འདུལ་བ་རྒྱ་མཚོ་སྙིང་པོའི་དོན་བསྡུས།
བོད་ཀྱི་སྐད་ཡིག་སྡེ་ཚན། བློ་བཟང་བཀྲ་ཤིས།
སེམས་ཅན་མྱ་ངན་འདའ་བ་དང་། །
བདེ་བར་གནས་པའི་དོན་གྱི་ཕྱིར། །
དང་པོ་ཐར་པ་བསྟན་མཛད་པའི། །
སྟོན་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་མཆོད་པ་བརྗོད་ནས་སོ་སོར་ཐར་པའི་མདོ་དང་དེའི་འགྲེལ་པ་ལུང་སྡེ་བཞི་དེ་དག་གི་འགྲེལ་བཤད་མདོ་རྩ་བ་དང་མཚོ་ཊཱིཀ་ཉི་མའི་འོད་ཟེར་སོགས་བཤད་བ་རྒྱ་ཆེན་པོར་གཟིགས་པར་ངལ་བ་དང་དབང་པོས་མ་ནུས་སོགས་ཀྱི་ཆེད་༼འདུལ་བ་རྒྱ་མཚོ་སྙིང་པོ་ཡི་འགྲེལ་བཤད་བསྡུས་པའི་དོན་༽ འདི་བཤད་པར་བྱ།
རྩ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
འདུལ་བ་རྒྱ་མཚོ་སྙིང་པོའི་གཞུང་འདི་ཚུལ་ཁྲིམས་བརྗོད་བྱར་བྱེད་པའི་འདུལ་བའི་སྡེ་སྣོད་ཡིན་པས་སྔོན་ཆོས་རྒྱལ་རྣམས་གྱི་བཀས་བཅད་དང་མཐུན་པར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བའོ། །
གང་ལ་བརྟེན་ན་བདེ་བླག་ཏུ། །ཐར་བའི་གྲོང་དུ་བགྲོད་པའི་ཐབས། །བདེ་བཤེགས་བསྟན་པའི་སྙིང་པོ་མཆོག ། །སོ་སོར་ཐར་ཅེས་གྲགས་པ་གང་། །
གང་སོ་སོར་ཐར་པའམ་ཚུལ་ཁྲིམས་ལ་བརྟེན་ན་དཀའ་ཚེགས་མེད་པ་བདེ་བླག་ཏུ་ཐར་བ་མྱང་འདས་ཀྱི་གྲོང་དུ་བགྲོད་པའི་ཐབས་དང་། བདེ་བ་གཤེགས་པ་སངས་རྒྱས་བསྟན་པའི་སྙིང་པོ་དང་མཆོག་གྱུར་ཡིན་པ་འཇིག་རྟེན་ན་གྲགས་པ་གང་སོ་སོར་ཐར་པའི་སྡོམ་པ་བཤད་པ་ལ།
ངོ་བོ་དང་ནི་རབ་དབྱེ་དང་། །སོ་སོའི་ངོས་འཛིན་སྐྱེ་བའི་རྟེན། །གཏོང་བའི་རྒྱུ་དང་ཕན་ཡོན་ཏེ། །རྣམ་པ་དྲུག་གིས་ཇི་བཞིན་བཤད། །
སོ་སོར་ཐར་པའི་ཚུལ་ཁྲིམས་བཤད་པ་ལ།
༡ སྡོམ་པའི་ངོ་བོ། ༢ སྡོམ་པའི་རབ་དབྱེ། ༣ སྡོམ་པ་སོ་སོའི་ངོས་འཛིན། ༤ སྡོམ་པ་སྐྱེ་བའི་རྟེན་གྱི་གང་ཟག ། ༥ སྡོམ་པ་གཏོང་བའི་རྒྱུ། ༦ སྡོམ་པའི་ཕན་ཡོན་བཤད་པ་དང་དྲུག་ལས།
ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །
དང་པོ། སྡོམ་པའི་ངོ་བོའམ་མཚན་ཉིད་ནི། ངེས་འབྱུང་བསམ་པས་རྒྱུ་བྱས་པ་ལས་བྱུང་ཞིང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ལུས་ངག་གི་ལས། དོན་ནི། གཞན་ལ་གནོད་པའི་ལུས་ངག་གི་ལས་དང་དེ་འབྲེལ་སངས་རྒྱས་ཀྱི་བཅས་པ་ལས་ལྡོག་པའི་ལུས་ངག་གང་རུང་གི་བྱ་བ་དེ་བྱེ་བྲག་སྨྲ་བས་སྡོམ་པ་འདོད། རྗེ་བཙུན་པའི་འདུལ་བའི་སྤྱི་དོན་ལས། འཆལ་བའི་ཚུལ་ཁྲིམས་ཀྱི་དངོས་ཀྱི་གཉེན་པོ་བྱེད་པའི་རིགས་སུ་གནས་པའི་ཆོས་འདི་པའི་སྤོང་བ་གཟུགས་ཅན་པ་གང་ཞིག ། འདོད་པའི་སས་བསྡུས་པ་དེ་སོར་ཐར་གྱི་སྡོམ་པའི་མཚན་ཉིད་གསུངས།
སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་སྨྲ། །
སེམས་ཙམ་པས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ལ་སྡོམ་པ་ཞེས་འདོད་པ་དེའི་ཕྱིར་རང་སྡེ་གྲུབ་མཐའ་གོང་མ་སེམས་ཙམ་པ་དང་འོག་མ་བྱེ་སྨྲ་རང་གི་ལུགས་ཀྱི་སྡོམ་པའི་ངོ་བོ་འདོད་ཚུལ་དང་རྣམ་པ་གཉིས་སོ། །
གཉིས་པ་དབྱེ་བ་ནི།
བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དང་དགེེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་དང་པོ་ལྔ། །
སོ་སོར་ཐར་པའི་སྡོམ་པ་ལ་དབྱེ་ན་བརྒྱད་དེ། ༡ བསྙེན་གནས། ༢ དགེ་བསྙེན་ཕ། ༣ དགེ་བསྙེན་མ། ༤ དགེ་ཚུལ་ཕ། ༥ དགེ་ཚུལ་མ། ༦ དགེ་སློབ་མ། ༧ དགེ་སློང་མ། ༨ དགེ་སློང་ཕ་དང་བརྒྱད་དོ། ། དེ་ལས་དང་པོ་བསྙེན་གནས་སོགས་གསུམ་ནི་ཁྱིམ་པའི་སྡོམ་པ་དང་དགེ་ཚུལ་ཕ་མ་སོགས་ཕྱི་མ་ལྔ་ནི་རབ་བྱུང་གི་སྡོམ་པ། དེ་ཡང་དགེ་ཚུལ་མ་དང་དགེ་སློབ་མ་དང་དགེ་སློང་མ་གསུམ་ནི་རབ་བྱུང་མ་ཡི་སྡོམ་པ་དང་དགེ་ཚུལ་དང་དགེ་སློང་ནི་རབ་བྱུང་ཕ་ཡི་སྡོམ་པའོ། །
གསུམ་པ་སྡོམ་པ་སོ་སོའི་ངོས་འཛིན་པ་ལ། ཁྱིམ་པའི་སྡོམ་པ་དང་རབ་བྱུང་གི་སྡོམ་པ་ངོས་འཛིན་གཉིས་ལས། དང་པོ་ཁྱིམ་པའི་སྡོམ་པ་ལ་བསྙེན་གནས་དང་དགེ་བསྙེན་གཉིས་ལས། དང་པོ་བསྙེན་གནས་ཀྱི་སྡོམ་པ་བཤད་པ་ལ།
རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་བསྙེན་གནས་སྡོམ་པའོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་རྫུན་དུ་སྨྲ་བ་རྣམས། །རྩ་བ་བཞི་ཡིན་མལ་ཆེ་མཐོ། ། ཆང་འཐུང་གར་སོགས་ཕྲེང་སོགས་དང་། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །
རྩ་བ་བཞི་དང་ཡན་ལག་བཞི་སྤོང་པའི་ཉིན་ཞག་གཅིག་གི་ཡུན་ཚད་ལས་མི་གནས་པའི་ཁྱིམ་པའི་སྡོམ་པ་ཞིག་ལ་བསྙེན་གནས་ཀྱི་སྡོམ་པ་ཟེར། རྩ་བ་བཞི་ནི། མི་ཚངས་སྤྱོད་པ། མ་བྱིན་ལེན་པ། སྲོག་གཅོད་པ། རྫུན་དང་བཞིའོ། །འདི་དག་གི་དོན་ནི་དགེ་སློང་ཕའི་སྡོམ་པའི་སྐབས་སུ་བཤད་པར་བྱ། རྩ་བ་བཞི་ལས་མི་ཚངས་པ་སྤྱོད་པའི་དོད་ལ་འདོད་ལོག་བགྲངས་པ་ཡོད་ཀྱང་མདོ་འགའ་ཞིག་ལས་མི་ཚངས་སྤྱོད་པ་ཚིག་དངོས་སུ་ཐོན་ལ་འདི་ལ་ཡང་མི་ཚངས་སྤྱོད་དངོས་སུ་གསུངས་པས་མི་ཚངས་སྤྱོད་བགྲང་དགོས་སྙམ། ཅི་སྟེ་འདི་ཁྱིམ་པའི་སྡོམ་པ་ཡིན་པས་ལོག་གཡེམ་བགྲང་དགོས་ན་རྗེ་བདག་ཉིད་ཆེན་པོས་དགེ་བསྙེན་ལ་ལོག་གཡེམ་དང་འདོད་ལོག་གི་ཐ་སྙད་དངོས་སུ་འདོགས་ལ་འདི་བསྙེན་གནས་ལ་མི་ཚངས་སྤྱོད་ཅེས་སྒྲ་དངོས་སུ་སྦྱར་བ་ལའང་སོམས་པར་བྱ། ཡན་ལག་བཞི་ནི། མལ་ཆེ་མཐོ་བ་ནི་མལ་ལམ་ཉལ་ས་དང་ཁྲི་སོགས་མཐོ་པོར་འདུག་པ། ཆང་རྩྭ་ཡི་ཟིལ་བའི་ཡན་དུ་འཐུང་བ། གར་ནི་རྒོད་བག་གི་བསམ་པས་བྲོ་གར་འཁྲབ་པ་དང་ཕྲེང་བ་ནི་དགོས་མེད་རང་དགར་མེ་ཏོག་སོགས་མཛེས་བྱེད་ཀྱི་ཕྲེང་བ་མགོ་ལ་འཆིང་བར་བྱེད་པའོ། ། འདིར་གར་དང་ཕྲེང་བ་གཉིས་གཅིག་ཏུ་འདྲེན་དགོས། ཕྱི་དྲོའི་ཁ་ཟས་ཟ་བ་དང་ཡན་ལག་བཞིའོ། ། བསྙེན་གནས་ལ་ཕ་མ་གཉིས་ཡོད་ཀྱང་དམན་པས་གཅིག་ལས་མ་བགྲངས་ཀྱང་སྲུང་བྱ་ནི་མཚུངས་པའོ། །
གཉིས་པ་དགེ་བསྙེན་བཤད་པ་ལ། དགེ་བསྙེན་གྱི་ངོ་བོ་དང་དབྱེ་བ་གཉིས་ལས། དང་པོ་དགེ་བསྙེན་གྱི་ངོ་བོ་ནི།
གསོད་རྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་འཐུང་བ་ལྔ་སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པའོ། །
དུས་ནི་ཇི་སྲིད་འཚོའི་བར། སྤོང་བ་ལྔ་སྤོང་པའི་ཁྱིམ་པའི་སྡོམ་པ་དེ་དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད། སྤོང་བ་ལྔ་ནི། གསོད་ནི་སྲོག་གཅོད་པ། རྐུ་བ། རྫུན་སྨྲ་བ། ལོག་པར་གཡེམ་ནི་རང་གི་ཆུང་མ་ལས་གཞན་བུད་མེད་ལ་ལོག་པར་བྱེད་པ། མྱོས་འགྱུར་གྱི་ཆང་འཐུང་བ་དང་ལྔ།
གཉིས་པ་དགེ་བསྙེན་སྡོམ་པ་ལ་དབྱེ་ན་དྲུག་སྟེ།
སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། ། སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག ། རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤོང་དང་། །སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ། །ཁས་ལེན་རྣམས་དང་གོ་རིམ་བཞིན། །
༡ སྣ་གཅིག་སྤྱོད་པའི་དགེ་བསྙེན་ནི་རྩ་བ་བཞི་ལས་གང་རུང་གཅིག་སྲུང་བ་ལ་ཟེར། ༢ སྣ་འགའ་སྤྱོད་པའི་དགེ་བསྙེན་ནམ། ཡང་ན་ཕྱོགས་གཅིག་སྤྱོད་པའི་དགེ་བསྙེན་ནི་རྩ་བ་བཞི་ལས་གཉིས་ཙམ་སྲུང་བ་ལ་ཟེར། ༣ ཕལ་ཆེར་སྤྱོད་པའི་དགེ་བསྙེན་ནི་རྩ་བཞི་ཆང་ལྔ་ལས་གསུམ་མམ་བཞི་སྲུང་བ་ཟེར། ༤ ཡོངས་རྫོགས་དགེ་བསྙེན་ནི་དགེ་བསྙེན་མཚན་ཉིད་པ་ཡིན་པས་རྩ་བཞི་ཆང་ལྔ་ཡོངས་སུ་རྫོགས་པར་སྲུང་པ་ལ་ཟེར། དེ་ཡང་མི་ཚངས་སྤྱོད་སྤོང་མི་དགོས་པར་འདོད་ལོག་སྤོང་ན་ཆོག་པས་ཚངས་སྤྱོད་ལས་གཞན་དུའོ། ། ༥ ཚངས་སྤྱོད་དགེ་བསྙེན་ཡང་དགེ་བསྙེན་མཚན་ཉིད་པ་ཡིན་པས་རྩ་བཞི་ཆང་ལྔ་སྤོང་པ་དགོས་ཤིང་དེ་ཡང་འདོད་ལོག་སྤོང་པ་ཞིག་མ་ཟད་མི་ཚངས་སྤྱོད་གཏན་སྤོང་དགོས། ༦ སྐྱབས་འགྲོའི་དགེ་བསྙེན་ཏེ་སྐྱབས་གསུམ་འཛིན་པའི་དགེེ་བསྙེན་ནི་སྡོམ་པ་མ་བླངས་ཀྱང་སྐྱབས་སུ་འགྲོ་བ་ལ་གནས་པ་ཞིག་ལ་ཟེར། འདི་རྣམས་ལས་ཡོངས་རྫོགས་དང་ཚངས་སྤྱོད་གཉིས་དགེ་བསྙེན་མཚན་ཉིད་པ་ཡིན་ལ་གཞན་བཞི་པོ་ནི་བཏགས་པ་བའོ། དགེ་བསྙེན་ལའང་ཕ་མ་གཉིས་ཀའི་སྲུང་བྱ་མཚུངས།
གཉིས་པ་རབ་བྱུང་གི་སྡོམ་པ་བཤད་པ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་མཚན་ཉིད་ནི།
མཁན་པོར་གསོལ་བ་གདབ་པ་དང་། །ཁྱིམ་པའི་རྟགས་ནི་སྤོང་པ་དང་། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་
དུས་ནི་ཇི་སྲིད་འཚོའི་བར། ཉམས་པ་རྣམ་གསུམ་སྤོང་པའི་སྡོམ་པ་ནི་རབ་བྱུང་སྡོམ་པའི་མཚན་ཉིད་ཡིན། ཉམས་པ་རྣམ་གསུམ་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ལས་ཉམས་པ། ཁྱིམ་པའི་རྟགས་སྤོང་པ་ལས་ཉམས་པ། རབ་བྱུང་གི་རྟགས་ལེན་པ་ལས་ཉམས་པ། རྗེ་བདག་ཉིད་ཆེན་པོས་འདིར་མཁན་པོར་གསོལ་བ་འདབ་པ་ལས་ཉམས་པ་བགྲངས་ཀྱང་འདུལ་བ་རིན་ཆེན་འཕྲེང་བ་སོགས་ལས་མཁན་པོར་གསོལ་བ་འདབ་པ་བཀག་ནས་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་བགྲངས།
གཉིས་པ་རབ་བྱུང་སྡོམ་པ་ལ་དབྱེ་ན། དགེ་ཚུལ་དང་དགེ་སློབ་མ། དགེ་སློང་མ་དང་དགེ་སློང་ཕ། དང་པོ་དགེ་ཚུལ་སྡོམ་པ་ནི།
རྩ་བ་བཞི་དང་ཡན་ལག་དྲུག ། བཅུ་སྤོང་དགེ་ཚུལ་སྡོམ་པའོ། །གར་སོགས་ཕྲེང་སོགས་རྣམ་པ་གཉིས། །གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་གྱུར། །མཁན་པོར་གསོལ་བ་གདབ་པ་དང་། ། ཁྱིམ་པའི་རྟགས་ནི་སྤོང་པ་དང་། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡི། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །
དུས་ནི་ཇི་སྲིད་འཚོའི་བར། ལོ་བདུན་ལོན་ན་དགེ་ཚུལ་སྡོམ་པ་སྦྱིན་རུང་། སྤོང་བ་བཅུའམ་བཅུ་གསུམ་སྤོང་པའི་རབ་བྱུང་གི་སྡོམ་པ་དེ་དགེ་ཚུལ་ཀྱི་སྡོམ་པའི་མཚན་ཉིད། སྤོང་བ་བཅུ་ནི། མི་ཚངས་སྤྱོད་སོགས་རྩ་བ་བཞི་དང་མལ་ཆེ་མཐོ་བ། ཆང་འཐུང་བ། ཕྱི་དྲོའི་ཁ་ཟས་ཟ་བ། གར་སོགས། ཕྲེང་སོགས། གསེར་དངུལ་སོགས་རིན་པོ་ཆེ་ལེན་པ་དང་བཅས་ཡན་ལག་དྲུག ། དེའི་ཁར་ཉམས་པ་རྣམ་གསུམ་བསྣན་པས་སྤོང་བ་བཅུ་གསུམ་མོ། ། གཞན་ཡང་། བླངས་འདས་སུམ་ཅུ་རྩ་དྲུག་སོགས་དགེ་ཚུལ་བསླབ་བྱ་གནམ་རྩེད་ལྡེང་མ་ལ་གཟིགས་པར་བྱ། དགེ་ཚུལ་ཕ་མ་གཉིས་ཀ་ལ་བླངས་འདས་སོགས་མཚུངས།
གཉིས་པ་དགེ་སློབ་མ་བཤད་པ་ལ།
དགེ་ཚུལ་སྡོམ་པ་ཐོབ་རྗེས་སུ། །རྩ་བའི་ཆོས་དྲུག་རྗེས་མཐུན་གྱི། །ཆོས་དྲུག་སྤོང་བའི་སྡོམ་པ་ནི། །དགེ་སློབ་མ་ཡི་སྡོམ་པ་ཡིན། །
དགེ་སློབ་མའི་སྡོམ་པ་ནི་མས་དགེ་ཚུལ་ཐོབ་པའི་རྗེས་སུ་དགེ་སློང་གི་སྡོམ་པ་སྦྱིན་རུང་མི་རུང་གི་སྟ་གོན་ལྟར་བརྟག་པའི་ཕྱིར་གནང་ལ། དེ་ཡང་ཁྱིམ་སོ་བཟུང་བའམ་ཆུང་གཉེན་བསྒྲིགས་པའི་བུད་མེད་ལོ་བཅུ་ལོན་པ་དང་དེ་མིན་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པར་དགེ་སློབ་མའི་སྡོམ་པ་སྦྱིན་རུང་། སྡོམ་པ་སྦྱིན་ནས་ལོ་གཉིས་ལོན་ཞིག་རྩ་རྗེས་ཆོས་བཅུ་གཉིས་དང་འགལ་མེད་ན་དགེ་སློང་མའི་སྡོམ་པ་སྦྱིན་པར་བྱ། ངོ་བོ་ནི་དགེ་ཚུལ་སྡོམ་པའི་སྟེང་དུ་རྩ་རྗེས་ཆོས་བཅུ་གཉིས་སྤོང་པའི་རབ་བྱུང་མའི་སྡོམ་པའོ། །
རྩ་བའི་ཆོས་དྲུག་ནི།
གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། ། སྐྱེས་པ་ལ་ནི་རེག་མི་བྱ། ། སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་འཆབ་མི་བྱ། །དེ་དག་རྩ་བའི་ཆོས་དྲུག་སྤོང་། །
ཡན་ལག་ཆོས་དྲུག་ནི།
གསེར་ལ་གཟུང་བར་མི་བྱ་ཞིང་། ། འདོམས་ཀྱི་སྤུ་ནི་འབྲེག་མི་བྱ། ། བྱིན་ལེན་མ་བྱས་ཟ་མི་བྱ། ། གསོག་འཇོག་བྱས་པ་བཟའ་མི་བྱ། ། རྩྭ་སྔོན་མི་གཙང་འདོར་མི་བྱ། ། ས་ནི་བརྐོ་བར་མི་བྱ་བ། ། རྗེས་མཐུན་ཆོས་ནི་རྣམ་དྲུག་སྤོང་། །
སྐབས་ཀྱི་གྲངས་རེ་རེ་ནི་དེང་གི་ཆར་དེ་ཙམ་དགོས་མཁོ་མེད་པས་རྒྱས་པར་མ་སྨྲས།
གསུམ་པ་དགེ་སློང་མའི་སྡོམ་པ་བཤད་པ་ལ།
ཕམ་བརྒྱད་ལྷག་མ་ཉི་ཤུ་དང་། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ། །ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། །སོ་སོར་བཤགས་པ་བཅུ་གཅིག་དང་། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས། །སྤོང་བར་བྱེད་བ་དགེ་སློང་མ། །
དུས་ནི་ཇི་སྲིད་འཚོའི་བར་ཡིན། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དང་གཞོན་ནུ་མ་ལོ་ཉི་ཤུ་ལོན་ན་དགེ་སློང་མའི་སྡོམ་པ་སྦྱིན་རུང་། མཚན་ཉིད་ནི་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེེ་བ་བཞི་སྟེ་སྤོང་བདུན་འཁོར་བཅས་སྤོང་བའི་སྡོམ་པའོ། འདི་ལ་ཕམ་པ་བརྒྱད་སོགས་སྤང་བྱ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད་ཀྱང་རྒྱས་པ་གཞན་ལས་ཤེས་པར་བྱ།
བཞི་པ་དགེ་སློང་སྡོམ་པ་བཤད་པ་ལ།
ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེས་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་སློང་ངོ་། །
དུས་ནི་ཇི་སྲིད་འཚོའི་བར། ལོ་ཉི་ཤུ་ལོན་ན་དགེ་སློང་སྡོམ་པ་སྦྱིན་རུང་། མཚན་ཉིད་ནི་སྤོང་བདུན་འཁོར་བཅས་སྤོང་པའི་སྡོམ་པ། ངོ་བོ་ནི་དགེ་སློང་ཕ་མ་གཉིས་ཀ་འདྲ། ཕ་ཡི་ལྟུང་བ་སྡེ་ལྔ་ནི། དང་པོ་ཕམ་པ་བཞི་སྟེ། མི་ཚངས་སྤྱོད་པ་སྟེ་འདུ་ཤེས་འཁྲུལ་ཡང་མཚན་བསྟེན་རུང་བའི་ཕོ་མོ་གང་གི་རྨ་སྒོ་གསུམ་པོ་གང་རུང་ཞིག་ལ་རང་གི་ནོར་བུ་པགས་པ་དང་པོའི་ཕན་ཆད་དུ་བཅུག་ནས་བདེ་བ་མྱོང་ན་ཕམ་པ་དང་པོ་འོ། །རྐུ་བའི་ཕམ་པ་ནི་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་རང་དང་དངོས་རྫས་ཐ་དད་པའི་སྒྲ་མི་སྙན་མ་གཏོགས་པའི་འགྲོ་བ་མི་གཞན་ལས་ཀརྵ་པ་ནའི་བཞི་ཆའམ་དེང་གི་ཆར་ཆོས་གོས་ཀྱི་རིན་ཚད་ཙམ་རང་ངམ་གཞན་ལ་བརྐུ་འཇུག་ནས་ཐོབ་ན་ཕམ་པ་གཉིས་པའོ། །སྲོག་གཅོད་ཀྱི་ཕམ་པ་ནི་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་རང་ལས་ཐ་དད་པའི་མིའམ་མངལ་དུ་ཆགས་པའི་མི་གང་རུང་ཞིག་རང་ངམ་གཞན་ལ་གསོད་འཇུག་ནས་ཕ་རོལ་པའི་སྲོག་དབང་འགག་ན་ཕམ་པ་གསུམ་པར་འགྱུར། རྫུན་ཕམ་ནི་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་སྨྲ་ཤེས་དོན་གོ་བ་སོགས་ཐ་སྙད་ལྔ་ལྡན་གྱི་གང་ཟག་གཞན་ལ་མི་ཆོས་བླ་མ་སྟེ་བསམ་གཏན་དང་པོའི་ཡན་གྱི་རྟོགས་པ་མ་ཐོབ་ཀྱང་ཐོབ་པར་སྨྲས་ནས་ཕ་རོལ་པོས་དོན་གོ་ན་ཕམ་པ་བཞི་པར་འགྱུར།
གཉིས་པ་ལྷག་མ་བཅུ་གསུམ་ནི།
དང་པོ་ཁུ་བ་འབྱིན་པ་སྟེ་ཆགས་སེམས་ཀྱིས་རང་ངམ་གཞན་གྱི་ལུས་སོགས་ལ་རེག་ནས་རང་གི་ཁུ་བ་དང་པོའི་གནས་ནས་ཕྱུང་ནའོ། །གཉིས་པ་རེག་པའི་ལྷག་མ་སྟེ་ཆགས་སེམས་ཀྱིས་བུད་མེད་ཀྱི་ལུས་ལ་རེག་ནས་ཚོར་བདེ་མྱོང་ནའོ། །གསུམ་པ་འཁྲིག་ཚིག་སྨྲ་བ་སྟེ་ཆགས་སེམས་ཀྱིས་བུད་མེད་ལ་འཇིག་རྟེན་ན་གྲགས་པའི་ཆགས་པའི་སྐོར་སྨྲས་ནས་དོན་གོ་ནའོ། ། བཞི་པ་བསྙེན་བཀུར་བསྔགས་པ་སྟེ་ཆགས་སེམས་ཀྱིས་བུད་མེད་ལ་བསྙེན་བཀུར་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་བསྙེན་བཀུར་ནི་བདག་ལ་འཁྲིག་པ་བསྟེན་བཅུག་པ་ཡིན་པ་སྨྲས་ནས་དོན་གོ་ནའོ། །ལྔ་པ་སྨྱན་བྱེད་པ་སྟེ་བཅས་ལྡན་དགེ་སློང་གིས་ཕོ་མོ་གཉིས་སྨྱན་བྱེད་པ་སྟེ་ཕོ་མོ་གཉིས་ཆ་བསྒྲིགས་ནས་ཕོ་མོ་གཉིས་ཀྱི་མཚན་མ་གཉིས་ཕྲད་ནའོ། །དྲུག་པ་ཁང་པའི་དགེ་འདུན་ལྷག་མ་སྟེ་བཅས་ལྡན་དགེ་སློང་རང་གི་ཆེད་དུ་གཞི་མ་དག་པར་ཚད་ལས་ལྷག་པའི་ཁང་པ་བརྩིགས་ནའོ། །བདུན་པ་ཁང་ཆེན་ལྷག་མ་སྟེ་ཚོགས་ཀྱི་དོན་དུའམ་དགེ་འདུན་བཞི་ཡན་གྱི་ཆེད་དང་། དཀོན་མཆོག་གསུམ་གྱི་དོན་དུ་གཞི་མ་དག་པར་ཁང་པ་བརྩིགས་ནའོ། ། བརྒྱད་པ་གཞི་མེད་སྐུར་འདེབས་ཀྱི་ལྷག་མ་སྟེ་བཀྲ་ཤིས་ལྟ་བུ་དགེ་སློང་ལ་ཕམ་པའི་གཞི་མེད་པའམ་ཕམ་པ་མ་བྱུང་ཡང་གང་ཟག་གཞན་ལ་བཀྲ་ཤིས་ཕམ་པ་བྱུང་བ་དངོས་སུ་སྨྲས་ནས་དོན་གོ་ནའོ། །དགུ་པ་བག་ཙམ་ཀྱི་དགེ་འདུན་ལྷག་མ་སྟེ་བཀྲ་ཤིས་ལྟ་བུ་དགེ་སློང་ལ་ཕམ་པའི་གཞི་མེད་པའམ་ཕམ་པ་མ་བྱུང་ཡང་གང་ཟག་གཞན་ལ་བཀྲ་ཤིས་ཕམ་པ་བྱུང་བ་བག་ཙམ་སྨྲས་པའམ་བསྐོར་ནས་སྨྲས་ནས་དོན་གོ་ནའོ། །འདི་དང་གོང་གཉིས་ནི་དངོས་སུ་སྨྲ་མི་སྨྲ་ལས་ཁྱད་པར་མེད། བཅུ་པ་དགེ་འདུན་དབྱེན་གྱི་ལྷག་མ་སྟེ་བཅས་ལྡན་དགེ་སློང་གིས་མཚམས་གཅིག་ན་གནས་པའི་དགེ་སློང་བཞི་ཚན་གཉིས་ཆོས་ཕྱོགས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་པ་ནའོ། ། བཅུ་གཅིག་པ་དེ་རྗེས་ཕྱོགས་ཀྱི་དགེ་འདུན་ལྷག་མ་སྟེ་དགེ་འདུན་དབྱེན་འབྱེད་པའི་ཕྱོགས་སུ་གྲོགས་བྱས་ནའོ། ། བཅུ་གཉིས་པ་ཁྱིམ་པ་སུན་འབྱིན་པའི་ལྷག་མ་སྟེ་བཅས་ལྡན་དགེ་སློང་རང་གི་ཚུལ་ཁྲིམས་དང་འགལ་བའམ་དགེ་སློང་གཞན་ལ་སྐུར་བ་བཏབ་ནས་ཁྱིམ་པའི་དད་པ་སུན་འབྱིན་ནའོ། ། བཅུ་གསུམ་པ་བཀའ་བློ་མི་བདེ་བའི་ལྷག་མ་སྟེ་རང་ཉིད་བཅས་པ་དང་འགལ་བའི་ཚེ་དགེ་སློང་གཞན་ཞིག་གིས་བཅས་པ་འདི་དང་འདི་འགལ་སྨྲས་པ་ལ་ལན་སློག་པའམ་ང་ལ་ལྟུང་བ་དེ་གླེང་མ་འོངས་ཟེར་བ་ལྟ་བུ་སྨྲས་ནའོ། །
གསུམ་པ་ལྟུང་བྱེད་ལ་སྤང་ལྟུང་སུམ་ཅུ་དང་འབའ་ཞིག་པ་དགུ་བཅུ་ཡོད། བཞི་པ་སོར་བཤགས་བཞི། ལྔ་པ་ཉེས་བྱས་བརྒྱ་དང་བཅུ་གཉིས་ཡོད། འདི་རྣམས་རེ་རེ་ནས་སྨྲས་ན་ཤོག་ངོ་བཅུ་ལས་ལྷག་པར་འགྱུར་བས་རྒྱས་པ་གཞན་ལ་བལྟ་བར་བྱ།
བཞི་པ་སྡོམ་པ་སྐྱེས་པའི་རྟེན་གྱི་གང་ཟག་ནི།
དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མདང་། །མ་ནིང་མཚན་གཉིས་སོགས་ལ་མིན། །
སོ་སོར་ཐར་པའི་སྡོམ་པ་སྐྱེ་བའི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ལ་སྐྱེ་ཡི་གློ་བུར་དུ་རླིག་འབྲས་ཕྱུང་པའི་ཟ་མ་དང་དང་པོ་ནས་ནུས་པ་མེད་པའི་མ་ནིང་། ཕོ་མོའི་མཚན་གཉིས་བྱུང་པའི་མཚན་གཉིས་པ་ཅན་ནི་སྡོམ་པ་སྐྱེ་བའི་རྟེན་མིན།
ལྔ་པ་སྡོམ་པ་གཏོང་བའི་རྒྱུ་བཤད་པ་ལ།
སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་བྱུང་དང་ལན་གསུམ་གྱུར། །དགེ་རྩ་ཆད་རྣམས་ཐུན་མོང་ངོ་། །ཉི་ཤུ་མ་ལོན་དེར་ཤེས་དང་། །བསྟེན་ཕྱིར་ཁས་བླངས་ཉིན་ཞག་འདས། །རིམ་བཞིན་དགེ་སློང་དགེ་སློབ་མ། །བསྙེན་གནས་རྣམས་ཀྱི་ཐུན་མོང་མིན། །
སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། ཐུན་མོང་བའི་གཏོང་རྒྱུ་དང་ཐུན་མོང་མ་ཡིན་པའི་གཏོང་རྒྱུ་གཉིས་ལས།
དང་པོ་ཐུན་མོང་བའི་གཏོང་རྒྱུ་ནི་བསླབ་པ་ཕུལ་བ་ན་སྡོམ་པ་ཉམས། ཤི་འཕོས་པ་སྟེ་ཚེ་ཡི་འདུ་བྱེད་གཏོང་ན་སྡོམ་པ་ཉམས། མཚན་གཉིས་པ་སྟེ་ཕོ་མོའི་མཚན་གཉིས་ཀ་བྱུང་ན་སྡོམ་པ་ཉམས། ལན་གསུམ་གྱུར་པ་སྟེ་ཕོ་མོ་ལ་འགྱུར་བ་ལྟ་བུ་ལན་གསུམ་གྱུར་ན་སྡོམ་པ་ཉམས། དགེ་རྩ་ཆད་པ་སྟེ་དགེ་བའི་རྩ་བ་རང་རྒྱུད་ལ་ཆད་ན་སྡོམ་པ་ཉམས་པ་སོགས་ལྔ་པོ་གང་རུང་གྱུར་ན་སོ་ཐར་རིགས་བརྒྱད་གང་ཡིན་ཡང་གཏོང་བས་ཐུན་མོང་བའི་གཏོང་རྒྱུའོ། །དེ་རྣམས་ལས་དེང་གི་ཆར་དགོས་མཁོ་ཆེ་བ་ལྟ་བུ་གྱུར་པ་བསླབ་པ་ཕུལ་བ་ནི་སྤྱིར་དགག་པའི་བསླབ་པ་ཡིན་ཡང་དམིགས་གསལ་ཕམ་པའི་རྒྱུ་ལ་འཇུག་པར་འགྱུར་ན་གང་ཟག་དེ་ལ་ནི་བསླབ་པ་འབུལ་ནི་སྒྲུབ་པའི་བསླབ་པ་ཡིན་པས་དེ་ཅུང་ཙམ་བཤད་ན། སྤྱིར་རབ་བྱུང་སུ་ཞིག་ཀྱང་བསླབ་པ་ཕུལ་མི་དགོས་པའི་སྨོན་ལམ་དང་བཅས་གལ་ཏེ་ཕམ་པ་དང་པོ་བྱུང་ནས་ཀྱང་བསླབ་པ་མ་འབུལ་ན་གང་ཟག་དེ་ལ་མུ་མཐུད་དེ་ལྟུང་བ་གཞན་ལ་ཞུགས་ན་ལྟུང་བ་དངོས་གཞི་འགྱུར། དེས་ན་ཡག་ཤོས་བྱུང་ན་ཕམ་པ་མ་གྱུར་སྔོན་ནས་བསླབ་པ་འབུལ་དགོས་ལ་དེ་ལྟར་མ་བྱུང་ཡང་ཕམ་པ་དང་པོ་བྱུང་ཡང་བསླབ་པ་ངེས་པར་འབུལ་དགོས།
བསླབ་པ་ཇི་ལྟར་འབུལ་ཞེ་ན། རྒྱུ་མཚན་ནི་དཀོན་མཆོག་གི་དོན་དང་དགེ་འདུན་གྱི་དོན་དུ་སྡོམ་པ་སྲུང་མ་ནུས་ན་འབུལ་དགོས་པ་ལྟ་བུ་ཡིན་ཡང་ངེས་པར་མེད་སྙམ་སྟེ། རྒྱུ་གང་ཞིག་གིས་སྡོམ་པ་སྲུང་མ་ནུས་ཀྱང་སྡོམ་པ་འབུལ་ཆོག་པ་ལྟ་བུ་རེད། རང་གིས་བསམ་པ་ཐག་པ་ནས་སྡོམ་པ་གཏོང་སེམས་ཡོད་བཞིན་དུ་རང་ལས་ཐ་དད་པའི་མི་ཡིན་པ། སྨྲ་ཤེས། དོན་གོ། སྨྱོན་པ་མ་ཡིན་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སོགས་དང་ལྡན་པ་དེ་ལ་རང་གིས་ངག་གསལ་པོར་བྱས་ནས་བདག་ཁྱིམ་པ་གཟུང་དུ་གསོལ་ཞེས་སྨྲས་ནས་ཕ་རོལ་པོས་དོན་དེ་གོ་ན། བསླབ་པ་ཕུལ་ཟིན་ལ་དེ་ཚེ་རང་གིས་ལོ་མང་གཅེས་གཅེས་སྐྱོང་པའི་སྡོམ་པ་རང་རྒྱུད་ལ་མེད་པར་གྱུར་ལ་སྐབས་དེར་རང་ཉིད་གྲྭ་བའི་སྡེ་དེ་ལ་སྡོད་མི་ཆོག་པ་གྱུར་ཟིན། སྡོམ་པ་འབུལ་ས་ནི་བླ་ཆེན་དཔོན་ཆེན་ཡིན་མི་དགོས་ལ་རབ་ཏུ་བྱུང་བ་ཡང་ཡིན་མི་དགོས་གལ་སྲིད་གཞན་ལ་འབུལ་ས་མེད་ན་རང་གི་མ་འོངས་པའི་ཆུང་མ་སྨྲ་ཤེས་དོན་གོ་བ་སོགས་ཡིན་ན་འབུལ་ཆོག ། བསླབ་པ་ཉམས་པ་དང་ཕུལ་བ་གཉིས་ནི་ངག་གསལ་བ་སྨྲ་མི་སྨྲ་ཙམ་ལས་སྡོམ་པ་གཏོང་བའི་རྒྱུ་མཚུངས། ཉམས་པ་ནི་རྒྱུ་མཚན་སོགས་ཕུལ་བ་དང་འདྲ་ལ་རང་ཉིད་སྡོམ་པ་གཏོང་འདོད་ཀྱི་བསམ་པས་མི་ཞིག་ལ་རང་ཉིད་དགོན་པར་སྡོད་མི་ཐུབ་པ་ལྟ་བུ་སྨྲས་ན་དངོས་སུ་སྡོམ་པ་སྲུང་མི་ནུས་པ་མ་བརྗོད་ཀྱང་བརྒྱུད་ནས་སྲུང་མི་ནུས་པ་གོ་བས་སྡོམ་པ་གཏོང་ངེས། ཐུན་མོང་མ་ཡིན་པའི་གཏོང་རྒྱུ་ནི་ལོ་ཉི་ཤུ་མ་ལོན་པ་ཉིད་ན་ཉི་ཤུ་མ་ལོན་པར་ཤེས་ན་དགེ་སློང་གི་སྡོམ་པ་གཏོང་། འཁྲིག་པ་བསྟེན་ཕྱིར་དུ་ཁས་བླངས་ན་དགེ་སློབ་མའི་སྡོམ་པ་ཉམས། ཉིན་ཞག་གཅིག་ལས་འདས་ན་བསྙེན་གནས་སྡོམ་པ་གཏོང་།
རྩ་བའི་ལྟུང་བ་བྱུང་བ་དང་། །དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། །ཁ་ཆེ་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་ལ། །བུ་ལོན་ནོར་ལྡན་བཞིན་དུ་འདོད། །
མདོ་སྡེ་བ་སོགས་ཀྱིས་རྩ་བའི་ལྟུང་བ་བྱུང་བའམ་ཕམ་པ་བྱུང་ན་སྡོམ་པ་གཏོང་བ་འདོད། འགའ་རེས་དམ་པའི་ཆོས་ནུབ་ན་སྡོམ་པ་གཏོང་བ་འདོད་ཀྱང་རང་ལུགས་ཁ་ཆེ་བྱེ་སྨྲའི་ལུགས་ལ་དེ་དག་བྱུང་ན་སྡོམ་པ་གཏོང་མི་དགོས་ཀྱང་རྩ་བའི་ལྟུང་བ་བྱུང་ན་སྡོམ་པའི་ནོར་ཡོད་ཀྱང་བུ་ལོན་ཡོད་པ་བཞིན་ངེས་བར་བསླབ་པ་སྦྱིན་ནས་སྡོམ་པ་གསོ་བར་བྱ་དགོས།
དྲུག་པ་སྡོམ་པའི་ཕན་ཡོན་བཤད་པ་ལ།
སྡོམ་པ་དེ་དག་བསྲུངས་པ་ལས། །གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །
གོང་གི་སྡོམ་པ་བརྒྱད་པོ་དེ་དག་བསྲུངས་པ་ལས་གནས་སྐབས་ཀྱི་འབྲས་བུ་ལྷ་དང་མིའི་གོ་འཕང་ཐོབ་པ་དང་། མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོ་སོགས་གསུམ་ཐོབ་བོ། །
བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར། །རྟག་ཏུ་གུས་པས་འབད་དེ་བསྲུང་། །དགེ་དེས་སྐྱེ་བར་ལུས་ཅན་རྣམས། །རྟག་ཏུ་ཚངས་སྤྱོད་ལ་གནས་ཤོག ། །
བརྩོན་འགྲུས་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་སོ་སོར་ཐར་བའི་སྡོམ་པ་དེར་དུས་རྟག་ཏུ་གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་འབད་དེ་བསྲུངས་པའི་དགེ་བའི་ཤུགས་ཀྱིས། སྐྱེ་བར་ལུས་ཅན་གྱི་སེམས་ཅན་རྣམས་རྟག་ཏུ་ཚངས་སྤྱོད་དེ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པར་ཤོག་ཅིག ། །། དགེའོ། །
སེར་བྱེས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སྐད་ཡིག་ལོ་རིམ་གཉིས་པའི་སློབ་མ་ཏྲེ་བློ་བཟང་བཀྲ་ཤིས་ཀྱིས་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༧ ཚེས་ ༨ ཉིན་མཇུག་ཡོངས་སུ་རྫོགས།
