ཁོང་ཁྲོ་དང་དེའི་ཉེས་དམིགས་བཤད་པ།

ཁོང་ཁྲོ་དང་དེའི་ཉེས་དམིགས་བཤད་པ།

ཏྲེ་བློ་བཟང་རྡོ་རྗེ།

སྟོན་པ་ཐུགས་རྗེ་ཅན་དང་། སྐྱབས་གསུམ་ཀུན་འདུས་ཀྱི་དཔལ་ལྡན་བླ་མ་༸རྒྱལ་དབང་ཐམས་ཅན་མཁྱེན་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཞེས་གུས་ཕྱག་སྔོན་དུ་བཏང་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་གོ་སྟོན་སྲུང་བརྩི་དང་སྦྲགས་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་འདིར་ཁོང་ཁྲོ་དང་དེའི་ཉེས་དམིགས་སྐོར་ལ་མདོར་ཙམ་ཞུ་བ་ལ།

 

སྤྱི་བཤད་ངོ་སྤྲོད།

དེ་ཡང་ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པར་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་དང་། དེ་ལས་བདག་གཞན་རིས་སུ་བཅད་པའི་བསམ་པ། དེ་ལས་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ། དེའི་དབང་གིས་ལས་ངན་པ་ཐམས་ཅད་འབྱུང་བ་གསུངས་པ་དང་། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་འཁོར་བར་སྐྱེ་བའི་ལས་ནི་ཉོན་མོངས་ལས་སྐྱེས། ཉོན་མོངས་ནི་སྡུག་མི་སྡུག་གི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་སྐྱེས། དེ་ནས་ཤེས་པ་དང་ཤེས་བྱ། བུམ་པ་དང་སྣམ་བུ། སྐྱེས་པ་དང་བུད་མེད་སོགས་ལ་བདེན་པ་ཞེན་པའི་སྤྲོས་པ་སྣ་ཚོགས་ཐོག་མེད་ནས་གོམས་པ་ལས་སྐྱེའོ་ཞེས་ཉོན་མོངས་སྐྱེ་བའི་གོ་རིམ་དང་། དེ་སྟོང་ཉིད་ཀྱི་ལྟ་བས་འགོག་པར་གསུངས་པ་ལྟར་ཁོང་ཁྲོ་ཡང་གོ་རིམ་དེ་ལྟར་དུ་སྐྱེ་ཞིང་འགོག་དགོས་པའོ། །དེ་ཡང་། ཕྱི་གཟུགས་ཅན་གྱི་ཆོས་དང་ནང་སེམས་ཀྱི་རྣམ་གཞག་གཉིས་ལས་ཁོང་ཁྲོ་ནི་ནང་སེམས་ཀྱི་རྣམ་གཞག་གི་ཁོངས་སུ་གཏོགས་ཤིང་། དེ་ལ་ཡང་སྤྱིར་ནང་པའི་གཞུང་ནང་སེམས་དང་སེམས་བྱུང་གི་རྣམ་གཞག་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་གསུངས་ཡོད་པ་ལས་སེམས་བྱུང་གི་བྱེ་བྲག་ཞིག་ཡིན། དེ་ལ་དབྱེ་བའི་གྲངས་འདྲེན་མང་དུ་ཡོང་ཀྱང་ཡོངས་གྲགས་སུ། སེམས་བྱུང་ལ་རྣམ་གྲངས་ལྔ་བཅུ་ང་གཅིག་གསུངས་པ་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིགརྩ་ཉོན་དྲུགཉེ་ཉོན་ཉི་ཤུགཞན་འགྱུར་བཞི་བཅས་སེམས་བྱུང་ང་གཅིག་ཡོད། དེའི་ནང་ནས་རྩ་ཉོན་ཡིན། ཉོན་མོངས་ལ་རྩ་ཉོན་དང་།  ཉེ་ཉོན་གཉིས་སུ་དབྱེ་བར་བྱེད་དོ། །

དེ་ཡང་། རང་རྒྱུད་མ་ཞི་བར་བྱེད་པའི་བྱེད་ལས་ཅན་གྱི་སེམས་བྱུང་ལ་ཉོན་མོངས་ཞེས་ངོས་འཛིན་པ་སྟེ། མངོན་པ་ཀུན་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་འབྱུང་བ་ལྟར་རོ། །དེའི་ཐད་ཀྱི་རྒྱལ་བའི་སྲས་ཀྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས། རབ་ཏུ་མ་ཞི་བའི་མཚན་ཉིད་ནི། ཉོན་མོངས་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ཡང་རྣམ་པ་དྲུག་སྟེ། འདི་ལྟར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང༌། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང་།  རྒོད་པས་རབ་ཏུ་མ་ཞི་བ་དང་། རྨུགས་པས་རབ་ཏུ་མ་ཞི་བ་དང༌། བག་མེད་པས་རབ་ཏུ་མ་ཞི་བ་དང་། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ། །ཞེས་ཉོན་མོངས་ཀྱི་ངོ་བོ་ངོས་འཛིན་དང་། མ་ཞི་བ་བྱེད་པའི་རྒྱུ་སོགས་གསལ་བར་གསུངས། དེ་ལ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུའི་དབྱེ་བ་མཛད།

རྩ་ཉོན་དྲུག་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བློ་རིག་སྡོམ་ལས། རྩ་ཉོན་དྲུག་ནི་འདི་ལྟ་སྟེ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་པ་དང་ཐེ་ཚོམ་དང་། །ལྟ་བ་ཉོན་མོངས་ཅན་རྣམས་སོ། །ཞེས་གསུངས་པར་ལྟར་དེ་དག་ལས་འདིར་སྐབས་སུ་བབས་པ་ཁོང་ཁྲོ་དང་དེའི་ཉེས་དམིགས་སྐོར་ཞིབ་དུ་བཤད་པར་བྱའོ། །

འོ་ན་ཁོང་ཁྲོ་ནི་གང་རེད་ཞེ་ན། མངོན་པ་ཀུན་བཏུས་ལས། ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་དང་། སྡུག་བསྔལ་དང་། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པ་མི་གནས་པ་དང་། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། ཞེས་གསུངས། དེའི་དོན་འགྲེལ་བ་ལ་རྗེ་བཙུན་རེད་མདའ་བའི་ཀུན་བཏུས་རྒྱ་ཆེན་འགྲེལ་ལས། འབྲལ་བར་མངོན་པར་དགའ་བ་ཉིད་ལས་བྱུང་བའི་ཞེ་སྡང་ནི་ཡིད་དུ་མི་འོང་བའི་སེམས་ཅན་དང་སྡུག་བསྔལ་དང་། གང་ལས་སྡུག་བསྔལ་འབྱུང་བའི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་ཤིང་གནོད་པ་བྱ་བར་སེམས་པ་གང་ཡིན་པའོ། །ཀུན་ནས་མནར་སེམས་པ་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་འབྱུང་བས་སེམས་གདུང་བར་འགྱུར་བར་སེམས་ཀྱི་རྗེས་སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བ་བསྐྱེད་པས་དེའི་ཕྱིར་བདེ་བ་ལ་རེག་པར་མི་གནས་པ་དང་། ཁོང་ཁྲོ་བ་དང་ལྡན་པ་ནི་ཉེས་པར་སྤྱད་པ་གང་དང་ཡང་མི་རིགས་པས་དེའི་ཕྱིར་ཉེས་པར་སྤྱད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཞེས་གསུངས།

དེ་དག་གི་དོན་ནི། ཁོང་ཁྲོ་ཞེས་པ་དེ་དམིགས་པ་སེམས་ཅན་དང་། སྡུག་བསྡལ་དང་། སྡུག་བསྔལ་གང་ལས་འབྱུང་བའི་གནས་གསུམ་པོ་གང་རུང་ལ་དམིགས་ནས་མི་བཟོད་ཅིང་། གནོད་པ་བྱ་བར་འདོད་པ་ཀུན་ནས་མནར་སེམས་པས་ཁྱད་པ་དང་ལྡན་པའི་སེམས་བྱུང་ཞིག་ཡིན་པ་དང་། དགྲ་སོགས་ཡིད་དུ་མི་འོང་བ་ལ་དམིགས་ནས་སེམས་ཤིག་ཏུ་རྩུབ་པའི་རྣམ་པ་ཅན་ཞིག་ཀྱང་ཡིན། དཔེར་ན། རང་ལ་ཡིད་དུ་མི་འོང་བའི་མི་དང་། ཚིག་རྩུབ་ལ་སོགས་པ་མི་འདོད་པ་མཐོང་ཐོས་བྱུང་ན་དེ་མ་ཐག་མི་བཟོད་པར་སེམས་འཁྲུག་པ་ལྟ་བུ་ཡིན། དེའི་བྱེད་ལས་ནི། ཁོང་ཁྲོ་ཡོད་ན་སེམས་འཁྲུགས་ཅིང་། ཡིད་མི་བདེ་བ་འབྱུང་ལ་དེས་ལུས་ལ་ཡང་གདུང་བ་བསྐྱེད་པས་བདེ་བ་ལ་རེག་པ་མི་གནས་ཅིང་། འོག་ནས་འཆད་པར་འགྱུར་བའི་ཉེེས་པར་སྤྱོད་པའི་རྟེན་བྱེད་པའི་བྱེད་ལས་ཅན་ཞིག་ཡིན།

 

ཁོང་ཁྲོའི་དམིགས་ཡུལ།

ཁོང་ཁྲོའི་དམིགས་ཡུལ་གསུམ་ནི། སེམས་ཅན་དང་། སྡུག་བསྔལ་དང་། སྡུག་བསྔལ་དེ་དག་གང་ལས་འབྱུང་བའི་གནས་མཚོན་དང་། ཚིག་རྩུབ་ལ་སོགས་པ་རྣམས་སོ། །དེ་དག་ལ་དམིགས་ནས་རྒྱུ་དང་རྐྱེན་གང་ལས་སྐྱེ་ཞེ་ན། ཁོང་ཁྲོ་སྐྱེ་བའི་རྒྱུ་ནི། མདོ་ལས། ཀུན་ནས་མནར་སེམས་ཀྱི་གཞི་དགུ་གསུངས་པ་སྟེ། བདག་ལ་འདས་པའི་དུས་སུ་གནོད་པ་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་སྲིད་དོ་སྙམ་དུ་དོགས་པ་དང་། བདག་གི་གཉེན་ལ་དེ་བཞིན་གསུམ་དང་། བདག་གི་དགྲ་ལ་འདས་པའི་དུས་སུ་ཕན་བཏགས་སོ། མ་འོངས་པར་གདགས་པར་འགྱུར་སྲིད་སྙམ་དུ་དོགས་པ་དང་། ད་ལྟ་བའི་དུས་སུ་འདོགས་སོ་སྙམ་པ་གསུམ་བཅས་དགུ་ཡོད།

བྱེད་ལས་སམ་ཉེས་དམིགས་ནི། ལུས་དང་སེམས་མི་བདེ་བ་དང་། དགའ་བ་དང་བདེ་བ་སྔར་ཡོད་འཇིག་ཅིང་ཕྱི་མ་མི་འཐོབ་པ། བཞིན་གྱི་མདོག་མི་མཛེས་པ་དང་། སྐྱེ་བོ་ཀུན་དང་མི་མཐུན་པ་དང་། སྐྱེ་བོ་ཀུན་གྱི་ཡིད་དུ་མི་འོང་བ་དང་། གཉིད་མི་འོང་བ་དང་། སེམས་རྣལ་དུ་གནས་པའི་བརྟན་པ་ཉམས་པ། ཚུལ་དང་ཚུལ་མིན་འབྱེད་པའི་རྣམ་དཔྱོད་འཕྲོག་པ་བྱེད་པ། སྒོ་གསུམ་མི་གཙང་བར་བྱེད་པར་འགྱུར་བ་སོགས་མདོར་ན་ལེགས་པ་ཐམས་ཅད་དང་ཉེ་བར་མི་བཅར་བར་དེ་དག་དང་རིང་དུ་འབུད་པའི་ཉེས་དམིགས་ཤིན་ཏུ་མང་པོ་སྤྱོད་འཇུག་དང་། སྐྱེས་རབས། དབུ་མ་འཇུག་པ་སོགས་གཞུང་ཆེན་རྣམས་ལས་ཤིན་ཏུ་མང་པོ་གསུངས་སོ། །

ཁོང་ཁྲོའི་རྣམ་སྨིན།

སློབ་དཔོན་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གི་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །བཟློག་པས་ལྷ་དང་མི་ཉིད་དོ། །ཞེས་རྣམ་སྨིན་དུ་དམྱལ་བར་འཕེན་པ་དང་། གཞན་ཡང་། བཟོད་པས་མདངས་ལྡན་བརྩོན་འགྲུས་བརྗིད། །ཞེས་པ་འདོན་པ་བསྒྱུར་ན་ཁོང་ཁྲོས་མདངས་ངན་ཞེས་པར་འགྱུར་བར་རྣམ་སྨིན་དུ་གཟུགས་ངན་པར་སྐྱེ་བའོ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཞེས་གསུངས་པ་ལྟར། ལམ་རིམ་དུ་རྐང་པ་དང་པོའི་རྒྱུ་མཚན་ནི། འཇུག་འགྲེལ་ལས། རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར་དེར་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི་མི་བཟོད་པ་ལས་གཞན་མཆོག་ཏུ་བྱུང་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

ཁོང་ཁྲོའི་དབྱེ་བ་ལ་གོང་དུ་དྲངས་པའི་ཀུན་བཏུས་ལྟར། སེམས་ཅན་ལ་དམིགས་པའི་ཁོང་ཁྲོ། སྡུག་བསྔལ་ལ་དམིགས་པའི་ཁོང་ཁྲོ། སྡུག་བསྔལ་གྱི་རྒྱུ་ལ་དམིགས་པའི་ཁོང་ཁྲོ། གསུམ་དུ་དབྱེ་བ་གསུངས་པ་ལས་གཞན་དངོས་སུ་གསུངས་པ་མ་མཇལ། འོན་ཀྱང་། ཁོང་ཁྲོ་དང་ཐག་ཉེ་བའི་ཁོང་ཁྲོའི་ཆ་ལ་བཏགས་པ་ལྔ་ཡོད་དེ། ཉེ་ཉོན་ཉི་ཤུ་ལས། ཁྲོ་བ། འཁོན་འཛིན། འཚིག་པ། ཕྲག་དོག ། རྣམ་འཚེ་ལྔ་ནི་བྱེད་ལས་ཀྱི་སྒོ་ནས་ཁོང་ཁྲོ་ལ་བཏགས་པ་ཡིན།

ཁྲོ་བ་ནི་གནོད་པ་བྱེད་པའི་སེམས་ཅན་ལ་སོགས་པ་མངོན་དུ་གྱུར་བ་ལ་སེམས་ཁོང་ནས་འཁྲུག་པ་སྟེ། ཐོ་འཚམས་པའི་ལས་ཅན་ནོ། །ཁོན་དུ་འཛིན་པ་ནི་ཁྲོས་པའི་འོག་ཏུ་དེ་ལ་རྒྱུན་དུ་འཛིན་པ་སྟེ། ལས་ནི་མི་བཟོད་པའི་རྟེན་བྱེད་པའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྟེ། བློ་མི་བདེ་བའི་རྟེན་བྱེད་པའོ། །འཚིག་པ་ནི་སྡིག་པ་ལ་མངོན་པར་ཞེན་པའོ། །ཕུང་པོ་ལྔ་པ་ལས་ནི་འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ་ཞེས་ཁྲོས་པའི་སེམས་ཀྱིས་ཚིག་བརླང་པོར་ཞེར་འདེབས་པ་ཞེ་སྡང་གི་ཆར་གཏོགས་པ་ལ་བཤད་དེ་དེ་ཉིད་རིགས་པ་ཡིན་ནོ། །ལས་ནི་ངག་གི་ཉེས་སྤྱོད་སྐྱེད་པ་དང་། བདེ་བ་ལ་རེག་པར་མི་གནས་པ་དང་། བསོད་ནམས་མ་ཡིན་པ་འཕེལ་བར་བྱེད་པའོ། །དེའི་ཕྱིར་སློབ་དཔོན་བློ་གྲོས་བརྟན་པས་དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ་ཞེས་བཤད་དོ།  །རྣམ་འཚེ་ནི་སེམས་ཅན་དག་སྡུག་བསྔལ་བ་འདོད་པ་སྟེ། མཐོ་མཚམས་པའི་ལས་ཅན་ནི། ཪིན་ཆེན་ཕྲེང་བ་ལས། ཁྲོ་བ་སེམས་ཀྱི་འཁྲུག་པ་སྟེ། །དེ་དང་རྗེས་འབྲེལ་ཁོན་དུ་འཛིན། །འཆབ་པ་སྡིག་པ་འཆབ་པ་སྟེ། །འཚིག་པ་སྡིག་ལ་ཞེན་པའོ། །ཞེས་སོགས་གསུངས།

ཁོང་ཁྲོའི་ཉེས་དམིགས།

ཁོང་ཁྲོའི་ཉེས་དམིགས་ལ་མཐོང་ཆོས་ཀྱི་ཉེས་དམིགས་དང་། མ་མཐོང་བའི་ཉེས་དམིགས་གཉིས་ཡོད། དང་པོ་གོང་དུ་བཤད་ཟིན། གཉིས་པ་ནི། འདི་ནི་གཞུང་ཆེན་མོ་རྣམས་ལས་ཁོང་ཁྲོས་དགེ་རྩ་བཅོམ་ཚུལ་གསུང་པ་དག་ཡིན། དེ་ཡང་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་བསྐལ་བ་སྟོང་གི་དགེ་རྩ་བཅོམ་པ་གསུངས། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་གསུངས། འཇུག་པར་ཡང་། བསྐལ་པ་བརྒྱར་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གོམས་པར་བྱས་པའི་དགེ་བ་རྣམས་ཁོང་ཁྲོའི་བསམ་པ་སྐད་ཅིག་ཙམ་ཞིག་སྐྱེས་པས་ཀྱང་འཇོམས་པར་གསུངས་སོ། །དགོངས་པ་རབ་གསལ་ལས། ཡུལ་ཇི་འདྲ་ཞིག་ལ་ཁྲོས་པ་དགོས་པ་ནི། ཁ་ཅིག་བྱང་སེམས་དགོས་པར་འཆད་ལ། ཁ་ཅིག་ཡུལ་སྤྱི་ལ་བཞེད་པའི་སྔ་མ་ནི། འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས། ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །ཁོང་ཁྲོ་སྐྱེ་བའི་རྟེན་ནི། བྱང་སེམས་ཀྱིས་ཁྲོས་ནའང་དགེ་རྩ་འཇོམས་ན་བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་ལྟ་ཅི་སྨོས་པར་འཇུག་འགྲེལ་ལས་གསུངས་ཤིང་། ཡུལ་དེ་བྱང་སེམས་སུ་ངེས་མ་ངེས་དང་། ཁྲོ་བའི་རྒྱུ་མཚན་གྱི་སྐྱོན་མཐོང་བ་བདེན་མི་བདེན་ནི་སྔར་བཤད་པ་ལྟར་གྱི་དགེ་བ་འཇོམས་པ་ལ་འདྲ་བར་གསུངས་སོ། །

ཁོང་ཁྲོས་དགེ་རྩ་བཅོམ་ཚུལ།

འཇུག་པ་རྩ་འགྲེལ་དང་། འཇམ་དཔལ་རྣམ་པ་རོལ་པའི་མདོ་ལས་བསྐལ་བ་བརྒྱའི་དགེ་རྩ་བཅོམ་པར་གསུངས། སློབ་དཔོན་དཔའ་བོ་དང་། ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པ་གསུངས་པའི་ཚུལ་མི་འདྲ་བ་བྱུང་བ་ལ་རྗེ་བདག་ཉིད་ཆེན་པོའི་ཞིབ་ཆ་འདི་ལྟར་མཛད་དེ། དགོངས་པ་རབ་གསལ་ལས། བསྐལ་བ་བརྒྱའམ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པའི་ཁོང་ཁྲོའི་ཡུལ་ལ་ནི། བྱང་སེམས་དགོས་སོ། །ཁྲོ་བའི་རྟེན་ནི་བྱང་སེམས་བདག་ཉིད་ཆེན་པོ་ཞེས་གསུངས་པ་ལ་དཔག་ན་ཡུལ་གྱི་བྱང་སེམས་ལས་བྱང་སེམས་སྟོབས་ཆེ་བ་ཅིག་འདྲའོ། །ཞེས་སོགས་གསུངས།

དོན་བསྡུ་ན། བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་ཁྲོ་བ་དང་། ཆུང་བས་ཆེ་བ་ལ་ཁྲོ་བ་དང་། ཡུལ་དང་རྟེན་སྟོབས་མཉམ་པས་མཉམ་པ་ལ་ཁྲོས་པ་གསུམ་མོ། །དང་པོ་ལ་ནི་བསྐལ་པ་བརྒྱ་དང་། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་ནི་བསྐལ་བ་སྟོང་གི་དགེ་རྩ་བཅོམ་པ་གོང་གི་ལུང་དོན་དང་། མཉམ་པས་མཉམ་པ་ལ་ཁྲོས་པ་ལ་ཡང་ཡུལ་གྱི་མཆོག་དམན་གྱི་ཁྱད་པར་ལ་བརྟེན་ནས་དགེ་རྩ་འཇོམས་ཁྱད་ཡོད་པས་ལུང་ལ་བརྟེན་ནས་དཔྱད་པར་བྱ་བ་ཤིན་ཏུ་ལྐོག་ཏུ་གྱུར་བ་ཡིན་གྱི་ལུང་ལ་མ་བརྟེན་པར་སྟོང་ཕྲག་དུ་མ་བཅོམ་པ་གསུངས་པ་ལ་སོགས་པར་ཡིད་ཆེས་པ་དཀའ་བར་རྗེ་བདག་ཉིད་ཆེན་པོས་གསུངས། གཞན་ཡང་། བྱང་སེམས་ཀྱིས་བྱང་སེམས་མིན་པ་ཁྲོས་ན་གཞི་ནས་གོ་ཆ་བགོ་བ་མི་དགོས་ཀྱང་། བྱང་སེམས་ཀྱིས་བྱང་སེམས་གཅིག་ལ་ཁྲོ་ན་སེམས་དེ་བསྐྱེད་གྲངས་ཇི་ཙམ་པ་དེ་ཙམ་གྱིས་བསྐལ་བར་གཞི་ནས་གོ་ཆ་བགོ་དགོས་པར་མདོ་སྡུད་པ་དང་། སྤྱོད་འཇུག་ཁུངས་སུ་མཛད་དེ་གསུངས་སོ། །གཞན་ཡང་། ཡུལ་རྟེན་གཉིས་ཀ་བྱང་སེམས་མིན་ཀྱང་ཁོང་ཁྲོ་སྐྱེ་ན་དགེ་རྩ་འཇོམས་པ་ཡོད་པ་ཐམས་ཅད་ཡོད་སྨྲའི་གཞུང་བསླབ་བཏུས་སུ་དྲངས་པ་ལས་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་ཟད་པ་ལ་སོགས་པའིདགེ་རྩ་བཅོམ་ཚུལ་གསུངས་སོ། །གཞོམ་བྱའི་དགེ་རྩ་ནི་སྤྱོད་འཇུག་དང་འཇུག་པ་ལས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་ཡེ་ཤེས་ཀྱི་ཚོགས་དངོས་སུ་མ་གསུངས་པས་རྗེ་བདག་ཉིད་ཆེན་པོས་བདག་མེད་ལེགས་པར་རྟོགས་པའི་དགེ་རྩ་ལ་མི་བྱེད་པ་འདྲ་སྟེ་དཔྱད་དོ་ཞེས་གསུངས། ༧གོང་ས་མཆོག་གིས། སྟོང་ཉིད་རྟོགས་པའི་དགེ་རྩ་དང་། ཞི་གནས་ཡན་ཆད་ཁམས་གོང་མའི་སེམས་སྒོམ་བྱུང་གིས་བསྡུས་པའི་དགེ་རྩ་ལ། འོག་མའི་སྐྱོན་གྱིས་གོང་མའི་སེམས་ལ་གནོད་མི་ཐུབ་པས། འོག་མའི་ཞེ་སྡང་གིས་ཀྱང་དེ་ལ་གནོད་མི་ཐུབ་ཅིང་། དེ་རྣམས་ཞེ་སྡང་གིས་གཞོམ་བྱའི་དགེ་རྩ་མིན་པར་གསུངས། དེས་མཚོན་ནས་མི་རྟག་པ་རྟོགས་པའི་ཤེས་རབ་སོགས་ཡེ་ཤེས་ཀྱི་ཚོགས་གཞན་རྣམས་འཇོམས་ནུས་མི་ནུས་སོགས་དཔྱོད་དགོས་པ་ཡོད་དོ། །

ཁོང་ཁྲོ་བ་མི་རིགས་པ།

དེ་ལྟར་ཁོང་ཁྲོ་ལ་སྐྱོན་དང་ཉེས་དམིགས་ཤིན་ཏུ་ཆེ་བས་ཁོང་ཁྲོ་བ་མི་རིགས་པའི་རིགས་པ་མང་པོ་སྤྱོད་འཇུག་དང་བཞི་བརྒྱ་པ། འཇུག་པ་སོགས་ལས་གསུངས་པ་འགའ་ཞིག་བསྡུས་ན། འཇུག་པ་རྩ་འགྲེལ་ལས་རིགས་པ་བཞིའི་སྒོ་ནས་ཁོང་ཁྲོ་བྱ་བར་མི་རིགས་པ་གསུངས་སྟེ། དང་པོ། དགོས་པ་མེད་ཅིང་ཉེས་དམིགས་ཆེ་བས་ཁོང་ཁྲོ་བར་མི་རིགས་པ་ནི། གནོད་བྱེད་ལ་ཁྲོ་ན་ཡང་གནོད་པ་བྱས་ཟིན་པ་ལྡོག་པར་མི་འགྱུར་ཞིང་། ཁོང་ཁྲོ་ལ་སྐབས་བྱིན་པས་ཤི་བའི་འོག་ཏུ་ཡང་རྣམ་སྨིན་ཡིད་དུ་མི་འོང་བར་འཕེན་པའི་ཕྱིར་ཁོང་ཁྲོ་བ་དོན་མེད་དོ། །

གཉིས་པ། ཕྱིས་ཀྱི་སྡུག་བསྔལ་མི་འདོད་བ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་པ་ནི། ད་ལྟར་རང་ལ་དགྲ་དག་གིས་གནོད་པ་བྱས་པའི་སྡུག་བསྔལ་དག་ནི་སྔོན་རང་གིས་སྲོག་བཅད་པ་དང་གཞན་ལ་གནོད་པ་བྱས་པའི་འབྲས་བུར་སྨིན་པ་ཡིན་པས་དེ་དག་ཟད་པར་འདོད་བཞིན་དུ་སླར་ཡང་གཞན་ལ་ཁོང་ཁྲོ་བ་ནི་སླར་ཡང་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་ཡིན་པས་བྱེད་སྟངས་དེ་དག་འགལ་བའོ། །

གསུམ་པ། སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་བར་མི་རིགས་པ་ནི། བསྐལ་པ་བརྒྱར་བསགས་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གོམས་པར་བྱས་པའི་དགེ་བ་རྣམས་ཁོང་ཁྲོའི་བསམ་པ་སྐད་ཅིག་ཙམ་ཞིག་སྐྱེས་པས་ཀྱང་འཇོམས་པའོ། དེའི་ཕྱིར། འབྲས་བུ་ཡིད་དུ་མི་འོང་བ་དང་འཕེན་པ་དང་། དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི་ཁོང་ཁྲོ་བ་ལས་གཞན་པ་མཆོག་ཏུ་གྱུར་པ་ཡོད་པ་མ་ཡིན་ནོ། །

བཞི་པ། མི་བཟོད་པའི་སྐྱོན་མང་པོ་བསམས་ནས་ཁོང་ཁྲོ་བ་དགག་པ་ནི། གཟུགས་མི་སྡུག་པར་བྱེད་པ་དང་། དམ་པ་མིན་པར་བཀྲི་བ། རྣམ་དཔྱོད་ཉམས་པ། ངན་སོང་དུ་ཁྲིད་པ་སོགས་བསམ་པའོ། །

སྤྱོད་འཇུག་ལས། གློ་བུར་བ་དང་རང་བཞིན་གང་ཡིན་བརྟགས་ན་ཁྲོ་བ་མི་རིགས་པ། དངོས་དང་བརྒྱུད་པ་གང་གིས་གནོད་པ་ལ་བརྟགས་ན་ཁྲོ་བ་མི་རིགས་པ། གནོད་བྱེད་བསྐུལ་བའི་རྒྱུ་ལ་བརྟགས་ན་ཁྲོ་བ་མི་རིགས་པ། ཡུལ་ཅན་ལ་བརྟགས་ན་ཁྲོ་བ་མི་རིགས་པ། རྟེན་ལ་བརྟགས་ན་ཁྲོ་བ་མི་རིགས་པ། རང་གིས་ཁས་བླངས་པ་ལ་བརྟགས་ན་ཁྲོ་བ་མི་རིགས་པ་སོགས་དང་། བཞི་བརྒྱ་པ་ལས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེེལ་གང་ཟག་མིན། །ཞེས་རང་ལ་གནོད་པ་བྱུང་ན་ཕ་རོལ་པོ་ཉོན་མོངས་ཀྱིས་དབང་མེད་དུ་བསྐུལ་བ་ཡིན་པས་གང་ཟག་ལ་ཁྲོ་མི་རིགས་པའོ། །མདོར་ན། མི་བཟོད་པའི་སྐྱོན་མང་པོ་བསམས་ནས་ཁྲོ་བ་མི་རིགས་པ་ལ་སོགས་པའི་རིགས་པ་ཤིན་ཏུ་མང་བས་འདིར་མངས་སུ་དོགས་ཏེ་མ་བྲིས་ཤིང་རྒྱས་པར་ལམ་རིམ་ཆེན་མོ་སོགས་ལ་བལྟ་བར་བྱའོ། །

སྙིང་དོན་གདམས་ངག །

དོན་བསྡུ་ན། བཞི་བརྒྱ་པ་ལས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པར་ལྟར་ཕ་རོལ་པོས་གནོད་པ་བྱས་ཤིང་ཁོང་ཁྲོ་སྐྱེ་བའི་སྐབས་བྱུང་ན་ཕ་རོལ་པོ་དང་དེའི་བྱ་སྤྱོད་གཉིས་ཁྱད་པ་ཕྱེ་སྟེ་བྱ་སྤྱོད་ལ་སྐྱོན་དུ་བལྟས་ནས་རྒྱུད་མི་འཁྲུགས་པར་གདོང་ལེན་ཚུལ་མཐུན་དུ་བྱ། གང་ཟག་ལ་དེའི་རྒྱུད་ཀྱི་ཉོན་མོངས་ཀྱིས་དབང་མེད་དུ་བསྐུལ་བ་ཡིན་པས་སྙིང་རྗེ་བསྒོམ་དགོས་སོ། །རིགས་པ་ཐམས་ཅད་ལས་འདི་ཉིད་ངེས་པ་སྐྱེ་སླ་ཞིང་ཁྲོ་བའི་གཉེན་པོ་འགྱུར་ཚབས་ཆེ་བ་ལམ་རིན་ཆེན་མོ་ལས་གསུངས་སོ། ། གཞན་ཡང་། རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་དག །ཉེས་པར་མཁྱེན་ནས་ཡོངས་སུ་སྤོང༌། །མ་ཆགས་མི་སྡང་གཏི་མུག་མེད། །ཡོན་ཏན་མཁྱེན་ནས་གུས་པར་བསྟེན། །ཞེས་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་རྣམས་ཀྱི་སྐྱོན་དང་། ཞེ་སྡང་མེད་པ་ལ་སོགས་དགེ་བའི་ཕན་ཡོན་བསམ་ནས་སྤང་བླང་འདོར་ལེན་ཚུལ་བཞིན་དུ་བྱེད་པ་ལ་འབད་པར་འཚལ་ལོ།  །

སེར་བྱེས་ཏྲེ་བློ་བཟང་རྡོ་རྗེ། མེ་སོར་མཐོ་སློབ་སེམས་ཁམས་ལོ་རིམ་གསུམ་པ།

Leave a Reply

Your email address will not be published. Required fields are marked *