བདེན་ན། འདོད་ཆགས་ཀྱི་གཉེན་པོ་སྟོང་ཉིད་དང་བདག་མེད་རྟོགས་པའི་བློའམ། མི་སྡུག་པའི་རྣམ་པ་ཅན་ཡིན་དགོས་པ་ལས། ཆགས་བྲལ་གྱི་རྣམ་པ་ཅན་ཇི་ལྟར་འཐད་པ་ཡིན། བདེན་འཛིན་བྲལ་བའི་འགོག་བདེན་གྱི་རྣམ་པ་དེ་བདེན་འཛིན་གྱི་རྣམ་པ་འཐད་དམ་ཅི། ཐར་བ་དོན་གཉེར་གྱི་བློ་དེའང་བདག་འཛིན་གྱི་གཉེན་པོ་འཐད་དམ།
འདིའི་ཐད་དུ། [7]༼རྒྱན་སྣང་༽ལས། “ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཕྱིན་ཅི་མ་ལོག་དེ་བཞིན་ཉིད་དེ། བདེན་པ་ཉིད་ཀྱི་སླད་དུ་འདོད་ཆགས་མེད་པ་ནི། ”ཞེས་སྟོང་ཉིད་དང་འབྲེལ་ནས་བཤད་པ་ལས། ཉི་སྣང་དང་མི་མཐུན་པ་མེད། སྐབས་འདིར་འཕགས་སེང་གཉིས་ཀས། འདུན་པ་དང་འདོད་ཆགས་ལ། མཚུངས་ལྡན་དང་རྒྱུ་འབྲས་སྐོར་ལ་དཔྱད་པ་དེ། སྐབས་འདིར་མི་དཔྱད་དེ། འགྲེལ་ཚུལ་གྱི་དཀའ་གནད་ལས་གཞུང་དོན་གྱི་དཀའ་གནད་མིན་ནོ། །
དཀའ་གནད་ངོ་མ་དེ། གཅིག ། གཞི་ཤེས་སྐབས་སུ། གཞི་བདེན་པ་གཉིས། ལམ་ཤེས་སྐབས་འདིར། ལམ་ཐབས་ཤེས་གཉིས། རྣམ་མཁྱེན་སྐབས་སུ། འབྲས་བུ་རྣམ་མཁྱེན་ལ་ལོག་པར་ཞུགས་པའི་གཉེན་པོ་བསྟན་ན་ཧ་ཅང་འཚམས་མོད། སྐབས་འདིར་ཡང་གོ་རིམ་མི་འདྲ་བ་ཙམ་ལས་ཡང་བསྐྱར་བདེན་བཞིའི་རྣམ་པ་ལ་ལོག་པས་གཞི་ལམ་གཉིས་ཀྱི་རྣམ་པ་ལ་ཁྱད་པར་གང་ཡང་མེད་པ་ལྟ་བུར་གྱུར།
གཉིས། འགྲེལ་བྱེད་གཉིས་ཀྱི་འགྲེལ་ཚུལ་མག་མོག་ཡིན་པས། ཕྱིས་ཀྱི་རྒྱ་བོད་འགྲེལ་བྱེད་ཀུན་ནག་ནོག་དུ་ངང་གིས་གྱུར། རྒྱལ་ཚབ་[8]༼རྣམ་བཤད་༽ལས། གང་ཟག་བདག་མེད་རྟོགས་པའི་མངོན་སུམ་ཆོས་ཅན་དུ་བཟུང་ནས། མ་འོངས་པ་ལ་སྲེད་པའི་འདུན་པ་དང་། ཞེས་སོགས་རིམ་པ་བཞིན་དེ་དག་གི་གཉེན་པོ་ཡིན་ཏེ། “དེ་དག་གི་ཞེན་ཡུལ་མེད་པར་རྟོགས་པའི་ཕྱིར་”གསུངས།
མཁྱེན་པ་དེས་འདོད་ཆགས་ཀྱི་ཞེན་ཡུལ་མེད་པར་རྟོགས་ཚུལ་གྱི་དོགས་པ་དེ་ཡོངས་གྲགས་ཡིན་པས་འདིར་མི་བཤད། དཀའ་གནད་གཞན་ཏེ། ཡུལ་ཅན་ཤེས་རྣམ་དེ་བདག་མེད་ཀྱི་རྣམ་པ་ཅན་ཡིན་ན། དོན་རྣམ་དེ་བདག་མེད་ཕྲ་མོ་ཡིན་དགོས་པས། ཀུན་འབྱུང་གི་རྣམ་པའི་སྐབས་བདག་མེད་ཀྱི་རྣམ་པ་གང་ནས་ཡོང་བ་རེད། མཐར་ཐུག་གི་གཉེན་པོ་ཙམ་གྱིས་ཆོག་ན། ལམ་ཤེས་ཀྱི་རྣམ་པའི་སྐབས་འདིར། ཐེག་དམན་གྱི་རྟོགས་རིགས་སུ་གནས་མི་དགོས་པས། སྤྲོས་བྲལ་གྱི་རྣམ་པ་ལ་བཀྲལ་ན་མདོ་དང་མཐུན་ཤས་ཆེ་བས། གང་ཟག་བདག་མེད་ལ་བཀྲལ་དགོས་དོན་གང་ཡིན། གོང་དུ་ཞུས་པའི་དོགས་པ་དེ་དག་སྒྲོ་འདོགས་ལེགས་པར་ཆོད་ན། དཀའ་གནད་གཞན་ལ་ཡང་རང་བཞིན་གྱིས་ཆོད་དེ། འགག་སའི་གནས་དེ་གཅིག་ཡིན་པའི་ཕྱིར།
ད་ནི་༼ལེགས་བཤད་གསེར་ཕྲེང་༽ལ་ཅུང་ཙམ་བལྟ་བར་བྱ། དེ་ཉིད་ལས། ལམ་ཤེས་ཀྱི་རྣམ་པའི་དང་པོ། འདུན་པའི་གཉེན་པོ་འཆད་སྐབས། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་འདོད་ཆགས་དང་བྲལ་བའི་ལམ་ཤེས་ཀྱི་རྣམ་པ་ནི། ཞེས་ཡུལ་ལ་འདུན་པའི་ཆགས་པའི་གཉེན་པོ་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་གསུངས་པ་ནི་ཆེས་ལེགས་ཏེ། རྒྱབ་ཀྱིས་ཕྱོགས་པ་ནི། མི་འདོད་པ་སྟེ་འདུན་པ་མེད་པ་ཡིན་པས། བློ་དེ་གཉིས་འཛིན་སྟངས་འགལ་བས་སྤང་གཉེན་དུ་ཆེས་འཐད་པ་ཡིན། སྡུག་བདེན་གྱི་རྣམ་པ་བཞི་པོ་གང་ཡང་མ་ཡིན་པས་འདི་ལ་ཡང་སྐྱོན་མེད་མིན་ཞེ་ན། སྐབས་འདིའི་ཤེས་རྣམ་ལ་ལམ་ཡིན་དགོས་ལ། སྡུག་བདེན་ལ་མི་རྟག་པའི་རྣམ་ཅན་ལྟ་བུ་ཐད་ཀར་ལམ་དུ་བཟུང་ལ། ཀུན་འབྱུང་ལ། རྒྱུ། ཀུན་འབྱུང་། རྐྱེན། རབ་སྐྱེ་བཅས་ཀྱི་རྣམ་པ་ཅན་དེ་ལམ་དུ་ཡོད་ཆོག་རུང་། དེའི་ལྡོག་ཕྱོགས་ཀྱི་རྣམ་པ་ཅན་དུ་བཤད་ཅིང་། ཐ་སྙད་ལ་སྤང་གཉེན་སྒོ་ནས་བསྟན་པར་གསུངས། རྒྱལ་ཚབ་རྣམ་བཤད་ལས་ཀྱང་དེ་ལ་དགོངས་ནས་གསུངས་པ་ཞིག་ཡིན།
བཞི་བ། ཞར་བྱུང་རྣམ་མཁྱེན་གྱི་རྣམ་པའི་སྐབས་ཀྱི་དོགས་པ་ཟུར་ཙམ་སྨྲོས་པ།
རྣམ་མཁྱེན་གྱི་གཞི་ལམ་གྱི་རྣམ་པའི་སྐབས། ༼གསེར་ཕྲེང་༽ལས། དམིགས་རྣམ་དེ་ཐུན་མོང་མ་ཡིན་པ་ཞིག་གསུངས་ཡོད་མོད། དེ་ཡོངས་གྲགས་ཀུན་ཀྱིས་དཔྱད་པ་དང་། རྩོད་པ་སོགས་བྱེད་བཞིན་པས་འདིར་མ་བཤད། སངས་རྒྱས་ཀྱི་ཐུན་མིན་གྱི་རྣམ་པའི་སྐབས། མ་འདྲེས་པ་བཅོ་བརྒྱད། མི་འཇིགས་པའི་སྤོབས་པ་བཞི། སོ་སོ་ཡང་དག་པའི་རིག་པ་བཞི་ཡི་རྣམ་པ་དེ། དོན་རྣམ་དང་ཤེས་རྣམ་གང་ལ་བྱེད། དང་པོ་ཡིན་ན། སྐུ་འཁྲུལ་བ་མི་མངའ་བ་དང་། གསུང་ཅ་ཅོ་མི་མངའ་བ་དེ། བྱང་འཕགས་ཀྱིས་མངོན་སུམ་དུ་རྟོགས་ཆོག་པས་ཐུན་མིན་གྱི་རྣམ་པ་མི་འཐད། གཉིས་པ་ལྟར་ན་ཡང་བྱང་འཕགས་ལ་དེ་མངོན་སུམ་དུ་རྟོགས་པའི་ཤེས་རྣམ་ཡོད་པས་གོང་དང་མཚུངས། རྣམ་མཁྱེན་དེ་ཤེས་རྣམ་ཙམ་མ་ཡིན་གྱི་རྣམ་མཁྱེན་དུ་གྱུར་བའི་ཤེས་རྣམ་ཡིན་ལ། བྱང་འཕགས་ཀྱི་ཤེས་རྣམ་དེ་རྣམ་མཁྱེན་མ་ཡིན་ཞེ་ན། རྣམ་མཁྱེན་གྱི་ཐུན་མིན་རྣམ་པ་སྒྲུབ་བྱེད། རྣམ་མཁྱེན་རྟགས་སུ་བཀོད་པས། བསྒྲུབ་བྱ་སྒྲུབ་བྱེད་དུ་འགོད་པའི་ཐབས་རྡུག་དེ་འདྲ་འཕགས་སེང་ལ་ཡོང་དོན་མེད། གནོད་པ་གཞན་ཡང་། མི་རྟག་པའི་རྣམ་པ་ཅན་གྱི་རྣམ་མཁྱེན་ཡང་ཐུན་མིན་གྱི་ཤེས་རྣམ་ཐལ་ཏེ། འཕགས་ཆུང་འོག་མ་ལ་མི་རྟག་པ་རྟོགས་པའི་རྣམ་མཁྱེན་མེད་དོ། །ཞེས་པའི་སྐྱོན་ཡང་བྱུང་།
གོང་ནས་སྤྱིར་རྣམ་པ་ལ་དོན་དང་ཤེས་པའི་རྣམ་པ་གང་རུང་ཁས་བླངས་པ་ལ་ཉེས་པ་མེད་ཀྱང་། སྐབས་འདིའི་གོ་དོན་འབྲེལ་ཚེ་དོགས་པ་ཞིག་ཡོད་ཅེས་པ་འདི་ཡིན་ནོ། །ཕྱོགས་དེ་དག་ལས་བལྟས་ན། སྐུ་འཁྲུལ་བ་མི་མངའ་བ་སོགས། སངས་རྒྱས་ཀྱི་ཐུན་མིན་རྣམ་པ་ཡིན་ཏེ། ཐུན་མིན་ཁྱད་ཆོས་ཡིན་ནོ། །ཞེས་བདག་གིས་བརྗོད་དོ། །དེ་ལ་ཀླན་ཀ་ནི། དོན་རྣམ་ཤེས་རྣམ་གང་ཡིན། ཞེས་པ་དེ་རེད། རེ་ཞིག་ཁོ་བོས། མ་ཁྱབ། ཅེས་སྨྲའོ། །གཞན་དགཤེས་པ་མིན་པས་ཤེས་རྣམ་མིན་ཡང་། དོན་རྣམ་ཡིན་པ་ལ་སྐྱོན་ཅི་ཡོད། ཅེ་ན། སྤྱིར་དོན་རྣམ་ཡིན་མོད། སྐབས་འདིའི་གོ་དོན་ཅན་གྱི་དོན་རྣམ་ཡིན་ན། རྣམ་མཁྱེན་གྱིས་ཡུལ་དུ་བྱེད་པའི་སྒོ་ནས་ཐུན་མིན་འཇོག་དགོས་ལ། བྱང་སེམས་ཀྱིས་ཀྱང་ཡུལ་དུ་བྱས་པས་སོ། །ཞེས་མ་སྨྲས་སམ། དེ་ལྟར་ཟུར་ཙམ་སྨྲོས་པ་འདིེས། བློ་གྲོས་དང་ལྡན་པ་དག་ལ། རྣམ་མཁྱེན་གྱི་ཐུན་མིན་རྣམ་པ་ཀུན་རེ་རེ་ནས་དཔྱད་པའི་སྒོ་ཙམ་ཞིག་ཕྱེས་པ་ཡིན་ནོ། །
༢༠༢༥། ༧། ༡༥། ལ་ལྟ་གྲུབ་འཛིན་གྲྭའི་སློབ་མ། བློ་བཟང་མཁས་མཆོག་གིས་རང་ཤག་ནས་བྲིས་སོ། །
[1] བློ་གླིང་པར་མ། སྨད་ཆ། ཤོག་ངོས། ༡༧༥
[2] སྒོ་མང་དཔེ་མཛོད་ཁང་། ཤོག་ངོས། ༢༥༠་
[3] གོང་མཚུངས་ཤོག་ངོས་ ༡༥༡
[4] ཕྱི་ལོ་༢༠༡༠་ལོའི་འབྲས་སྤུངས་སྒོ་མང་ཕར་ཕྱིན་འཛིན་གྲྭ། ཞེས་པའི་པར་མ། ཤོག་ངོས། ༣༩༠
[5] དཔེ་བསྡུར་མ། ཤོག་ངོས་ ༤༩༦
[6] པར་མ་གོང་མཚུངས། ཤོག་ངོས་ ༢༥༥
[7] པར་མ་གོང་མཚུངས། ཤོག་ངོས་ ༣༩༤
[8] ཝར་ཎ་པར་མ། སྨད་ཆ། ཤོག་ངོས་ ༢༠
