ཚན་རིག་སྦྱོང་བརྡར་ཁང་།

༢༠༢༤ ལོར་དབུ་འབྱེད་མཛད།

ངོ་སྤྲོད།

སྤྱིར་སེར་བྱེས་ཚན་རིག་ཁང་འདི་ཐོག་མར་ ༢༠༡༢ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་དམངས་ཀྱིས་ཚན་རིག་སྦྱོང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་བཙུགས་པ་ཞིག་ཡིན། སེ་ར་བྱེས་ཚན་རིག་ལྟེ་གནས་ཁང་ནི་ ༢༠༡༣ ལོའི་ཟླ་ ༧ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དབུ་འབྱེད་གནང་བ་ཡིན།

             ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༤ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སེར་བྱེས་ཚན་རིག་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས་ནས་ལོ་ ༡༠ འཁོར་བའི་རྗེས་དྲན་བགྲོ་གླེང་དང་། འགྲེམ་སྟོན། སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བཀྲ་ཤིས་རྟེན་འབྲེལ་སྒོ་འབྱེད་ཀྱི་གསུང་འཕྲིན་ཟབ་མོ་རྩལ་བའི་དབུས། འཇམ་མགོན་རྒྱལ་བའི་གདུང་འཚོབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་གཞན་ཡང་མཁན་གདན་ཟུར་རྣམ་པས་བཀྲ་ཤིས་སྒོ་དབྱེའི་རྟེན་འབྲེལ་ཤིས་སྨོན་དང་རབ་གནས་བྱིན་འབེབས་ཐུགས་སྨོན་བསྐྱངས་ཡོད། ཚན་རིག་ཁང་གསར་པ་འདིར་འཛིན་ཁང་དང་བརྟག་དཔྱད་ཁང་དང་སྒོམ་ཁང་དང་ཚོགས་ཁང་སོགས་མཐུན་རྐྱེན་ཧ་ཅང་འཛོམས་པོ་ལྡན་ཡོད།

ཚན་རིག་ལྟེ་གནས་ཁང་འདིར་ཚན་རིག་འཛིན་གྲྭ་ཁག་གཉིས་གཉེར་བཞིན་ཡོད་པ་སྟེ། དགེ་ལུགས་སྤྱིའི་སྒྲིག་གཞི་དང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གཞིར་བཟུང་ཆོས་ར་འགྲིམ་བཞིན་པའི་སློབ་གཉེར་བ་རྣམས་ལ་ལོ་དྲུག་ཡུན་ཅན་གྱི་འཛིན་གྲྭ་དང་། ཡང་དམིགས་བསལ་སློབ་གཉེར་བ་ཨིན་ཇི་ཤེས་ཚད་དང་ཚན་རིག་རྨང་གཞི་ཡོད་པ་རྣམས་ལ་དམིགས་བསལ་ཚན་རིག་འཛིན་གྲྭ་བཅས་ཡིན། བསླབ་གཞི་ཡང་། སྐྱེ་དངོས་དང་། དངོས་ཁམས་དང་། ཀླད་རྩལ་ཚན་རིག་དང་། རྩིས་རིག་བཅས་སློབ་བཞིན་ཡོད།

         ལས་འཆར་ལ་མཚོན་ན། ཨི་ཊ་ལི་ Pisa University པི་ཟ་མཐོ་སློབ་སོགས་ཚན་རིག་ལྟེ་གནས་ཁག་དང་ཟུང་འབྲེལ་ཐོག་སྒོམ་ཉམས་ལེན་གྱིས་སེམས་ཁམས་ལ་ཇི་ལྟར་ཕན་ཐོགས་བསྐྲུན་གྱི་ཡོད་མེད་དང་། ཀླད་པའི་འགུལ་བསྐྱོད་སོགས་ལ་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བྱས་དང་བྱེད་མུས་ཡིན། ཐུགས་དམ་ཉམས་ཞིབ་སྐོར་ལ་ཡང་ར་ཤི་ཡ་ཚན་རིག་ཁང་དང་ཟུང་འབྲེལ་ཐོག་བརྟག་དཔྱད་བྱེད་བཞིན་ཡོད། ད་ལྟ་བར་མཁས་དབང་དགེ་བཤེས་དང་ཚན་རིག་པ་གདན་ཞུས་ཐོག་གནའ་དེང་ཚན་རིག་བགྲོ་གླེང་ཐེངས་བཞི་གོ་སྒྲིག་ཞུས་ཡོད། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་ཚན་རིག་ཁང་འདི་ནས་སློབ་གཉེར་བ་ལྔ་ཨ་རི་ཨེ་མོ་རི་མཐོ་སློབ་ལ་ཚན་རིག་སློབ་སྦྱོང་ལོ་གཉིས་མཐར་ཕྱིན་པ་གནང་ནས་སེར་བྱེས་ཚན་རིག་ཁང་འདིར་འགན་འཛིན་དང་དགེ་རྒན་སོགས་ཕྱག་ལས་སྣ་མང་གཉེར་བཞིན་ཡོད།

དགེ་བཤེས་བྱམས་པ་མཁས་མཆོག །

ཚན་རིག་སྦྱོང་བརྡར་ཁང་གི་འགན་འཛིན།

གྲྭ་ཚང་གི་ངོ་སྤྲོད་ཨང་། 12075

འབྲེལ་གཏུག་ཨང་། 77601 93885

Leave a Reply

Your email address will not be published. Required fields are marked *