ཀུན་གཞིའི་རྣམ་གཞག་ཐོགས་མེད་དགོངས་རྒྱན།

ཀུན་གཞིའི་རྣམ་གཞག་ཐོགས་མེད་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

སེར་བྱེས་ལྷོ་པ་རྒྱལ་བསྟན་ཆོས་ཚོགས།

          རྣམ་རིག་གཞུང་གི་ཟབ་དང་ཕྲ་བའི་གནས། །

          བྱམས་པའི་མན་ངག་ལས་འོངས་རྟོགས་དཀའ་བ། །

          ཀུན་གཞི་རྣམ་ཤེས་གསལ་བར་སྟོན་མཛད་པ། །

          སྐུ་མཆེད་ཡབ་སྲས་གཉིས་ལ་སྤྱི་བོས་འདུད། །

ཞེས་མཆོད་པར་བརྗོད་ནས། སྐབས་དོན་ཀུན་གཞི་རྣམ་ཤེས་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་གང་དང་། དེ་ལྡོག་དུས་སྐོར་ཅུང་ཙམ་བཤད་པ་གཉིས་ལས།

དང་པོ་ནི། ཀུན་གཞི་རྩ་བ་ལས། དེ་ལ་རྟེན་གྱུར་ཀུན་གཞི་ནི། །དོན་དང་སེམས་ཅན་བག་ཆགས་ལ། །རྣམ་པར་རིག་པ་མི་རིག་པ། །ལུང་དུ་མ་བསྟན་རེག་ལ་སོགས། །ལྔ་ཉིད་དང་ལྡན། ཞེས་ཀུན་གཞི་རྣམ་ཤེས་དམིགས་རྣམ་ངོ་བོ་གྲོགས་བཞི་དང་ལྡན་པར་གསུངས་ལ། སྒྲུབ་བྱེད་ཀྱི་ལུང་ནི། ཆོས་མངོན་པའི་མདོ་དང་། དགོངས་འགྲེལ། ལང་གཤེགས། རྒྱན་སྟུག་པོ་བཀོད་པ་ལ་སོགས་པ་སྟེ་གྲགས་ཆེ་བས་འདིར་མ་བཀོད་ལ། རིགས་པ་ནི། ཐེག་བསྡུས་དང་། ཕུང་པོ་ལྔའི་རབ་ཏུ་བྱེད་པ། རྟེན་འབྲེལ་མདོ་འགྲེལ་སོགས་སྐུ་མཆེད་ཀྱི་གཞུང་དུ་གསུངས་པ་རྣམས་བསྡུས་ན་བརྒྱད་དུ་འདུས་ཏེ། བརྒྱད་དུ་འདུས་ཕྱིར་འདི་བཤད་བྱ། །ཞེས་ཇི་ལྟར་སྒྲུབ་ཚུལ་ཀུན་གཞི་རྩ་འགྲེལ་ལས་ཤེས་པར་བྱའོ། །

སྤྱིར་ཐེག་པ་ཆེན་པོའི་གྲུབ་མཐའ་ལས་སེམས་ཙམ་པས་ཁས་ལེན།  ཞེས་གྲགས་ཆེ་ཡང་། མཚོ་ཊཱིཀ་ལས།  དེ་དང་མཐུན་པར་མདོ་སྡེ་པ་ཁ་ཅིག་ཀྱང་དེའི་ཚེ་ན་ཀུན་གཞི་རྣམ་ཤེས་ཡོད་པར་འདོད་ཅེས་ལས་གྲུབ་ནས་བཤད་དོ་ཞེས་མདོ་སྡེ་པ་ཡོད་པར་གསུངས་ལ།  འོན་ཀྱང་གསེར་ཕྲེང་ལས་ཉན་ཐོས་སྡེ་གཉིས་ཀྱིས་ཚོགས་དྲུག་ལས་མི་འདོད་པས་གསུངས་པ་ནི་བྱེ་བྲག་དང་སྤྱིའི་ཁྱད་པར་ཡིན་པས་འགལ་བར་མི་བསམས་སོ། །

སེམས་ཙམ་པས་ཀུན་གཞི་བཞེད་པར་གྲགས་མོད། དེ་ཡང་སེམས་ཙམ་པ་རྣམ་བདེན་རྫུན་གཉིས་ལས་རྣམ་རྫུན་པ་མི་འཇོག་སྟེ། ཕྱོགས་གླང་ཡབ་སྲས་ཀྱིས་གཞུང་ལས་རྣམ་ཤེས་ཚོགས་བརྒྱད་མ་བཤད་པས་མི་བཞེད་པའི་ཕྱོགས་སོ། །དེས་ན་རྣམ་བདེན་པ་འཇོག་སྟེ། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་གོང་དུ་བཤད་པའི་ལུང་རིགས་དུ་མས་རྒྱས་པར་གཏན་ལ་ཕབ་པའོ། །

འོ་ན་དབུ་མ་པས་ཀུན་གཞིའི་རྣམ་ཤེས་བཞེད་དམ་མི་བཞེད་ཅེ་ན། སྤྱིར་དབུ་མ་པས་མི་བཞེད་པའི་ཕྱོགས་ཡིན་མོད། རྣམ་པར་ཕྱེ་ནས་བཤད་ན། ཁ་ཅིག །དབུ་མ་ཐལ་འགྱུར་བས་ཀུན་གཞི་བཞེད་དེ། ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས་ཀུན་གཞི་ཡང་ཡང་གསུངས་པའི་ཕྱིར་ཟེར་ན། མི་འཐད་དེ། དེ་ནི་བྱིས་པ་གང་དག་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ལ་སྐྲག་པ་སྤང་བའི་ཕྱིར་ཡིན་པ་དང་། གཞུང་དེར་ཀུན་གཞི་གསུངས་པ་ཡིད་ཤེས་ལ་ཀུན་གཞིའི་ཐ་སྙད་བཏགས་པར་སྟོང་ཐུན་ལས་གསུངས་ལ། གཞན་ཡང་། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས་ཀྱང་། ཀུན་གཞི་དང་ཉོན་ཡིད་ཀྱི་ཐ་སྙད་རྒྱུད་དང་གྲུབ་ཆེན་གྱི་གཞུང་དུ་མ་ལས་གསུངས་པ་ཡོད་ཀྱང་ཆོས་ཉིད་ལ་ཀུན་གཞི་དང་། རླུང་ལ་ཉོན་ཡིད་ཀྱི་ཐ་སྙད་མཛད་པ་སོགས་དུ་མ་ཡོད་པས་ཚིག་ཙམ་གྱིས་འཁྲུལ་པར་མི་བྱའོ། །ཞེས་གསུངས་པས་མི་བཞེད་དོ། །

དཔལ་ལྡན་ཟླ་བ་གྲགས་པ་ནི། འཇུག་པར། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ།  །ཞེས་སོགས་ཀྱི་ཚིག་ཙམ་ལ་འཁྲུལ་ནས་ཁ་ཅིག་ཀུན་གཞི་བཞེད་པར་བཤད་ཀྱང་། དེ་ནི་འཇུག་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་སྟོང་ཉིད་ལ་དགོངས་པ་དང་། འཇུག་པར། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ཞེས་སོགས་ཀྱིས་མཚོན་པའི་རྩ་འགྲེལ་དུ་མས་ཀུན་གཞི་ཡང་ཡང་བཀག་པས་དབུ་མ་ཐལ་འགྱུར་བས་ཀུན་གཞི་ཐ་སྙད་དུ་ཡང་བཞེད་པའི་སྐབས་མེད་ལ་རྒྱས་པར་ཊཱིཀ་ཆེན་དང་སྟོང་ཐུན་བལྟའོ། །

སློབ་དཔོན་ལེགས་ལྡན་ནི་མི་བཞེད་པར་ལམ་རིམ་འབྲིང་ལས་གསུངས་ལ། དེ་ཡང་རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ཡང་སྲིད་ལེན་མཁན་ཡིད་ཀྱི་རྣམ་ཤེས་བཞག་ལ། ཀུན་གཞི་རྣམ་ཤེས་བཞེད་ན་ཉིང་མཚམས་སྦྱོར་བའི་རྣམ་ཤེས་ལ་འཇོག་དགོས་པ་ལམ་རིམ་ཆེན་མོར་གསུངས་པ་དང་། ལེགས་བཤད་སྙིང་པོ་ལས། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཡང་མི་བཞེད་དེ། དེ་འདོད་ན་ཕྱི་རོལ་མེད་ཀྱང་དེའི་བག་ཆགས་སྨིན་པ་ལས་དོན་དུ་སྣང་བའི་རྣམ་རིག་སྐྱེ་བར་འཇོག་དགོས་པས་ཕྱི་རོལ་ཁས་ལེན་དོན་མེད་པའི་ཕྱིར་རོ། །ཞེས་ཀུན་གཞི་དང་ཕྱི་དོན་གཉིས་གཅིག་ཁས་ལེན་ན་གཅིག་ཤོས་ཁས་ལེན་པ་འོང་ས་མེད་པར་གསུངས་པ་སོགས་བསྒྲིགས་ན་ཁས་མི་ལེན་པ་ཤེས་སོ། །སྒྲུབ་བྱེད་འདི་ཐལ་འགྱུར་བ་དང་ཐུན་མོང་ངོ་། །

དོགས་པའི་གནས་ཆེ་ས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་ཏེ། དེས་ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་ཕྱི་དོན་མེད་པར་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བའི་ཕྱིར། དེ་ཡང་ཀུན་གཞིའི་བག་ཆགས་སད་སྟོབས་ཀྱིས་གྲུབ་པར་འདོད་པས་ཁས་ལེན་དགོས་སོ་སྙམ་ན། རྗེ་བླ་མས་དྲང་ངེས་དུ། སློབ་དཔོན་ཞི་བ་འཚོས་རང་རིག་ཐ་སྙད་དུ་འཇོག་ལ་ཀུན་གཞི་འཇོག་མི་འཇོག་གི་ཚུལ་གསལ་བར་མ་བཤད་ཀྱང་མི་བཞེད་པའི་ཕྱོགས་སུ་མངོན་ནོ་ཞེས་དང་། ཞི་འཚོ་ཡང་ཀུན་གཞིའི་རྣམ་ཤེས་མི་བཞེད་པར་གསལ་ཞེས་ཊཱིཀ་ཆེན་ལས་གསལ་བར་གསུངས་སོ། །དེ་ལ་ཁ་ཅིག་མི་འཐད་དེ། མཁན་ཆེན་ཞི་འཚོ་ཡབ་ཡབ་སྲས་ཀྱིས་ཀུན་གཞི་བཞེད་པའི་ཕྱིར་ཏེ། དབུ་མ་རྒྱན་རང་འགྲེལ་ལས། ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་མདོར་བསྟན་པ་ནི་འདི་སྙེད་དེ། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། རྣམ་པར་ཤེས་པ་བརྒྱད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞིའི་རྣམ་པར་ཤེས་པའོ། །ཞེས་གསུངས་སོ་ཞེ་ན།  ལང་གཤེགས་ཀྱི་ལུང་འདི་དབུ་མ་རྒྱན་དུ་བཀོད་པ་ཙམ་དང་འགྲེལ་བར་དེ་ལ་འབྲུ་བསྣོན་པ་ཙམ་ལས་ཡབ་སྲས་འདི་གཉིས་ཀྱི་གཞུང་དུ་ཚོགས་དྲུག་ལས་ཐ་དད་པའི་ཀུན་གཞིའི་བཤད་པ་གཞན་མི་གསལ་བས་ཀུན་གཞི་བཞེད་པའི་ཁུངས་མ་ཡིན་ཏེ། སེངྒེ་བཟང་པོ་དང་རྣམ་པ་འདྲ་བའི་ཕྱིར། དེའི་ཚུལ་འོག་ཏུ་འཆད།

སློབ་དཔོན་སེངྒེ་བཟང་པོ་ནི། འགྲེལ་ཆེན་ལས། རྒྱུན་ཉིད་ཀྱིས་ན་གང་ཟག་ཅེས་བྱ་བ་ནི་གཅིག་གོ །ཞེས་གང་ཟག་གི་མཚན་གཞི་རྣམ་ཤེས་ཀྱི་རྒྱུན་ལ་བཞག་པ་དང་། འགྲེལ་ཆུང་ལས་ཀུན་གཞི་ཟུར་ཙམ་ཡང་མ་གསུངས་ཤིང་། རྒྱས་འབྲིང་བསྡུས་གསུམ་སྒྲ་ཇི་བཞིན་པར་འདོད་པས་དེར་རྣམ་ཤེས་ཚོགས་དྲུག་ལས་མ་བཤད་པའི་ཕྱིར་དང་། རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང་། སློབ་དཔོན་གྱི་འགྲེལ་ཆེན་དུ། ལང་གཤེགས་ཀྱི་ལུང༌། རྣམ་པར་ཤེས་པ་བརྒྱད་ཉིད་དང༌། ཞེས་བཤད་པ་དེ་ཙམ་ཞིག་མ་གཏོགས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞིའི་བཤད་པ་ཟུར་ཙམ་ཡང་མེད། ཅེས་རྒྱན་སྣང་དུ་ལང་གཤེགས་ཀྱི་ལུང་དེ་བཀོད་པ་ཙམ་ལས་སློབ་དཔོན་དེས་ཀུན་གཞི་བཞེད་པའི་སྒྲུབ་བྱེད་མ་ཡིན་པ་རྒྱལ་ཚབ་ཆོས་རྗེས་གསུངས་པ་ལྟར་རོ།  །ཞི་འཚོ་ཡབ་སྲས་ཀྱང་ཚུལ་འདི་དང་འདྲའོ། །འོན་ཀྱང་སྡུད་འགྲེལ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཆོས་ཐམས་ཅད་ཀྱི་བག་ཆགས་བརྟེན་པས། ཞེས་གསུངས་པ་ནི། གསེར་ཕྲེང་དུ་སྡུད་འགྲེལ་སློབ་དཔོན་གྱིས་མཛད་མིན་ལ་དོགས་པ་བཀོད་ནས་མཛད་པར་བཞེད་ཀྱང་། གཞུང་དེར་ལམ་རྐྱང་པའི་རྣམ་གཞག་བཤད་པ་རྒྱན་སྣང་དུ་ལམ་ཁུག་པའི་རྣམ་གཞག་བཤད་པ་དང་མི་མཐུན་ལ། སྡུད་འགྲེལ་གྱི་བཤད་པ་དེ་སློབ་དཔོན་རང་གི་དགོངས་པ་མིན་པ་རྣམ་བཤད་དུ་གསུངས་པས། དེ་སྡུད་འགྲེལ་གྱི་དགོངས་པ་ཡིན་སྲིད་ཀྱང་འགྲེལ་ཆེན་དང་མི་མཐུན་པས་སློབ་དཔོན་གྱི་དགོངས་པ་མིན་པས་དེ་ཙམ་གྱིས་སློབ་དཔོན་གྱིས་ཀུན་གཞི་བཞེད་པའི་སྒྲུབ་བྱེད་དུ་བཀོད་པ་ནི་གྱི་ནའོ། །དེས་ན་སློབ་དཔོན་གྱིས་མི་བཞེད་པར་གསལ་ལོ། །

ལམ་རིམ་འབྲིང་ལས། དབུ་མ་པ་ཀུན་གཞི་རྣམ་ཤེས་འདོད་པ་ཁ་ཅིག་ཀུན་གཞི་རྣམ་ཤེས་དང༌། ཞེས་དང་། སྟོང་ཐུན་ལས། ཀུན་གཞི་ཁས་མི་ལེན་པའི་དབུ་མ་རང་རྒྱུད་པ་དག་ལྟར་ན། ཞེས་ཀུན་གཞི་བཞེད་པའི་རང་རྒྱུད་པ་གསུངས་པ་དེ། ལེགས་ལྡན་ཡབ་སྲས་དང་ཞི་འཚོ་ཡབ་སྲས་དེ་བཞིན་སློབ་དཔོན་སེང་བཟང་བཅས་མ་ཡིན་པར་གོང་དུ་བཤད་ཟིན་ཏོ། །ཉི་སྣང་ལས། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཆེས་ལེགས་ཏེ། ཞེས་གསུངས་པས།  འཕགས་པ་གྲོལ་སྡེ་བཞེད་དོ།  །

གཞན་ཡང་འཕགས་པའི་བཞེད་པའི་སེམས་བསྐྱེད་ཀྱི་ངོ་བོ་བཤད་པའི་སྐབས་སུ། གསེར་ཕྲེང་ལས། སྒོ་ལྔའི་རྣམ་ཤེས་ཁ་ཕྱིར་བལྟས་འབའ་ཞིག་ཡིན་པ་དང་། ཀུན་གཞི་དང་ཉོན་ཡིད་ལུང་མ་བསྟན་ཡིན་པ་ལ་དགོངས་ནས་དེ་དག་ལ་མ་བཞག་པར་དཀར་ཆོས་ཀུན་གྱི་རྟེན་དུ་རུང་བ་ཡིད་ཀྱི་རྣམ་ཤེས་ལ་མཚན་གཞིར་བཤད་དོ། །ཞེས་དེས་ཀུན་གཞི་རྣམ་ཤེས་མ་བཞེད་ན་དེ་ལུང་མ་བསྟན་ཡིན་པ་དགོངས་ས་མེད་པས་བཞེད་པ་ཤིན་ཏུ་གསལ་ལོ། །

ཁ་ཅིག །དེ་འདྲའི་རང་རྒྱུད་པ་དེ་ཨ་བྷྱཱ་ཀ་ར་ཡིན་ཏེ། སྟོང་ཐུན་ལས། ཨ་བྷྱཱ་ཀ་ར་ལ་སོགས་པའི་གཞུང་རྣམས་ཀྱང་ལྟ་བ་གཏན་ལ་འབེབས་པའི་ཚུལ་ཞི་བ་འཚོའི་ལུགས་ཀྱི་རྗེས་སུ་འབྲང་བ་དང་། ཨ་བྷྱ་སོགས་ལྟ་བ་ཐལ་འགྱུར་དུ་མི་བཞེད་ཀྱང་། ཞེས་པས་དབུ་མ་པ་རང་རྒྱུད་པར་གྲུབ་ལ། དེས་ཀུན་གཞི་བཞེད་པ་སྔགས་རིམ་ལས་བཤད་པས་སོ་ཞེས་ཟེར་རོ། །ལུང་དེས་ཨ་བྷྱཱ་ཀ་ར་རང་རྒྱུད་པ་ཡིན་པའི་སྒྲུབ་བྱེད་འཐད་ཀྱང་ཀུན་གཞི་བཞེད་པའི་སྒྲུབ་བྱེད་མི་འཐད་དེ། འཇུག་པའི་ཊཱིཀ་ཆེན་ལས། ཞི་འཚོ་ཡང་ཀུན་གཞིའི་རྣམ་ཤེས་མི་བཞེད་པར་གསལ་ལ། ཨ་བྷྱཱ་ཀ་ར་ཡང་དེ་དང་འདྲའོ། །ཞེས་གསུངས་ལ། སྔགས་རིམ་ལས་དེས་ཀུན་གཞི་བཞེད་པར་གསུངས་པ་སྐུ་ཚེ་སྟོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཐུབ་དགོངས་རྩོམ་དུས་ཀྱི་སློབ་དཔོན་ཨ་བྷྱཱ་ཀ་ར་སོགས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དུ་འདོད་པའི་ཕྱིར་ཞེས་གུང་ཐང་རིན་པོ་ཆེས་གསུངས་སོ། །མཁས་གྲུབ་བསྟན་དར་བས། ཙནྡྲ་གོ་མི་དང་སློབ་དཔོན་ལྭ་བ་པ། སྒེག་པའི་རྡོ་རྗེ་སོགས་ཀུན་གཞི་བཞེད་པའི་རང་རྒྱུད་པ་ཡིན་པར་གསུངས་པ་དཔྱད་དོ། །

ཁ་ཅིག །སློབ་དཔོན་སེང་བཟང་གིས་མི་བཞེད་ན། མཁས་གྲུབ་རྟོགས་སྣང་ལས། དེ་བས་ན་འཕགས་སེང་གི་དགོངས་པ་ནི། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བཤད་པ་དང་མཐུན་པར་གསལ་ལོ། །གལ་ཏེ་དེ་ལྟ་ན་ཀུན་གཞི་ཁས་ལེན་དགོས་པ་ལ་དབུ་མ་པ་ཡིན་པའི་ཕྱིར། ཀུན་གཞི་ཁས་ལེན་པ་མི་རིགས་སོ་ཞེ་ན། དབུ་མ་པ་ཡིན་པས་ཀུན་གཞི་ཁས་མི་ལེན་པའི་ངེས་པ་མེད་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་ཐ་སྙད་དུ་སེམས་ཙམ་པ་དང་མཐུན་པར་གྲུབ་པའི་མཐའ་རྣམ་པར་འཇོག་པའི་ཕྱིར་དང༌། ཉི་ཁྲི་སྣང་བར། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་མཁྱེན་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཆེས་ལེགས་ཏེ། ཡོངས་སུ་གྲུབ་པ་ལ་དམིགས་པའོ། །ཞེས་ཐེག་བསྡུས་སུ་ཀུན་གཞིའི་རྣམ་ཤེས་ལ་སོགས་པ་གནས་བཅུ་གསུངས་པའི་ཕྱིར་གནས་དེ་དག་མཁྱེན་པ་རྣམ་མཁྱེན་གྱི་དོན་དུ་གསུངས་པས་ཀུན་གཞིའི་རྣམ་ཤེས་བཞེད་པར་ཆེས་ཤིན་ཏུ་གསལ་ལོ། ། ཞེས་པ་དང་འགལ་ཞེ་ན། དེ་ནི་འཕགས་པས་ཀུན་གཞི་བཞེད་པའི་ཁུངས་སུ་འགྲོ་ཡི།  སློབ་དཔོན་གྱིས་བཞེད་པའི་ཁུངས་སུ་མི་འགྲོ་འོ། །

གལ་ཏེ་འཕགས་སེང་གི་དགོངས་པ་ནི། ཞེས་དེ་གཉིས་དགོངས་པ་གཅིག་པར་བཤད་པས་ཤེ་ན། དགོངས་པ་གཅིག་ཞེས་པ་ཐོགས་མེད་སྐུ་མཆེད་ལྟར་ཆོས་ཀུན་སེམས་ཙམ་གྱི་བདག་ཉིད་དུ་བཞེད་པ་ལ་བཤད་པ་ལས་ཀུན་གཞི་བཞེད་པས་དགོངས་པ་གཅིག་ཏུ་བཤད་པ་མི་སྣང་ལ། གཞུང་དེར་ཀུན་གཞི་བཞེད་པར་གསུངས་པ་ཉི་སྣང་གིས་བསྒྲུབས་པར་མཛད་ལ། དེ་སློབ་དཔོན་གྱིས་བཞེད་པའི་སྒྲུབ་བྱེད་ཇི་ལྟར་རུང་། དེས་ན་ཁྱོད་ཀྱི་སྒྲུབ་བྱེད་ནི་སློབ་དཔོན་འཕགས་པ་དང་དགོངས་པ་གཅིག་གང་ཞིག ། ཐ་སྙད་དུ་སེམས་ཙམ་པ་དང་མཐུན་པར་སྨྲ་བའི་ཕྱིར་ཞེས་པ་ཙམ་རྒྱུ་མཚན་དུ་སོང་ལ། དེ་ལྟར་ན། ཞི་བ་འཚོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཕྱི་མ་ཚད་གྲུབ་ལ་སོང་། དང་པོ་མ་གྲུབ་ན། དེར་ཐལ། ཆོས་ཀུན་སེམས་ཙམ་གྱི་བདག་ཉིད་དུ་གནས་པ་དགོངས་པ་གཅིག་པའི་ཕྱིར་རོ། །

གལ་ཏེ་དེ་ཙམ་གྱིས་དགོངས་པ་གཅིག་པ་ལ་མི་འཇོག་པར་གཞུང་དོན་འགྲེལ་བར་ཕྱོགས་ཐམས་ཅད་ནས་དགོངས་པ་གཅིག་དགོས་ན། འཕགས་སེང་གཉིས་ཀྱང་དགོངས་མི་གཅིག་པར་ཐལ་ཏེ། རྒྱན་གྱི་དོན་བཀྲལ་བ་ན་ཕྱོགས་ཐམས་ཅད་མི་མཐུན་པའི་ཕྱིར་རོ། །

གལ་ཏེ་སློབ་དཔོན་གྱིས་ཀུན་གཞི་མི་བཞེད་ན་གསེར་ཕྲེང་ལས་ལན་དུ་མར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་གསེར་ཕྲེང་གིས་གཞུང་དོན་གཏན་ལ་འབེབས་ཚུལ་མ་ཤེས་པར་འབེན་མ་མཐོང་བར་མདའ་རྡེག་པ་དང་འདྲ་སྟེ། སྤྱིར་རྒྱན་འགྲེལ་གྱི་གཞུང་དོན་གཏན་ལ་འབེབས་པའི་སྐབས་ཡིན་ཡང་། ཀུན་གཞིའི་ཐ་སྙད་ཧ་ཅང་མང་པོ་གསུངས་པ་ནི་རྒྱ་འགྲེལ་དང་བོད་སྔ་ཕྱིའི་མཁས་པ་དག་གིས་རྒྱན་གྱི་དགོངས་པ་སེམས་ཙམ་དང་རང་རྒྱུད་དུ་སོ་སོར་བཀྲལ་བ་ལྟར་བཤད་པ་མཛད་པར་སྣང་ལ། གསེར་ཕྲེང་ནི་མངོན་རྟོགས་རྒྱན་དང་འགྲེལ་ཆུང་ལྟ་བུ་གཞུང་བྱེ་བྲག་གཅིག་དང་། དབུ་མ་པ་དང་སེམས་ཙམ་པ་ཞེས་གྲུབ་མཐའ་བྱེ་བྲག་གཅིག་གི་དབང་དུ་བྱས་པར་ངེས་བཟུང་མི་འཐད་དེ། སྤྱི་དོན་གྱི་སྐབས་སུ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གཞན་དང་གཞན་གྱི་བཞེད་པ་ཕྲ་ཞིང་ཕྲ་མོ་རྣམས་གྲུབ་མཐའ་རང་རང་གི་ལུགས་ལ་དགག་སྒྲུབ་དོགས་དཔྱོད། སྔ་ཕྱིའི་མཁས་པ་དེ་དང་དེའི་འཆད་ཚུལ་འཐད་མི་འཐད་བཅས་ལེགས་པར་གཏན་ལ་ཕབ་པས་གཞུང་སྤྱིའི་གོ་བ་གཙོ་བོར་སྟོན་པར་མཛད་ལ། ཁྱད་པར་དུ་རྒྱ་འགྲེལ་དག་གི་བཞེད་པ་མི་མཐུན་པ་ཁག་དང་མདོ་སྦྱོར་མཛད་ཚུལ་ཡན་ཆད་གཞུང་ཕན་ཚུན་མཚོན་པའི་རྣམ་གཞག་ཀྱང་མང་དུ་གསུངས་པས། རྗེ་བླ་མས་གཞུང་དེ་ཐེག་པ་སྤྱིའི་ལྟ་གྲུབ་ལ་དོགས་པ་དཔྱོད་པའི་བསྟན་བཅོས་སུ་བརྩམས་པར་བདག་གིས་མཐོང་ངོ་། །བྱེ་བྲག་གི་སྐབས་སུ་རྒྱན་རྩ་འགྲེལ་བཤད་པ་གཙོ་བོར་འཆད་ཀྱང་རྩ་བའི་བཤད་པ་འཕགས་པའི་འགྲེལ་ཚུལ་དང་། འགྲེལ་བ་སློབ་དཔོན་གྱི་འཆད་ཚུལ་རྩལ་འདོན་བྱས་སོ། །དེས་ན་གཞུང་དེར་ཀུན་གཞི་གསུངས་པ་རྒྱུ་མཚན་དུ་བྱས་ནས་དེ་སློབ་དཔོན་གྱིས་བཞེད་པར་བསྒྲུབས་པ་མི་འཐད་དོ། །

སྤྱིར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཀུན་གཞི་ཁས་ལེན་མི་ལེན་གང་ཡིན་ཡང་རུང་ལམ་སྤྱིའི་རྣམ་གཞག་དང་། ལྟ་བའི་ཁྱད་པར་དང་། གཞི་ལམ་འབྲས་བུའི་རྣམ་གཞག་སྤྱི་ལ་ཁྱད་པར་ཅི་ཡང་མེད་པར་སེམས་སོ། །

གཉིས་པ་ཀུན་གཞི་རྣམ་ཤེས་ལྡོག་དུས་ནི། རྩ་བ་ལས། དེའི་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་ཕྱིར་རོ། །ཞེས་དང་། ཉན་ཐོས་དང་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ལ་བྱེ་བྲག་ཏུ་ཀུན་གཞི་ས་བོན་གྱི་ཆ་མེད་ལ་སྤྱིར་ཀུན་གཞི་རྣམ་ཤེས་མེད་དེ། ཉོན་མོངས་པ་མ་ལུས་པར་སྤངས་པས་ཀུན་གཞིར་འཇོག་བྱེད་གཉིས་པོ་གང་ཡང་མེད་པའི་ཕྱིར་རོ། །ཞེས་ཀུན་གཞི་རྩ་འགྲེལ་ལས་དབང་ཐོབ་པའི་བྱང་སེམས་དང་དགྲ་བཅོམ་པ་ལ་ཀུན་གཞི་མེད་པར་གསུངས་པ་དང་། རྗེ་བཙུན་སྐབས་བཞི་པའི་སྤྱི་དོན་ལས། འགོག་སྙོམས་མཚན་ཉིད་ཀྱི་ཟུར་དུ། དགག་གཞི་ཀུན་གཞི་རྣམ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་གསུངས་པ་དང་། འགོག་སྙོམས་མཐའ་དཔྱོད་དུ། དེའི་རྒྱུད་ལ་ཀུན་གཞི་རྣམ་ཤེས་ཡོད་པར་གསུངས་པ་དང་། ཀུན་གཞི་ལ་ཉོན་སྒྲིབ་ཀྱི་ཆར་གྱུར་པའི་ཀུན་གཞི་གཅིག་དང་ཤེས་སྒྲིབ་ཀྱི་ཆར་གྱུར་པའི་ཀུན་གཞི་གཉིས་ཡོད་པའི་དབང་དུ་བྱས་ན་དགྲ་བཅོམ་ཡིན་ན་དང་པོ་སྤངས་པས་ཁྱབ་པ་སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་པའི་དོན་དུ་བཞག་ནས་དགྲ་བཅོམ་པའི་རྒྱུད་ལ་ཀུན་གཞི་རྣམ་ཤེས་ཡོད་པར་གསུངས་པ་སོགས་དང་མི་འགལ་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། རྣལ་མའི་ལན་གྱིས་ཚིམས་པར་བྱེད་ལ་ཉོན་ཅིག །

ཀུན་གཞི་རྩ་འགྲེལ་ནི་གཙོ་བོ་ཐེག་བསྡུས་དང་བསྡུ་བ། སུམ་ཅུ་པ་སོགས་གཞིར་མཛད་པ་ཡིན་ཏེ། ཐེག་བསྡུས་ལས། དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དང་། ཐམས་ཅད་བག་ཆགས་ལ་བརྟེན་ནས་ཞེས་འཇོག་བྱེད་ཀྱི་ཆ་ནས་བཞག་པ་གསལ་ལ། བསྡུ་བ་ལས། སེམས་ཡོད་ལ་ཀུན་གཞི་མེད་པའི་མུ་ནི་མི་སློབ་པ་དང་ཕྱིར་མི་ལྡོག་པའི་བྱང་སེམས་རྣམས་སོ། །ཞེས་དགྲ་བཅོམ་པ་དང་དག་ས་ལ་མེད་པ་དང་། སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ ། ཞེས་པ་དང་། དེའི་ཐད་སློབ་དཔོན་བློ་བརྟན་གྱི་འགྲེལ་བ་དང་། དུལ་བ་ལྷའི་བཤད་པ་རྣམས་ལས་ཀྱང་ཀུན་གཞི་དེ་འཇོག་བྱེད་ཉོན་ཡིད་ཀྱི་ཆ་ནས་བཞག་པ་དང་ས་བརྒྱད་པར་ཉོན་ཡིད་སྤངས་པར་གསུངས་པའི་དོན་བསྡུས་ཏེ། རྩ་བ་ལས། དེ་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་ཕྱིར་རོ། །གསུངས་སོ། །གསེར་ཕྲེང་ལས། དག་སར་གནས་པའི་བྱང་འཕགས་ཀྱིས་ཉོན་ཡིད་སྤངས་པར་གསུངས་པ་ཡང་བསྡུ་བ་སོགས་ལ་བརྟེན་པའོ། །རང་རེའི་ཡིག་ཆ་ནི་གཙོ་ཆེར། ཀུན་བཏུས་དང་། གསེར་འོད་དམ་པའི་མདོ་གཉིས་ཁུངས་སུ་བྱས་པ་ཡིན་ཏེ། ཀུན་བཏུས་ལས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པ་འགྱུར་རོ། །ཞེས་རིགས་ངེས་ཀྱི་བྱང་འཕགས་དེས་ཉོན་མོངས་སྤངས་པ་དང་སངས་རྒྱས་པ་དུས་མཉམ་པར་གསུངས་པས་ས་བརྒྱད་པ་བ་དེས་ཉོན་མོངས་མ་སྤངས་པ་གྲུབ་ལ། དེས་ན་དག་སར་ཉོན་ཡིད་ཡོད་པས་ཀུན་གཞི་རྣམ་ཤེས་ཀྱང་ཡོད་དོ། །

དག་ས་ལ་དེ་ལྟར་འཐད་ཀྱང་དགྲ་བཅོམ་པའི་རྒྱུད་ལ་ཉོན་ཡིད་མེད་པས་ཀུན་གཞི་ཡོད་པ་ཇི་ལྟར་སྒྲུབ་སྙམ་ན། སྐྱོན་མེད་དེ། ཀུན་གཞི་ནི་ཉོན་ཡིད་ཡོད་མེད་ཀྱི་རྗེས་འགྲོ་བྱེད་པ་མ་ཡིན་ལ། དགྲ་བཅོམ་པས་ཀུན་གཞི་མ་སྤངས་པའི་ཕྱིར་ཡོད་དོ། །དེ་སྤངས་ན་སྡུག་བདེན་ཡང་སྤངས་དགོས་ཏེ། དེ་ལས་ཉོན་གྱི་འབྲས་བུའི་གཙོ་བོ་ཡིན་པས་སོ། །ཞེས་ཡིག་ཆར་རིགས་པས་སྒྲུབ་བྱེད་བཀོད་ལ། ཀུན་གཞི་རྣམ་ཤེས་དེ་ལས་ཉོན་གྱི་འབྲས་བུའི་གཙོ་བོ་ཡིན་པས་དེ་སྤངས་ན་ལས་ཉོན་གྱི་འབྲས་བུའི་གཙོ་བོ་སྤངས་དགོས་ལ། དེ་སྤངས་ན་སྡུག་བདེན་སྤངས་དགོས་པ་འོས་མེད་ཀྱི་རིགས་པ་ཡིན་པ་ལས་ཀུན་གཞི་རྣམ་ཤེས་སྡུག་བདེན་ཡིན་པར་གོ་བར་མི་བྱ་སྟེ། བྱང་འཕགས་ཀྱི་རྒྱུད་ལ་ཡོད་པས་སོ། །ཡིག་ཆར་དགྲ་བཅོམ་པའི་རྒྱུད་ལ་ཀུན་གཞི་ཡོད་པར་གསུངས་ལ་དག་སར་ཡོད་པ་དངོས་སུ་མ་གསུངས་ཀྱང་འགོག་སྙོམས་ཀྱི་མཚན་ཉིད་འཇོག་ལུགས་དེས་ཤེས་ཏེ། དག་སར་འགོག་པ་ལ་སྙོམས་པར་འཇུག་པ་ཡོད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་མ་ཐོབ་པའི་ཕྱིར།

གཞན་ཡང་རིགས་ངེས་ས་བརྒྱད་པ་དེའི་རྒྱུད་ལ་ཀུན་གཞི་ཡོད་དེ། ཀུན་གཞི་རྣམ་ཤེས་དེ་སངས་མ་རྒྱས་བར་དུ་སེམས་ཅན་གྱི་གནས་སྐབས་ཐམས་ཅད་དུ་འཇུག་པ་དང་ཀུན་གཞི་རྣམ་ཤེས་སྤངས་ན་སངས་རྒྱས་དགོས་ཏེ། གསེར་འོད་དམ་པའི་མདོ་ལས། ས་དགུ་པ་ལ་འཇུག་གོ ། ས་དེ་ལས་དྲུག་པ་མངོན་པར་ཤེས་པའི་སྒྲིབ་པ་སྤངས་ནས། ས་བཅུ་པ་ལ་འཇུག་གོ། ས་དེ་ལས་ཤེས་བྱའི་སྒྲིབ་པ་དང་། ཀུན་གཞི་རྣམ་པར་ཤེས་པ་སྤངས་པས། དེ་བཞིན་གཤེགས་པའི་སར་འཇུག་གོ། ཞེས་གསུངས་པའི་ཕྱིར། དེས་ན་སེམས་ཙམ་པའི་གཞུང་གི་བཤད་པ་མི་འདྲ་བ་ལས་བཤད་ཚུལ་མི་འདྲ་བ་གཉིས་བྱུང་ངོ་། །རེ་ཞིག་མཇུག་བསྡུའོ། །

འདིར་སྨྲས་པ།

     བདག་གི་བློ་གྲོས་སྟོབས་ཀྱིས་མ་ལྕོགས་པས། །

     མ་འབྲེལ་པ་དང་ལོག་པར་བཤད་པ་དང་། །

     ནོངས་པའི་དྲི་མ་གང་ཞིག་མཆིས་པ་རྣམས། །

     གཟུར་གནས་མཁྱེན་ལྡན་ཚོགས་ཀྱི་སྤྱན་སྔར་འཆགས། །

ཀུན་གཞིའི་སྐོར་གྱི་དཔྱད་རྩོམ་མདོར་བསྡུས་འདི་མེའེ་སོར་མཐོ་སློབ་དང་སེར་བྱེས་མཁས་སྙན་གྲྭ་ཚང་ཟུང་འབྲེལ་གྱིས་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་བསླབ་པ་མཐར་ཕྱིན་པར་རྗེས་དྲན་གྱི་ཚུལ་དུ། ༢༠༢༥་༠༦་༣༠ ཉིན་སྐབས་དང་པོའི་སློབ་མ་ལྷ་རམས་པའི་མིང་ཙམ་འཛིན་པ་སེར་བྱེས་ལྷོ་པ་རྒྱལ་བསྟན་ཆོས་ཚོགས་སུ་འབོད་པས་སྦྱར་བའོ།། །།

Leave a Reply

Your email address will not be published. Required fields are marked *