སྒོམ་རིམ་བར་བའི་དོགས་དཔྱོད།
སྔོན་གླེང་།
ལོ་འདིར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་མཐར་ཕྱིན་སློབ་མས་གཞུང་ཆེན་ཁག་གི་དཀའ་གནད་ལ་དཔྱད་རྩོམ་གྱི་དཔེ་དེབ་ཅིག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་གྲྭ་ཚང་རིན་པོ་ཆེས་བཀོད་སྒྲིག་འོག་ནས་དཔར་བསྐྲུན་གནང་རྒྱུའི་ཐག་ཆོད་བྱུང་བ་གཞིར་བཟུང་ཐོག ། བོད་ཀྱི་སྐད་ཡིག་ཆེད་སྦྱོང་མཐར་སོན་འཛིན་གྲྭ་ནས་བདག་ལ་སྒོམ་རིམ་བར་པའི་སྐོར་ནས་རྩོམ་ཡིག་ཅིག་འབྲི་དགོས་པར་གསུངས་པ་ལྟར་དང་ལེན་ཞུས་པ་ཡིན། བསྟན་བཅོས་འདི་ནི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས། བོགས་ཆོད་པ་ཞིག་འབྲི་རྒྱུ་ཤིན་ཏུ་ནས་དཀའ་ནའང་གཙོ་བོ་ཐམས་ཅད་མཁྱེན་པའི་རྒྱུ་གསུམ་གྱི་སྐོར་དང་། གཞུང་འདིར་སྙིང་རྗེ་ཆེན་པོ་ལས་ལོགས་སུ་ཐབས་ཅེས་འདྲེན་ཚུལ་དང་། ཞི་གནས་ས་མཚམས་གང་ནས་ཐོབ་པ་དང་སྙིང་རྗེ་ཆེན་པོ་རྒྱུད་ལྡན་གྱི་ཐེག་པ་གསུམ་ཀའི་གང་ཟག་ཡོད་མེད་སོགས་ལས་བརྩམས་ཏེ་བྲིས་ཡོད།
༡ ཐམས་ཅད་མཁྱེན་པ་རྒྱུ་རྐྱེན་ལས་བྱུང་བར་བསྒྲུབས་པ།
༢ སྙིང་རྗེ་ཆེན་པོ་དང་ཐབས་སོ་སོར་འདྲེན་ཚུལ།
༣ ཐམས་ཅད་མཁྱེན་པའི་རྩ་བའི་རྒྱུ་དུ་ཡོད་དཔྱད་པ།
༤ ས་མཚམས་གང་ནས་ཞི་གནས་ཐོབ་པ།
༥ སྙིང་རྗེ་ཆེན་པོ་ཉན་རང་ལ་ཡོད་མེད་དཔྱད་པ།
༦ འཕྲོས་དོན་སྙིང་རྗེ་གསུམ་ལ་དཔྱད་པ།
༡ ཐམས་ཅད་མཁྱེན་པ་རྒྱུ་རྐྱེན་ལས་བྱུང་བར་བསྒྲུབས་པ།
དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་འཁྲུངས་པའི་མཁས་པའི་དབང་པོ་སློབ་དཔོན་ཀ་མ་ལ་ཤཱི་ལས་ལྗགས་རྩོམ་མཛད་པའི་སྒོམ་རིམ་བར་པ་ཞེས་པའི་དབུ་མའི་བསྟན་བཅོས་ཆེན་པོ་འདིའི་ཐོག་མཐའ་ཀུན་ཏུ། གདུལ་བྱ་ཐེག་ཆེན་ལམ་ལ་ཞུགས་པ་ལ་གཙོ་བོའི་རྒྱུ་རྐྱེན་གང་ཞིག་ཡིན་མིན་དང་། ཇི་ལྟར་ཉམས་སུ་ལེན་ཚུལ། དེ་དག་གི་མི་མཐུན་ཕྱོགས་དང་བཅས་པ་ལུང་རིགས་གཉིས་ཀྱིས་གསལ་བར་བསྒྲུབས་ནས་ཐམས་ཅད་མཁྱེན་པའི་རྒྱུ་དང་རྐྱེན་སོགས་གཙོ་བོར་གསུངས་ཡོད། དེ་ཡང་རིགས་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་པའི་སྐབས་ཀྱི་ཚད་མར་གྱུར་པ་ཞེས་པས། ཐམས་ཅད་མཁྱེན་པ་དེ་རྟག་པ་རང་བྱུང་གིས་གྲུབ་པ་མ་ཡིན་པར། རྒྱུ་རྐྱེན་ལ་ལྟོས་ནས་གསར་དུ་ཐམས་ཅད་མཁྱེན་པར་གྱུར་པར་བསྟན་ཡོད། འདིའི་སྐབས་ཀྱི་མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ༤༢༣ ཚད་མ་ཇི་ལྟ་བུ་ཞེ་ན། རྒྱུ་མེད་རང་བྱུང་གི་ཚད་མ་མ་ཡིན་གྱི། རྒྱུ་ཕུན་སུམ་ཚོགས་པ་ལས་ཚད་མར་འཁྲུངས་པར་གྱུར་པ་ཞིག་ལའོ། །ཞེས་གསུངས་པ་ལྟར། གཞུང་འདིར་ཡང་། གལ་ཏེ་ཐམས་ཅད་མཁྱེན་པ་དེ། རྒྱུ་མེད་ལས་བྱུང་ན་ཐམས་ཅད་མཁྱེན་པར་འགྱུར་བ་ལ་རྒྱུ་ཚོགས་མི་དགོས་པས། སྲོག་ལྡན་ཀུན་ཐམས་ཅད་མཁྱེན་པ་ཡིན་པའི་ཐལ་བ་བཏང་ནས། དེ་རྒྱུ་མེད་ལས་སྐྱེ་བ་བཀག །
དེ་ཡང་སྒོམ་རིམ་བར་བ་ལས། ༡༨༡ འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། ཐམས་ཅད་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་རོ་ཞེས་རྒྱུ་མེད་ལས་སྐྱེས་པ་ལེགས་པར་བཀག །
མཐུན་པའི་རྒྱུ་ལ་ལྟོས་པ་མེད་པར་འབྱུང་ན་ནི། འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པས་ཀུན་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་སྟེ། ཞེས་པའི་དོན་ནི། གལ་ཏེ་ཐམས་ཅད་མཁྱེན་པ་དེ་མི་མཐུན་པའི་རྒྱུ་ལས་འབྱུང་ན། ཐམས་ཅད་མཁྱེན་པར་འགྱུར་བའི་ནུས་པ་ཡོད་མེད་ཀྱི་དངོས་པོ་ཀུན་ཆ་སྙོམས་སུ་འགྱུར་བའི་ཕྱིར་སྟེ། གཞི་དེ་ཐམས་ཅད་མཁྱེན་པར་འགྱུར་བ་དེ། རང་གི་མཐུན་པའི་རྒྱུ་ལ་ལྟོས་མི་དགོས་པའི་ཕྱིར་རོ། །གཞི་དེའི་མཐུན་པའི་རྒྱུ་དང་མི་མཐུན་པའི་རྒྱུའི་ཁྱད་པར་ནི། གཞི་དེ་ལ་ཆོས་དེ་སྐྱེད་བྱེད་ཀྱི་ནུས་པ་ཡོད་མེད་ཀྱིས་ཁྱད་པར་འབྱེད་དགོས། ཐམས་ཅད་མཁྱེན་པ་དེ་རང་གི་མཐུན་པའི་རྒྱུ་ལ་མ་ལྟོས་ན་ཐམས་ཅད་མཁྱེན་པ་མེད་པར་ཐལ་བ་ལས། མི་མཐུན་པའི་རྒྱུ་ལས་འབྱུང་བ་བཀག་ཡོད། དེ་ཉིད་ལས། ལྟོས་པ་མེད་པར་འབྱུང་ན་ནི་གང་དུ་ཡང་ཐོགས་པར་མི་འགྱུར་སྟེ། གང་གིས་ན་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། ཞེས་གསུངས་པས་མི་མཐུན་པའི་རྒྱུ་ལས་སྐྱེས་བ་བཀག །
འདིའི་སྐབས་ཀྱི་རྒྱུ་མེད་པར་འབྱུང་བར་འགྱུར་ན་ནི་ཞེས་དང་། ལྟོས་པ་མེད་པར་འབྱུང་ན་ནི་ཞེས་པ་གཉིས་ཀྱི་བསྟན་དོན་སོ་སོར་འགྲེལ་དགོས། ལྟོས་པ་མེད་པར་འབྱུང་ན་ནི། ཞེས་སོགས་ཀྱིས་ཐམས་ཅད་མཁྱེན་པ་ལྟོས་པ་མེད་པར་འབྱུང་བ་དངོས་སུ་བཀག་ནས། རྒྱུ་ལ་ལྟོས་པར་ཤུགས་ཀྱིས་བསྒྲུབས་པ་ཡིན་པས། རང་གི་རྒྱུ་ལ་ལྟོས་བར་ཚད་མས་གྲུབ་དུས་རང་གི་མཐུན་པའི་རྒྱུ་ལས་བྱུང་བར་ཚད་མས་གྲུབ་དགོས། རྒྱུ་མཚན་ནི། རྒྱུ་དེ་ལ་གཞི་དེ་སྐྱེད་བྱེད་ཀྱི་ནུས་པ་ཡོད་པར་རྟོགས་དགོས་པས་སོ། །དེ་ལྟར་གཞུང་འདིར་གཙོ་བོ་ཐམས་ཅན་མཁྱེན་པ་དེ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པ་དང་། རྒྱུ་གང་བྱུང་ལས་སྐྱེས་པ་མ་ཡིན་པར་ཐམས་ཅད་མཁྱེན་པ་རང་གི་གཙོ་བོའི་རྒྱུ་གསུམ་ཉམས་སུ་བླངས་ནས་འཐོབ་དགོས་པར་གསུངས། མཛུབ་མོས་རི་སྟོན་ལྟར་མ་ཡིན་པར་ལག་བསྟར་བྱས་ནས་ཉམས་སུ་ལེན་དགོས་ཏེ། དེ་ལྟར་ཡང་། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ལྗགས་རྩོམ་གནང་བའི་སྒོམ་རིམ་བར་བའི་བཀའ་ཁྲིད་ལས། ༣༣ ང་ཚོ་ཚང་མས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་དང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག ། ཅེས་སྨོན་འདེབས་བཞིན་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག ། ཅེས་བརྗོད་ནས་སྨོན་ལམ་འདེབས་བཞིན་ཡོད་ཀྱང་། སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ཐབས་ཇི་ལྟར་སྒྲུབ་དགོས་མིན་ཡང་མ་ཤེས་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག ། ཅེས་སྨོན་ལམ་བཏབ་པ་དེ་ཚིག་ཙམ་རེད། སེམས་ཀྱི་གཏིང་ནས་དད་པ་ཆེན་པོ་བྱེད་ནའང་རྒྱུ་མཚན་གང་ཡང་འགོད་རྒྱུ་མེད་ན། ནང་པའི་ཆོས་དེ་ཉིད་རྒྱུ་མཚན་གང་ཡང་འགོད་རྒྱུ་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན། ནང་པའི་ཆོས་ལ་རྒྱུ་མཚན་མང་དུ་ཡོད་ལ། རྒྱུ་མཚན་དེ་དག་ཀྱང་སྔོན་གྱི་མཁས་གྲུབ་ཀྱི་སྐྱེས་བུ་དེ་དག་གིས་ཧ་ཅང་དཔྱད་པ་གནང་ཞིང་། དཔྱད་དོན་ཉམས་སུ་བླངས། ཉམས་སུ་བླངས་ནས་འབྲས་བུ་མངོན་དུ་གྱུར་པའི་ཐོག་ལེགས་པར་བཤད་པ་གཏན་ལ་ཕབ་པ་ཞིག་ཆགས་ཡོད། ང་རང་ཚོ་སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་རྒྱུ་མཚན་བཀོད་མི་དགོས་པར་མྱོང་བས་གྲུབ་ཡོད། བདེ་བ་མཐར་ཐུག་པ་ཞིག་དང་སྡུག་བསྔལ་གྱི་རྒྱུ་བག་ཆགས་དང་བཅས་པ་གཏན་ནས་ཟད་པ་ཞིག་ཡོད་ན་དེ་བསྒྲུབ་འོས་པ་ཡིན་པས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག ། ཅེས་སྨོན་ལམ་བཏབ་པ་དེ་རྒྱུ་མཚན་ལྡན་པ་ཆགས་ཡོད། རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་གང་ཡིན་པ། རྐྱེན་གང་ཡིན་དེ་དག་རྩད་བཅད་ནས་ཤེས་དགོས། ཞེས་གསུངས་པ་ལྟར་ཐམས་ཅད་མཁྱེན་པ་སོགས་སྐྱེས་བུ་མཆོག་གི་གོ་འཕང་ཐོབ་པ་དེ། གཙོ་བོ་ཐོས་བསམ་སློབ་གཉེར་བྱས་ནས་ཤེས་རབ་ཀྱིས་དཔྱད་པ་ཞིབ་མོ་བྱེད་དགོས་པར་གཞུང་འདིས་ཐོག་མཐའ་ཀུན་ཏུ་རྒྱས་པར་གསུངས་ཡོད།
ཐམས་ཅད་མཁྱེན་པ་རྒྱུ་ལས་སྐྱེ་བར་ལེགས་པར་གྲུབ་པ་ལ། རྒྱུ་དེ་གང་ཡིན་ངོས་ཟིན་དགོས་ཏེ། རྒྱུ་དེ་ངོས་མ་ཟིན་པར་ཐམས་ཅད་མཁྱེན་པ་བསྒྲུབ་པར་མི་ནུས་པའི་ཕྱིར། དཔེར་ན། རང་རྒྱུད་ཀྱི་སྡུག་བསྔལ་ཞི་བའི་ཆེད་དུ་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་ལ་གཉེན་པོ་མ་བརྟེན་པར་ལུས་མེར་བསྲེགས་པ་དང་ལུས་ཆུར་བཀྲུ་བ་སོགས་ཀྱིས་རང་རྒྱུད་ཀྱི་སྡུག་བསྔལ་ཞི་བར་བྱེད་མི་ནུས་པ་བཞིན་ནོ། །
དེ་ལྟར་ཡང་སྒོམ་རིམ་བར་བ་ལས། ༡༨༢ རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ནི་ཡུན་ཤིན་ཏུ་རིང་པོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དོ། །དཔེར་ན་རྭ་ལས་འོ་མ་བཞོ་བ་བཞིན་ནོ། །ཞེས་སོགས་ཀྱི་དོན་ནི་རང་ལ་སྡུག་བསྔལ་བྱུང་བ་དེ། སྡུག་བསྔལ་གང་ལས་འབྱུང་བའི་རྒྱུ་དེ་དང་པོ་ངོས་ལེགས་པར་ཟིན་དགོས་པ་དང་། རང་ལ་བདེ་བ་བྱུང་ན་བདེ་བ་དེ་གང་ལས་འབྱུང་བའི་རྒྱུ་དེའང་ལེགས་པར་ངོས་ཟིན་དགོས་པར་བསྟན་ཡོད།
དེ་ཡང་དགག་བྱ་དེ་འགོག་པར་བྱེད་པ་ལ་གང་དགག་རྒྱུ་དེ་ངོས་ལེགས་པར་ཟིན་དགོས་ཏེ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་ལས། ༡༠༤ བཏགས་པའི་དངོས་ལ་མ་རེག་པར། ། དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དང་།
རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ༥༧༡ བདག་མེད་པ་དང་རང་བཞིན་མེད་པ་ཞེས་པའི་དོན་ངེས་པ་ལའང་། མེད་རྒྱུའི་བདག་དང་རང་བཞིན་དེ་ལེགས་པར་ངོས་ཟིན་དགོས་ཏེ། དགག་པར་བྱ་བའི་སྤྱི་ལེགས་པར་མ་ཤར་ན་དེ་བཀག་པའང་ཕྱིན་ཅི་མ་ལོག་པར་མི་ངེས་པའི་ཕྱིར། ཞེས་གསུངས་པ་ལྟར། སྤང་རྒྱུ་གང་དང་གང་ཡིན་དང་། བླང་བྱའམ་དོན་དུ་གཉེར་བྱ་གང་དང་གང་ཡིན་པ་དེ་ཐོག་མར་ལུང་རིགས་ཀྱི་སྒོ་ནས་ངེས་པར་གཏན་ལ་འབེབ་དགོས།
༢ སྙིང་རྗེ་དང་ཐབས་སོ་སོར་འདྲེན་ཚུལ།
གཞུང་འདིར། ཐམས་ཅད་མཁྱེན་པའི་རྒྱུ་གསུམ་རྩལ་དུ་བཏོན་ནས་གསུངས་པ་ནི། དེ་ཡང་མདོ་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། གཞན་ཡང་། སྒོམ་རིམ་བར་པ་ལས། ༡༨༣ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། ཐབས་དང་གསུམ་པོ་འདི་དག་ལ་བསླབ་པར་བྱའོ། །ཞེས་དང་།
གཞན་ཡང་། དེ་ཉིད་ལས། ༢༣༢ དེ་ལྟར་སྙིང་རྗེ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་དེ་ཚེ་འདི་ལ་གདོན་མི་ཟ་བར་ཁྱད་པར་དུ་འགྱུར་ཏེ་ཞེས་སོགས་གསུངས་སོ། །སྤྱིར་དབུ་མའི་གཞུང་ཕལ་མོ་ཆེ་ལས་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལས་ཐམས་ཅད་མཁྱེན་པ་ཐོབ་ནུས་པར་གསུངས་ཡོད། སྙིང་རྗེ་ཆེན་པོ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོགས་རྒྱ་ཆེ་བའི་ལམ་རིམ་དག་ནི་ཐབས་ཀྱི་ཆ་དང་། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཟབ་པའི་ལམ་རིམ་དུ་གསུངས་ཡོད། སྐབས་འདིར་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས། ཐབས་གསུམ་སོ་སོར་བགྲངས་འདུགདེ་ལྟར་ན། དབུ་མའི་གཞུང་ལུགས་ཕལ་མོ་ཆེ་དང་མི་འདྲ་ས་ཆེ་ཤོས་ཤིག་ནི། གཞུང་འདིས་ཚིག་ཟིན་ལ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་དང་ཐབས་ཞེས་སྙིང་རྗེ་སོགས་ལས་ལོགས་སུ་ཐབས་གསུངས་པ་དེ་རེད།
སྐབས་འདིའི་ཐབས་ནི་ཐབས་དང་ཤེས་རབ་གཉིས་སུ་དབྱེ་བའི་ཐབས་ཙམ་ལ་གོ་རྒྱུ་མ་ཡིན་པར། ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རྒྱུ། སྦྱིན་སོགས་ཀྱི་ཉམས་ལེན་སྤྱི་དང་ཁྱད་པར་དུ་རྒྱུའི་གཙོ་བོ་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལ་གོ་དགོས། དེ་ལྟར་ཡང་གོང་ས་སྐྱབ་མགོན་ཆེན་པོ་མཆོག་གི་སྒོམ་རིམ་བར་བའི་བཀའ་ཁྲིད་ལས། ༥༩ རྩ་བ་སྙིང་རྗེ་དང་། སྙིང་རྗེ་དེས་དྲངས་པའི་བྱང་ཆུབ་ཀྱི་སེམས། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་སོགས་ཀྱི་ཐབས། གཙོ་བོ་ཞི་ལྷག་གམ་བསམ་གཏན་དང་ཤེས་རབ་གཉིས་དེ་རེད། ཅེས་གསུངས་པ་ལྟར་རོ། ། སྤྱིར་ཆོས་དེ་དང་དེའི་རྒྱུ་ལ་ཐབས་ཞེས་གོ་བ་ལེན་རྒྱུ་ཡོད་པ་ནི་འཇིག་རྟེན་ཡོངས་གྲགས་དང་མཐུན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་སྒྲུབ་བྱེད་ཀྱི་ཐབས་སམ་རྒྱུའི་གཙོ་བོ་ནི་ཕར་ཕྱིན་བཅུའི་ནང་ནས་ཤེས་རབ་ཀྱི་ཕར་ཕྱིན་ཡིན་སྟེ། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་ལས། ༤༢ ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། ། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། ། མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། ། ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། ། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། ། ཞེས་པ་ལྟར་རོ། ། དེ་ལྟར་མ་ཡིན་པར་འདིའི་སྐབས་ཀྱི་ཐབས་དེ་ཐབས་ཤེས་གཉིས་སུ་བྱས་པའི་ཐབས་ཙམ་ལ་གོ་བ་བླངས་ན་སྙིང་རྗེ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལོགས་སུ་ཐབས་ཤིག་ཡོད་དགོས་པར་སེམས།
གལ་སྲིད་ཐབས་ཤིག་ལོགས་སུ་ཡོད་ན་དེ་གང་འཇོག །
སྤྱིར་གཞུང་འདིས་ཐོག་མཐའ་ཀུན་ཏུ་གཙོ་བོ་སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་སྟོང་ཉིད་སྒོམ་དགོས་པར་གསུངས་ཡོད་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡང་ཞི་ལྷག་ཟུང་འབྲེལ་གྱི་ངང་ནས་བསྒོམ་དགོས་ཀྱི་ཞི་ལྷག་ཤས་ཆེ་ཆུང་ཤོར་ན་ཐམས་ཅད་མཁྱེན་པ་ཐོབ་མི་ནུས་པར་གསུངས་ཡོད། དེ་ལྟར་ཡང་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ། །
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་དང་། གཞན་ཡང་སྒོམ་རིམ་བར་པ་ལས། ༡༩༥ དེ་ལྟ་བས་ན་གཉིས་ཀ་ལ་རྣལ་འབྱོར་དུ་བྱས་པར་གནས་སོ། ། དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པས་གང་གིས་བདེ་བར་མྱུར་དུ་ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་བ། ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བསྟེན་པར་བྱའོ། །ཞེས་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་དགོས་པའི་ཚུལ་གཅིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་དང་ཐབས་དང་ལྡན་པར་འདོད་དེ།
དེ་བས་ན་དེ་དག་གི་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། ། དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་ནི་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབས་ཀྱིས་ནི་མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་རོ། །ཞེས་ཐབས་ཤེས་ཟུང་འབྲེལ་དགོས་པའི་ཚུལ་གསུངས་ཡོད། དེ་ལྟར་ན། གོང་དུ་གསུངས་པའི་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ་ཞེས་པའི་ཐབས་དང་། སྙིང་རྗེ་དང་ཐབས་དང་ཞེས་པའི་སྐབས་ཀྱི་ཐབས་དེ། ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་དང་། ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལ་གོ་བ་བླངས་ན་བདག་བློས་དཔོག་ཚོད་ལྟར་ན་གོ་རྒྱུ་ཆེ་བ་དང་གོ་བདེ་བར་སེམས།
དེ་མིན་རྒྱ་ཆེ་བའི་ལམ་རིམ་ལས་ལོགས་སུ་ཐབས་ཤིག་ཐེག་ཆེན་གྱི་སྐབས་འདིར་འཇོག་རྒྱུ་དཀའ་བར་སྙམ་མོ། །
༣ ཐམས་ཅད་མཁྱེན་པའི་རྩ་བའི་རྒྱུ་དུ་ཡོད་དཔྱད་པ།
གཞང་ཡང་། ཐམས་ཅད་མཁྱེན་པའི་རྒྱུའི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པར་གསུངས་ཏེ། སྒོམ་རིམ་བར་བ་ལས། ༡༨༤ དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པས་དེ་ནི་ཐོག་མ་ཁོ་ནར་གོམས་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐར་གཏུགས་པའི་སྙིང་རྗེ་དང་། ། གཉིས་ལ་མི་བརྟེན་ཡེ་ཤེས་ལགས། ། ཞེས་ཐེག་ཆེན་སེམས་བསྐྱེད་རྩོལ་བཅས་དང་། སྙིང་རྗེ་ཆེན་པོ་དང་། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ། བྱང་སེམས་ཀྱི་རྩ་བར་བསྟན་པས། བྱང་སེེམས་ཀྱི་རྩ་བ་ཡིན་ན་དེ་གསུམ་ཐམས་ཅད་མཁྱེན་པའི་རྒྱུའི་རྩ་བ་མ་ཡིན་པའི་རྒྱུ་མཚན་དཀའ་བར་སེམས་སོ། །དེ་གསུམ་ཐམས་ཅད་མཁྱེན་པའི་རྒྱུའི་རྩ་བ་ཡིན་ན་སྒོམ་རིམ་གྱི་གཞུང་དང་མཐུན་མིན་སོགས་ཀྱི་དོགས་པ་མང་དུ་སྣང་ངོ་། །
༤ ས་མཚམས་གང་ནས་ཞི་གནས་ཐོབ་པ།
གཞན་ཡང་། དོགས་པ་གཞན་ཞིག་གི་མགོ་ཙམ་གླེང་ན། གཞུང་འདི་ཉིད་ལས། ༢༠༧ ཞི་གནས་ཀྱི་རྣམ་གཞག་རྒྱས་པར་གསུངས་སྐབས། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་རང་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིགས་པར་བྱའོ། །ཞེས་དང་།
ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །གསུངས་པས། བླ་མ་རྗེ་བཙུན་པའི་བསམ་གཟུགས་སྤྱི་དོན་ལས། ༢༣༣ འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེས་རང་གི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་མཉམ་པར་འཇོག་ནུས་པ་དང་། དེ་ཞི་གནས་མ་ཡིན་པར་གསུངས་པ་སོགས་དང་མི་འགལ་བའི་གོ་དོན་ལེགས་པར་དཔྱད་དགོས་པར་སྣང་།
གཞན་ཡང་། གཞུང་འདིས་དབུ་མའི་གཞུང་གཞན་དུ་གསལ་ཁ་ཆེར་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། ཕར་ཕྱིན་དྲུག་གི་ཉམས་ལེན་ཁྱད་པར་ཅན་གྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་པར་གསལ་པོར་གསུངས་ཡོད།
༥ སྙིང་རྗེ་ཆེན་པོ་ཉན་རང་ལ་ཡོད་མེད་དཔྱད་པ།
བསྒོམ་རིམ་བར་པ་ལས། ཉན་ཐོས་རྣམས་ཀྱིས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཐབས་དང་མི་ལྡན་པ་ཡིན་ཏེ། དེ་བས་ན་དེ་དག་གཅིག་ཏུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། ། ཞེས་ཉན་ཐོས་ལ་སྙིང་རྗེ་ཆེན་པོ་མེད་པར་གསལ་བར་བསྟན་ཡོད། འོན་ཀྱང་སྤྱིར་གཞུང་ཆེན་ཁག་ཏུ་ཉན་ཐོས་སོགས་ཐེག་པ་ཆུང་ངུ་བའི་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་མེད་ཀྱི་དགོངས་ཚུལ་གཉིས་གསུངས་ཡོད།
རྒྱུད་བླ་དར་ཊཱིཀ་ལས། ༢༤༦ ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་ལ་ཡང་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་འབྱུང་ཡང་། སྡུག་བསྔལ་དང་བྲལ་བ་དེ་བདག་གིས་བྱའོ་སྙམ་པའི་ཁུར་དུ་བླངས་བ་མེད་པས་ཐེག་པ་ཆེན་པོ་ལས་དམན་པའོ། །ཞེས་གསུངས།
བླ་མ་རྗེ་བཙུན་པའི་མཛོད་འགྲེལ་ནོར་བུའི་བང་མཛོད་ལས། ༢༥༦ རྒྱུད་ཀྱི་ཁྱད་པར་སྙིང་རྗེ་ཆེན་པོ་ཉན་རང་གི་རྒྱུད་ལའང་ཡོད། ཐུགས་རྗེ་ཆེན་པོ་སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ་ཡིན། ཞེས་གསུངས་སོ། །
ལམ་རིམ་ཆེན་མོ་ལས། ༣༠༤ སེམས་ཅན་གྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྐྱེ་བས་དེ་ཙམ་གྱིས་ཆོག་མོད། བར་དེར་ལྷག་བསམ་བཅུག་པས་ཅི་བྱ་སྙམ་ན། སེམས་ཅན་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཀྱང་། སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་རང་གི་ཁུར་དུ་བཞེས་པ་ནི། ཐེག་ཆེན་པ་མིན་པ་ལ་མེད་པས། སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག་བསམ་བསྐྱེད་དགོས་སོ། །ཞེེས་གསུངས་པའི་དོན་ལ་དགོངས་ནས་ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་པར་གསུངས་མཁན་ཡོད་མོད། འོན་ཀྱང་གཞུང་འདིས་ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་པར་གོ་ནུས་པ་དཀའ་སྙམ་མོ། །རྒྱུ་འབྲས་མན་ངག་བདུན་གྱི་ནང་གསེས་ཀྱི་སྙིང་རྗེ་ཉན་རང་གི་རྒྱུད་ལ་ཡོད་པར་བསྟན་ཀྱང་མན་ངག་བདུན་གྱི་ནང་གསེས་ཀྱི་ལྔ་བ་སྙིང་རྗེ་ལ་སྙིང་རྗེ་ཆེན་པོ་ཡིན་དགོས་པའི་ངེས་པ་མེད་པར་སེམས། ལྔ་པ་སྙིང་རྗེ་དེ་ཐེག་པ་ཆེ་ཆུང་ཀུན་ལ་ཡོད་པའི་སྙིང་རྗེ་སྤྱི་ཙམ་པ་དེ་དང་། དྲུག་པ་སྙིང་རྗེ་དེ། ལྷག་བསམ་སྙིང་རྗེ་འམ་སྙིང་རྗེ་ཆེན་པོ་ལ་གོ་དགོས་པར་འགྲེལ་ན་གཞུང་གི་འཛིན་མཚམས་དང་གོ་བ་གཉིས་ཀ་བདེ་བར་སེམས་སོ། །དེའི་སྐབས་ཀྱི་ལྷག་ཚུལ་དེའང་སྡུག་བསྔལ་ཁུར་དུ་ལེན་པ་དེ་ལ་གོ་དགོས་པས། སྙིང་རྗེ་ཆེན་པོ་ལའང་ཁུར་དུ་ལེན་པ་དགོས་སོ། །
དེ་ལྟར་ཡང་གོང་དུ་དྲངས་པའི་བསྒོམ་རིམ་བར་བ་དང་། གཞན་ཡང་། སྐྱབས་འགྲོ་བདུན་ཅུ་པ་ལས། ༤ རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུངས་ལས་སྐྱེས། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཞེས་ཐེག་ཆེན་སྤྱི་འགྲོས་ལྟར་ན་ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་མེད་པར་འདོད་པ་དེ་འཐད་པར་སེམས་སོ། །
རྒྱུ་མཚན་ནི། ཐེག་ཆེན་གྱི་རིགས་སད་པའི་ས་མཚམས་དེ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པ་ནས་འཇོག་དགོས་པ་དང་། འཕགས་པ་དཔལ་མཆོག་དང་པོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་པ་ནི་ཕ་ཡིན་ནོ་ཞེས་པས་ཀྱང་ལེགས་པར་བསྒྲུབ་ནུས་སོ། །གཞན་ཡང་བླ་མ་རྗེ་བཙུན་པའི་སྐབས་གསུམ་པའི་སྤྱི་དོན་ལས། ༢༠༨སྟོང་ཉིད་མ་རྟོགས་པའི་ཉན་ཐོས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་པར་གསུངས་པས་ཀྱང་ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་མེད་པར་གོ་ནུས་སོ། །
༦ འཕྲོས་དོན་སྙིང་རྗེ་གསུམ་ལ་དཔྱད་པ།
དབུ་མ་འཇུག་པ་ལས།
གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །
ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །
ཞེས་སོགས་ཀྱིས་ཐེག་ཆེན་བྱང་ཆུབ་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཐོག་མཐའ་བར་གསུམ་ལ་གལ་ཆེ་བའི་སྙིང་རྗེ་ཆེན་པོ་དེ་བསྟན་ཡོད། དབུ་མ་འཇུག་པ་ལས།
དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །
བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །
ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །
འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། །
ཞེས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ་དཔེ་དང་བཅས་པ་གསལ་བར་བསྟན་ཡོད།
འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །
གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །
ཞེས་འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར་ཞེས་པས་སེམས་ཅན་པ་དམིགས་པའི་སྙིང་རྗེ་ཆེན་པོ་དངོས་སུ་བསྟན།
རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་པས་ཆུ་ཡི་ནང་གི་ཟླ་གཟུགས་ལྟར་ཤེས་བྱ་ཀུན། སེམས་ཅན་རྣམས་ལ་བདེན་གྲུབ་ཏུ་སྣང་ཞིང་སྣང་གནས་མི་མཐུན་པར་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པའི་སྙིང་རྗེ་ཆེན་པོ་དེ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པར་བསྟན་ཡོད། དེ་ལྟར་དུ་དགོངས་པ་རབ་གསལ་གྱིས་གསུངས།
གཞན་ཡང་། འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། ཞེས་འགྲོ་བ་ཞེས་པས། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྟན། གཡོ་ཞེས་པས། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྟན། ཆུ་ཡི་ནང་གི་ཟླ་བ། ཞེས་པས་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་དང་། གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་བར་མཐོང་བ་ཡི། །ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ། གཡོ་བ་སྟེ་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་དགོས་པ་དང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དེ། རང་བཞིན་གྱིས་སྟོང་བར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་དགོས་པར་བསྟན་པ་ཡིན་ཞེས་འགྲེལ་ནའང་འགྲིག་སྙམ།
བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་དུ། ༧༤ སྙིང་རྗེ་གང་ཞིག་རང་གི་དམིགས་ཡུལ་དུ་གྱུར་བའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཙམ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པས་རབ་ཏུ་ཕྱེ་བ་དེ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད།
སེམས་ཅན་མི་རྟག་པར་ཚད་མས་གྲུབ་ཟིན་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་གང་ཞིགམི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ་དེ། ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད། སེམས་ཅན་བདེན་སྟོང་དུ་ཚད་མས་གྲུབ་ཟིན་པའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་གང་ཞིགབདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་བློ། དམིགས་མེད་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་དུ་གསུངས་ཡོད། དེ་ཐམས་ཅད་ཀྱི་དོན་བསྡུ་ན། སྙིང་རྗེ་གང་ཞིག ། སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་དང་། སེམས་ཅན་བདེན་མེད་དུ་རྟོགས་པའི་ཤེས་རབ་གང་རུང་གིས་དངོས་སུ་མ་ཟིན་པའི་ཤེས་པར་དམིགས་པ་དེ། སྙིང་རྗེ་དང་པོའི་མཚན་ཉིད།
དེ་གང་ཞིག །སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་དེ། སྙིང་རྗེ་གཉིས་པའི་མཚན་ཉིད།
དེ་གང་ཞིག །སེམས་ཅན་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པ་སྙིང་རྗེ་གསུམ་པའི་མཚན་ཉིད། ཅེས་གསུངས་སོ། །
སྙིང་རྗེ་གསུམ་གྱི་མཚན་ཉིད་གོང་འོག་གང་ལྟར་ཡང་མཚན་ཉིད་འདི་དག་ནི། ཉན་རང་གི་རྒྱུད་ལ་ཡོད་ཆོག་པ་ཞིག་ཡིན་ཏེ། དཔེར་ན། མི་རྟག་པ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་སྙིང་རྗེ་དེ། ཆོས་ལ་དམིགས་པའི་སྙིང་རྗེའི་མཚན་ཉིད་དང་ལྡན་ཡོད།
ཉན་ཐོས་ཀྱི་རྒྱུད་ལ་དེ་འདྲའི་སྙིང་རྗེ་ཡོད་པར་ཐལ། སེམས་ཅན་མི་རྟག་པ་དངོས་སུ་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ཡོད་པའི་ཉན་ཐོས་ཀྱི་རྒྱུད་ལ་སྙིང་རྗེ་མངོན་དུ་གྱུར་པ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་རྒྱུད་ལ་སྙིང་རྗེ་ཡོད། མི་རྟག་རྟོགས་པའི་ཤེས་རབ་ཡང་ཡོད། དེ་གཉིས་གཅིག་ཅར་དུ་མངོན་དུ་གྱུར་པ་མེད་པའི་རྒྱུ་མཚན་ཡང་དག་ཅིག་ཧ་ཅང་དཀའོ། ། གཞན་ཡང་། གོང་གི་མཚན་ཉིད་ལྟར་ན་སྙིང་རྗེ་དང་པོ་ཉན་རང་གི་རྒྱུད་ལ་ཡོད་པའང་བསྒྲུབ་སླའོ། །
མཚན་ཉིད་དེ་ལ། སྙིང་རྗེ་ཆེན་པོ་གང་ཞིག་ཅེས་གོ་བ་བླངས་ན་གོ་སྟོབས་ཆེ་བར་སེམས། སྤྱིར་སྙིང་རྗེ་གསུམ་པོ་གང་རུང་ལ་སྙིང་རྗེ་ཆེན་པོ་ཡིན་དགོས་པར་སེམས། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་རྩ་འགྲེལ་ནས་བཟུང་དབུ་མའི་བསྟན་བཅོས་རྣམས་སུ་སྙིང་རྗེ་གསུམ་དུ་དབྱེ་སྐབས། གང་ཕྱིར་བརྩེ་ཉིད་ཅེས་སོགས་ཐོག་མཐའ་བར་གསུམ་ལ་གལ་ཆེ་བའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ། སྔོན་དུ་འགྲོ་དགོས་ཀྱི་སྙིང་རྗེ་ཆེན་པོ་ལས་འཕྲོས་ནས་སྙིང་རྗེ་གསུམ་གྱི་རྣམ་གཞག་གསུངས་ཡོད།
དེ་ལྟ་བུའི་འཕྲོས་གཞུང་གི་སྙིང་རྗེ་ལ་སྙིང་རྗེ་ཆེན་པོས་ཁྱབ་པ་ཡོད། དབྱེ་གཞི་སྙིང་རྗེ་ཆེན་པོ་ལ། དབྱེ་བ་གསུམ་གསུངས་པས། སྙིང་རྗེ་གསུམ་གྱི་གང་རུང་ལ་སྙིང་རྗེ་ཆེན་པོ་ཡིན་དགོས་པ་གཞུང་གི་དོན་དུ་གོ་དགོས། དེ་ལྟར་ཡང་། དགོངས་པ་རབ་གསལ་ལས། ༣༠འདིའི་སྙིང་རྗེ་གསུམ་ནི་དམིགས་པ་གསུམ་པོ་གང་ལ་དམིགས་ཀྱང་། སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་བསྐྱབ་པར་འདོད་པའི་རྣམ་པ་ཅན་ཡིན་པས། ཉན་རང་གི་སྙིང་རྗེ་དང་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་གསུངས་སོ། །
དེ་ལྟར་ན་ལུང་རིགས་གང་གི་ཕྱོགས་ནས་དཔྱད་ན་ཡང་སྙིང་རྗེ་གསུམ་པོ་གང་རུང་ལ་སྙིང་རྗེ་ཆེན་པོས་ཁྱབ་དགོས་པར་སེམས་སོ། །གཞན་ཡང་། དབུ་མའི་སྤྱི་དོན་ལས། ཆོས་ལ་དམིགས་པའི་སྙིང་རྗེ་ལ་སེམས་ཅན་མི་རྟག་པ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་དགོས་པར་གསུངས། དེ་ལྟར་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་པའི་སྙིང་རྗེ་དེ་སེམས་ཅན་མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་ཚུལ་ལ་དོགས་པ་ཆེ། དེ་ཡང་། དབུ་མ་དགོངས་པ་རབ་གསལ་དུ། ༢༨མི་རྟག་པའི་སེམས་ཅན་ཞེས་པ་ནི་མཚོན་པ་ཙམ་སྟེ། རང་རྐྱ་ཐུབ་པའི་རྫས་སུ་མེད་པའི་སེམས་ཅན་དམིགས་པར་བྱེད་པ་ལྟ་བུ་ཡང་། ཆོས་ལ་དམིགས་པ་ཞེས་བྱའོ། །ཞེས་གསུངས་སོ། །
སྤྱིར་བྱེ་བྲག་སྨྲ་བ་སོགས་ཀྱི་ལུགས་ལའང་། སྙིང་རྗེ་གསུམ་གྱི་ཐ་སྙད་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ལས། རྩ་བ་གཉིས་རྣམ་མི་འཚེ་དང་། །ཞེས་པའི་རྣམ་པར་མི་འཚེ་བ་དེ་སྙིང་རྗེ་གསུམ་གར་འདོད་དེ། དེ་ལྟར་ཡང་། མཆིམས་འཇམ་དཔལ་དབྱངས་ཀྱི་མཛོད་འགྲེལ་ལས། ༢༡༣རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བ་སྟེ། དབྱེ་ན་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་ལའོ། །ཞེས་གསུངས་སོ། །
དཀའ་གནད་བརྒྱ་ཕྲག་མང་པོའི་བམ་ཁ་བརྩེགས། །
ཡོད་ཚད་འདི་རུ་བཀོད་ན་འབྲེལ་མེད་མང་། །
གཞུང་ཆེན་སྒོམ་རིམ་བར་བའི་བརྗོད་སྙིང་འགའ། །
རང་བློས་དཔོག་ཚོད་ལྟར་དུ་གླེང་བ་ཡིན། །
མཇུག་གི་གཏམ།
དཔྱད་རྩོམ་འདིའི་ནང་དུ་ནོར་བ་མི་ཉུང་བ་ཞིག་ཡོད་སྲིད་པས་མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་རྒྱུ་དང་། རྩོམ་འདི་བྲིས་པའི་རྣམ་དཀར་དགེ་ཚོགས་ཀྱིས་མཚོན་དགེ་རྩ་གང་ཡོད་རྣམས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་མཐའ་དབུས་ཀུན་ཏུ་ཁྱབ་པ་དང་། བོད་མི་རིགས་ཀྱི་ཆོས་སྲིད་ལེགས་ཚོགས་ཀུན་མི་ཉམས་གོང་དུ་འཕེལ་བའི་རྒྱུ་རུ་བསྔོ།
ཟུར་བལྟས་དཔེ་དེབ་ཀྱི་མཚན་ཐོ།
དཔལ་ལྡན་ཆོས་གྲགས་ཀྱི་རྣམ་འགྲེལ་ལེའུ་གཉིས་པ།
མཁས་གྲུབ་རྗེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།
༸གོང་ས་མཆོག་གི་སྒོམ་རིམ་བར་བའི་བཀའ་ཁྲིད།
རྒྱལ་སྲས་ཞི་ལྷའི་སྤྱོད་འཇུག་ཆེན་མོ།
རྗེ་རིན་པོ་ཆེའི་བྱང་ཆུབ་ལམ་རིམ་ཆེན་མོ།
མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ།
བླ་མ་རྗེ་བཙུན་པའི་བསམ་གཟུགས་སྤྱི་མཐའ་གཉིས་ཀ །
རྒྱལ་ཚབ་རྗེའི་རྒྱུད་བླ་དར་ཊཱིཀ །
བླ་མ་རྗེ་བཙུན་པའི་མཛོད་འགྲེལ་ནོར་བུའི་བང་མཛོད།
དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ།
བླ་མ་རྗེ་བཙུན་པའི་དབུ་མའི་སྤྱི་དོན།
རྗེ་རིན་པོ་ཆེའི་དབུ་མ་དགོངས་པ་རབ་གསལ།
དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ།
སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད།
མཆིམས་འཇམ་དཔལ་དབྱངས་ཀྱི་མཛོད་འགྲེལ།
སྐྱེས་སར་ཀླུ་སྒྲུབ་ཀྱི་ནཱལནྡཱ་ཞིབ་འཇུག །
སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་ཆོས་འཕེལ་གྱི་དབུ་མའི་བསྟན་བཅོས་སྐལ་བཟང་འཇུག་ངོགས།
བླ་མ་རྗེ་བཙུན་པའི་སྐབས་གསུམ་པའི་སྤྱི་དོན།
