དྲང་ངེས་སེམས་ཙམ་གྱི་སྐོར་ལ་ཅུང་ཟད་དཔྱད་པ།
སེམས་ཁམས་སྡེ་ཚན། ཀརྨ་བློ་གྲོས།
ལྟ་བ་རྣམ་དག་དྲི་མེད་རིགས་པའི་ལམ་ནས་འཆད། །
སྒོམ་པ་རྣམ་དག་ཐབས་ཤེས་ཟུང་འབྲེལ་ལམ་དུ་སྤྱོད། །
ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། སྐབས་འདིའི་བརྗོད་གཞི་དྲང་ངེས་དབུ་ནས་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པའི་མཇུག་བར་རང་བློ་ལ་འཆར་བའི་དོགས་པ་འཆད་པ་ལ་གཉིས། དང་པོ་སྔོན་དུ་འགྲོ་བའི་སྤྱིར་བཤད་པ་ལ་དོགས་པ་དཔྱོད་པ་དང། སྐབས་བབས་ཀྱི་བརྗོད་བྱ་དངོས་ལ་དོགས་པ་དཔྱོདཔ་གཉིས་ལས། དང་པོ་ལ་གསུམ། སེམས་ཙམ་པའི་གྲུབ་མཐའི་བྱུང་རིམ་ཅུང་ཟད་བཤད་པ། དྲང་ངེས་ལས་གསུངས་པའི་ཚད་མའི་སྐྱེས་བུར་འཇོག་ཚུལ། ལུང་ལ་དཔྱད་པ་གསུམ་གྱིས་དག་ཚུལ་ཇི་ལྟར་འཇོག་པའོ། །
དང་པོ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དང་པོ་ནི། གནས་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་བཞི་ལས་བརྩམས་པའི་ཆོས་འཁོར་སྐོར་བ་དང། དེའི་རྗེས་སུ་གནས་བྱ་རྒོད་ཕུང་པོའི་རིར་འཁོར་བྱང་སེམས་ཉེ་བའི་སྲས་བརྒྱད་དང་བྱང་སེམས་དཔག་ཏུ་མེད་པ་ལ་ཟབ་མོ་སྟོང་ཉིད་བསྟན་པའི་ཆོས་འཁོར་གཉིས་པ་སྐོར་རོ། །འོན་ཀྱང་ཆོས་འཁོར་དེ་གཉིས་ལས། དང་པོའི་སྐབས་སུ་བདེན་བཞི་ལས་བརྩམས་པའི་གཟུགས་ནས་བྱང་ཆུབ་སོ་བདུན་བར་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀའ་བསྩལ་བ་དང་། གཉིས་པའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་རང་མཚན་གྱིས་གྲུབ་པས་སྟོང་པར་གསུངས་པས། དེ་ལ་བརྟེན་ནས་གདུལ་བྱས་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པའི་དོན་ལ་བག་ཆགས་ཅན་གྱི་གང་ཟག་རྣམས་གྱིས་སངས་རྒྱས་ཀྱིས་གསུངས་པའི་ཆོས་འཁོར་དང་པོ་དང་གཉིས་པ་ལ་ཐེ་ཚོམ་སྐྱེས་ཏེ། དང་པོའི་སྐབས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་དང་། གཉིས་པའི་སྐབས་སུ་དེ་མེད་པར་གསུངས་པ་གཉིས་འགལ་ལོ་སྙམ་པའི་ལོག་རྟོག་སྐྱེ་བ་ལ་དགོངས་ནས། དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་དངོས་སུ་འགལ་སྤོང་ཞུས་པས། དེའི་ལན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དགོངས་པ་ངེས་པར་འགྲེལ་བ་གསུངས་སོ། །མདོ་སྡེ་དེ་ནི་སེམས་ཙམ་པའི་གྲུབ་མཐའི་འབྱུང་ཁུངས་དང་རྩ་བ་ཡིན་ནོ། །དེ་ལས་སེམས་ཙམ་གྱི་ཐབས་ཤེས་ཀྱི་ཚུལ་གསལ་བར་བསྟན་ཏོ། །
དེའི་རྗེས་སུ་རྗེ་བཙུན་བྱམས་པ་མགོན་པོས་མདོ་སྡེ་དེ་ཉིད་བཤད་བྱ་རྩ་བའི་མདོར་བྱས་ནས། མདོ་དེའི་དགོངས་འགྲེལ་གྱི་བསྟན་བཅོས་མདོ་སྡེ་རྒྱན་དང་འབྱེད་རྣམ་གཉིས་སོགས་མཛད་ནས་སེམས་ཙམ་གྱི་ལྟ་བ་གསལ་བར་མཛད་པ་དང་། དེའི་རྗེས་འཕགས་པ་ཐོགས་མེད་ཀྱིས་མདོ་སྡེ་དགོངས་འགྲེལ་གྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་སྒྲུབ་བྱེད་ཀྱི་རིགས་པ་དུ་མ་ལ་བརྟེན་ནས། གཞན་དུ་དྲང་དུ་མི་རུང་བར་དོན་དེ་ཉིད་སྒྲ་ཇི་བཞིན་པར་བསྒྲུབས་ནས་སེམས་ཙམ་པའི་གྲུབ་མཐའ་སྲོལ་དར་ཞིང་རྒྱས་པར་ཕྱེ་བའོ། །འདི་ནི་སྟོན་པ་མྱང་ངན་ལས་འདས་པའི་འོག་ཏུ་སེམས་ཙམ་གྱི་གྲུབ་མཐའ་བྱུང་བའི་རིམ་པ་ཡིན་ལ། སྟོན་པ་ཞལ་བཞུགས་པའི་སྐབས་སུ་མདོ་སྡེ་དགོངས་འགྲེལ་ཆེད་དུ་བྱ་བའི་གདུལ་བྱ་སེམས་ཙམ་གྱི་ལྟ་བ་ལ་གནས་པའི་གང་ཟག་སོགས་མཐའ་ཡས་པ་ཡོད་དོ། །
ཀུན་གཞི་རྩ་བ་ལས། སྲོལ་བཏོད་སྔོན་དུ་དབུ་མ་ཉིད། །ཅེས་པ་དང་མི་འགལ་ཏེ། ལུང་འདིའི་དོན་ནི་སྟོན་པ་མྱང་ངན་ལས་འདས་ནས་དབུ་སེམས་གྲུབ་མཐའ་ཉམས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་སྔོན་དུ་དབུ་མའི་གྲུབ་མཐའ་སྲོལ་འབྱེད་པ་དང། དེའི་རྗེས་སུ་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་གྱི་གྲུབ་མཐའ་སྲོལ་ཕྱེ་ནས་སེམས་ཙམ་གྱི་གྲུབ་མཐའ་ཆེར་རྒྱས་པ་ཡིན་གྱི། སྲོལ་མ་ཕྱེ་པའི་གོང་དུ་དབུ་མ་པ་ལས་གཞན་པའི་སེམས་ཙམ་གྱི་ལྟ་བར་གནས་པའི་གང་ཟག་མེད་པ་ནི་མ་ཡིན་ནོ། །ལུང་འདིས་སྟོན་པ་མྱང་ངན་ལས་འདས་ནས་ཡོངས་གྲགས་དབུ་མའི་གྲུབ་མཐའ་དང་སེམས་པའི་གྲུབ་མཐའ་བྱུང་བའི་མཚམས་བསྟན་པ་དང་། སྟོན་པ་ཞལ་བཞུགས་པའི་སྐབས་སུ་གྲུབ་མཐའ་བཞིའི་ལྟ་བ་ལ་གནས་པའི་གང་ཟག་ཡོད་པ་ནི་ཤིན་ཏུ་གསལ་ཏེ། འཁོར་ལོ་གསུམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡོད་པའི་ཕྱིར། འོན་ཀྱང་གྲུབ་མཐའ་བཞི་ཡི་ཐ་སྙད་ཡོད་མེད་གསལ་ཁ་མེད་དོ། །རྗེ་བཙུན་པའི་གྲུབ་མཐའ་ལས་གསུངས་པ་ལྟར་ན། གྲུབ་མཐའ་བཞི་ཡི་ཐ་སྙད་ཕལ་ཆེར་ཕྱིས་སུ་འབྱུང་བ་མངོན་ཏེ། དེ་ཉིད་ལས། བྱེ་བྲག་སྨྲ་བའི་སྒྲ་བཤད་པའི་སྐབས་སུ་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། བྱེ་བྲག་བཤད་མཛོད་ཆེན་མོ་ནི་སྟོན་པ་མྱང་ངན་ལས་འདས་པའི་རྗེས་སུ་འབྱུང་བ་ཡིན་ནོ། །
གཉིས་པ་ནི། ལེགས་བཤད་སྙིང་པོ་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བའི་ཕྱིར། ཞེས་གསུངས། སྤྱིར་ཚད་མའི་སྐྱེས་བུ་ཞེས་པ་ནི་བདེན་བཞིའི་བླང་དོར་གྱི་གནས་རྣམས་རང་ཉིད་ཀྱིས་ངེས་ཤིང། གདུལ་བྱ་ལ་བརྩེ་བས་སྒོ་ནས་བདེན་བཞིའི་བླང་དོར་བསྟན་པའི་སྐྱེས་བུ་ཞིག་ལ་འཇོག་དགོས་ཏེ། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པར་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཞེས་གསུངས་པས། རིགས་པ་དང་འགལ་བའི་གྲུབ་མཐའ་ཞེས་པ་ནི། གང་ཁས་ལེན་པའི་གྲུབ་མཐའ་དེ་ལ་རིགས་པས་གནོད་པ་ཙམ་ལ་མི་བྱ་སྟེ། རྗེ་བཙུན་པའི་སྐབས་བརྒྱད་པའི་ཆོས་སྐུ་སྤྱི་དོན་ལས། གཞན་ཡང་འཕགས་པ་གྲོལ་སྡེ་ཚད་མའི་སྐྱེས་བུ་མ་ཡིན་པར་ཐལ། དེ་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་མཁན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་རྣམ་འབྱེད་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་པའི་ཕྱིར་དང་ཞེས་གསུངས་པས། རྟགས་དེར་ཐལ། དེས་སངས་རྒྱས་ཀྱི་སྐུ་ལ་དེ་གསུམ་དུ་གྲངས་ངེས་པར་འདོད་པ་གང་ཞིག །དེ་ལྟར་གྲངས་ངེས་པ་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། སངས་རྒྱས་ཀྱི་སྐུ་ལ་གསུམ་དུ་གྲངས་མ་ངེས་པའི་ཕྱིར། ཞེས་གསུངས།
རང་སྡེ་འོག་མ་རྣམས་ཀྱིས་དབུ་མའི་པས་དགག་བྱར་འདོད་པའི་བདེན་གྲུབ་ཁས་ལེན་ཡང་དེ་ཙམ་གྱིས་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་པར་འཇོག་མི་རིགས་ཏེ། དེ་ལྟར་ན་དབུ་མ་པ་ལས་གཞན་པའི་གང་ཟག་ཡིན་ན་ཚད་མའི་སྐྱེས་བུ་མ་ཡིན་དགོས་ཞེས་ཁས་ལེན་ན་རང་སྡེ་འོག་མའི་སློབ་དཔོན་དེ་དག་ཐམས་ཅད་ལ་སྐུར་བ་འདེབས་པར་འགྱུར་བའི་ཕྱིར་རོ། །དེས་ན་རང་སྡེ་འོག་མའི་གྲུབ་མཐའི་རྣམ་གཞག་གོ་བ་ལེགས་པ་ཞིག་མེད་ན་གྲུབ་མཐའ་གོང་མའི་ལྟ་བ་ལེགས་པར་གོ་མི་ནུས་པས་གྲུབ་མཐའ་འོག་མའི་ལྟ་བ་གོ་བ་ནི། གོང་མའི་ལྟ་བ་གོ་བའི་ལམ་སྟེགས་སུ་གྱུར་པ་ཡིན་ནོ། །གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ལས། འོག་མ་འོག་མའི་ལྟ་བ་གོ་བ་དེ་གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་དམ་པར་ཤེས་པར་བྱའོ། །ཞེས་གསུངས། ཕྱི་རོལ་པའི་གྲུབ་མཐའ་ལ་བརྟེན་ནས་དེ་ལྟར་མི་ནུས་པས། ཕྱི་རོལ་པའི་གྲུབ་མཐའ་ནི་རིགས་པ་དང་འགལ་བའི་གྲུབ་མཐའ་འབའ་ཞིག་སྟེ། རྒྱུ་མཚན་ནི་ཕྱི་རོལ་པའི་གྲུབ་མཐའ་དེ་ལ་བརྟེན་ནས་ཐར་པའི་རྒྱུ་བསྒྲུབ་མི་ནུས་པ་མ་ཟད་དེ་ནས་བཤད་པའི་ལྟ་བ་རྣམས་ཉམས་སུ་ལེན་ན་མཐར་ངན་སོང་སོགས་སུ་ལྷུང་བའི་ཕྱིར། གྲུབ་མཐའ་དེ་དག་ནི་སེམས་ཅན་རྣམས་ལ་ཉེར་མཁོ་ཅུང་ཟད་ཀྱང་མེད་དོ། །
གསུམ་པ་ནི། མདོ་ལས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས།
སློབ་དཔོན་ཀ་མ་ལ་ཤཱི་ལས་བསྲེགས་པ་དང་བཅད་པ་བརྡར་བ་གསུམ་རིམ་པ་བཞིན་མངོན་སུམ་དང་དངོས་སྟོབས་རྗེས་དཔག་ཡིད་ཆེས་རྗེས་དཔག་གསུམ་གྱིས་གནོད་པ་མེད་པ་ལ་སྦྱར་བ་དང། འདི་དང་མཐུན་པར་དྲང་ངེས་སྤྱི་དོན་ལས་གསུང་རབ་ལ་དཔྱོད་པའི་ཚེ་གསུང་རབ་དེས་གཞལ་བྱ་མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་ལ་རིམ་པ་བཞིན་དུ་མངོན་སུམ། དངོས་སྟོབས་རྗེས་དཔག །ཡིད་ཆེས་རྗེས་དཔག་གསུམ་གྱིས་གནོད་པ་ཡོད་མེད་ལེགས་པར་བརྟགས་ལ། གནོད་པ་མ་མཐོང་ན་ངའི་བཀའ་ལས་ཇི་ལྟར་བཤད་པ་ཉམས་སུ་ལེན་བླང་བར་བྱ་ཡི་ཞེས་སོགས་འགྲེལ་གནང་བས། གཞན་དག་ལྟར་ན་འདི་ཡི་དཔྱད་པ་གསུམ་གྱིས་མཐའ་མ་དག་ཚུལ་དེ་མི་འཐད་དེ། དེ་ལྟར་ན་དཔྱད་གསུམ་གྱིས་དག་པའི་ལུང་གིས་རྟགས་ལས་ཤིན་ལྐོག་བསྟན་པའི་ལུང་རང་གི་བརྗོད་བྱར་མི་སླུ་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་བའི་ཕྱིར་ཏེ། ཤིན་ལྐོག་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པར་མཐོང་ན་ཤིན་ལྐོག་ངེས་དགོས་པའི་ཕྱིར། ཞེས་སྐྱོན་བརྗོད་མཛད་དོ། །
སྐྱོན་འདི་དག་མེད་དེ། གོང་དུ་དཔྱད་པ་གསུམ་གྱིས་དག་ཚུལ་དེ་ཕྱི་རྒོལ་གྱིས་གྲུབ་ཚུལ་གྱི་དབང་དུ་བྱེད་ན་སྐྱོན་འདི་ཡོད་ཀྱང། གོང་གི་དཔྱད་པ་གསུམ་གྱིས་དག་ཚུལ་འདི་ཕྱི་རྒོལ་ལ་སྦྱོར་བ་མ་ཡིན་པའི་ཕྱིར། སྤྱིར་ལུང་དེ་དཔྱད་པ་གསུམ་གྱིས་དག་པ་ཡིན་ན་ལུང་དེ་ཚད་མ་གསུམ་གྱིས་གནོད་པ་མེད་པ་ཡིན་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། ལུང་ལ་དེ་ལྟར་དཔྱད་དགོས་པ་ནི་རིགས་པ་ཡང་དག་གི་རྗེས་སུ་འབྲངས་དགོས་པའི་གནད་ཡིན་ལ། རིགས་པ་ཡང་དག་ལ་བརྟེན་ནས་དྲང་ངེས་འབྱེད་དགོས་ཞིང་། རིགས་པ་དང་ལྡན་པའི་གསུང་རབ་ཀྱི་རྗེས་སུ་མ་འབྲངས་ན་གནས་ལུགས་ཀྱི་དོན་མི་ཤེས་ཞིང། དེ་མི་ཤེས་ན་ནམ་ཡང་འཁོར་བ་ལས་གྲོལ་བ་མེད་དོ། །དེ་ཡང་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་སོ། །
གཉིས་པ་སྐབས་བབ་ཀྱི་བརྗོད་བྱ་དངོས་ལ་དོགས་པ་དཔྱོད་པ་ལ་གསུམ། དྲི་ཞུས་ཀྱི་འཁོར་ལོ་དང་པོ་གཉིས་གང་ལ་འཇོག་དགོས་མིན་ལ་དཔྱད་པ། ངོ་བོ་ཉིད་གསུམ་ངོས་བཟུང་ནས་དེ་གསུམ་ལ་དཔྱད་པ། དགོངས་འགྲེལ་གྱི་འཁོར་ལོ་གསུམ་འཇོག་ཚུལ་ལ་དཔྱད་པའོ། །དང་པོ་ནི། དོན་དམ་ཡང་དག་འཕགས་ཀྱིས་གདུལ་བྱ་སེམས་ཙམ་པའི་ཚབ་བྱས་ནས་བཅོམ་ལྡན་འདས་ལ་འདི་ལྟར་ཞུས་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཞེས་པ་ནས་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་པའི་བར་གསུངས། འདིའི་དོན་ནི་མདོ་སྡེ་ཁ་ཅིག་ཏུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་དང་། ཁ་ཅིག་ཏུ་ཕུང་པོ་ལ་སོགས་པའི་རང་གི་མཚན་ཉིད་ལ་སོགས་པ་ཡོད་པར་གསུངས་པ་གཉིས་སྒྲ་སོར་བཞག་ན་འགལ་ནའང་འགལ་བ་མེད་དགོས་པས་ཅི་ལ་དགོངས་ནས་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་ཞེས་དྲིས་ཏེ། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། །ངོ་བོ་ཉིད་མེད་པར་གསུངས་པའི་མདོ་སྡེ་ནི་འཁོར་ལོ་བར་པ་དང་། རང་གི་མཚན་ཉིད་ཡོད་པར་གསུངས་པ་ནི་འཁོར་ལོ་དང་པོ་ཡིན་ལ། འགལ་ཞུས་ཀྱི་མདོ་ནི་འཁོར་ལོ་དང་པོ་དང་གཉིས་པ་ཐམས་ཅད་ལ་འཇོག་དགོས་ལ། འཁོར་ལོ་དང་པོ་བྱེ་བྲག་པ་ཙམ་དང་འཁོར་ལོ་བར་བ་བྱེ་བྲག་ཙམ་ལ་མི་བྱ་སྟེ། རྒྱུ་མཚན་ནི་ལན་གྱི་སྐབས་སུ་འཁོར་ལོ་དང་པོ་དང་གཉིས་པ་ཐམས་ཅད་དྲང་དོན་དུ་འགྲེལ་བའི་ཕྱིར། དྲི་ཞུས་ཀྱི་འཁོར་ལོ་བར་བའི་མཚན་གཞི་ལ་དོགས་པ་དེ་ཙམ་མི་ཆེ་ཡང་དྲི་ཞུས་ཀྱི་འཁོར་ལོ་དང་པོའི་མཚན་གཞིར་ཤིན་ཏུ་འཇོག་དཀའ་བར་སྣང་སྟེ། རྒྱུ་མཚན་ནི་འགྲེས་རྐང་བརྒྱད་ཀ་ལས་བརྩམས་པའི་འཁོར་ལོ་དང་པོ་བྱེ་བྲག་པ་ཞིག་འཇོག་མི་ནུས་པའི་ཕྱིར། བཀའ་དང་པོ་བདེན་བཞི་ཆོས་འཁོར་གྱི་མཚན་གཞི་ལ་ཡོངས་གྲགས་སུ་ཆོས་ཀྱི་འཁོར་ལོ་མདོ་ལྟ་བུར་འཇོག་ཀྱང་། མདོ་དེ་ལས་འགྲེས་རྐང་བརྒྱད་ཀ་ལས་བརྩམས་པའི་ཚིག་མི་རྙེད་པའི་ཕྱིར། མདོ་དེ་ལས་བདེན་བཞི་ལ་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་ཙམ་གསུངས་པའི་ཕྱིར། ཡིག་ཆ་ལས་བདེན་བཞི་དངོས་ཀྱི་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་དེ། བཀའ་དང་པོ་བདེན་བཞི་ཆོས་འཁོར་གྱི་མཚན་ཉིད་དུ་འཇོག་ཚུལ་ལ་བལྟས་ན། འཁོར་ལོ་དང་པོ་དང་བཀའ་དང་པོ་བདེན་བཞི་ཆོས་འཁོར་གཉིས་ལ་སྤྱི་བྱེ་བྲག་ཁྱད་པར་འབྱེད་དགོས་སམ་སྙམ། མཁས་གྲུབ་རྗེའི་རྟོགས་སྣང་ལས། འཁོར་ལོ་འདིའི་མདོ་དངོས་ནི། ལྔ་སྡེ་བཟང་པོ་ལ་བསྟན་པ་བདེན་བཞིའི་མདོ་ཞེས་བྱ་བ་དེ་ཉིད་ཡིན་ལ། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོ་རྣམས་འཁོར་ལོ་དེར་བསྡུས་པ་ཡིན་གྱི། འཁོར་ལོ་དང་པོར་གཏོགས་པའི་མདོ་ཡིན་ན་དུས་སྔར་གསུངས་པའི་ཁྱབ་པ་མིན་ཏེ། འདུལ་བ་རུང་མཐུན་གྱི་མདོ་མྱང་ངན་ལས་འདའ་ཁར་གསུངས་པའི་ཕྱིར་རོ། །ལུང་འདིའི་དོན་ནི་མདོ་དངོས་ཞེས་པ་ནི་དགོངས་འགྲེལ་དངོས་བསྟན་གྱི་དབང་དུ་བྱས་པ་དང་། འདུལ་བ་རུང་མཐུན་གྱི་མདོ་དེ་བདེན་བཞི་ཆོས་འཁོར་དང་བརྗོད་བྱ་ཕྱོགས་མཐུན་ཙམ་ལ་དགོངས་པ་ཡིན་གྱི། འདི་འཁོར་ལོ་དང་པོ་མ་ཡིན་ཏེ། འདིའི་ཆེད་དུ་བྱ་བ་གདུལ་བྱ་ཐེག་པ་གསུམ་ཀའི་ལམ་ལ་གནས་པའི་གང་ཟག་ཡོད་པའི་ཕྱིར། ༼འཁོར་ལོ་དང་པོའི་མཚན་ཉིད་འཇོག་ན་འགྲིག་གམ་སྙམ། ༽
གཉིས་པ་ནི། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམ་ཐམས་ཅད་ལ། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་ངོ་བོ་ཉིད་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ན། ངོ་བོ་ཉིད་གསུམ་ནི་གང་། ངོ་བོ་ཉིད་གསུམ་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན། དང་པོ་ངོ་བོ་ཉིད་གསུམ་ནི། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པའོ། །
སྐབས་འདིར་ཀུན་བརྟགས་ནི་རྟོག་པས་བཏགས་པ་ཙམ་ལ་མི་བྱ་སྟེ། མིང་དང་བརྡས་བཞག་པའི་ཀུན་བརྟགས་ཞིག་ལ་བྱ་དགོས། དེ་ཡང་རང་ཉིད་བློ་ཡུལ་དུ་འཆར་བ་ལ་མིང་བརྡ་བློ་ཡུལ་དུ་འཆར་བ་ལ་ལྟོས་པའི་ཀུན་བརྟགས་ཞིག་ལ་འཇོག་དགོས་ཏེ། དྲང་ངེས་རྣམ་འབྱེད་ལས། སྤྱིར་ཀུན་བརྟགས་ལ་སྤྱི་མཚན་ཐམས་ཅད་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང་། དགོངས་འགྲེལ་ལས་མ་གསུངས་པ་ནི། ཀུན་བརྟགས་གང་གིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་སུ་དེ་དག་མི་མཁོ་བས་སོ། །དེ་དག་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པའི་ཡོད་པ་ཡིན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན་ཏེ་རྟོགས་པས་བཏགས་ཙམ་ཡིན་དགོས་པའི་ཕྱིར་རོ། །ཞེས་གསུངས། དེ་ལ་དགོངས་འགྲེལ་དངོས་བསྟན་གྱི་ཀུན་བརྟགས་ཞེས་ཀྱང་ཟེར། འདི་ལ་དབྱེ་ན་གཉིས་སུ་ཡོད། དགག་བྱར་མཁོ་བའི་ཀུན་བརྟགས་དང་སྟོང་གཞིར་མཁོ་བའི་ཀུན་བརྟགས་གཉིས་སུ་ངེས། དང་པོ་ནི་གཟུགས་སོགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བརྟགས་ལྟ་བུ། གཉིས་པ་ནི་ངོ་བོ་དང་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལྟ་བུར་འཇོག །
རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ། གཞན་དབང་གི་ངོ་བོ། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག །ཡོངས་གྲུབ་ཀྱི་ངོ་བོ། ཆོས་ཐམས་ལ་ངོ་བོ་ཉིད་གསུམ་རེ་འཇོག་ནུས་ཏེ། དཔེར་ན་ནམ་མཁའ་ལྟ་བུ་ལ་མཚོན་ན། ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་། ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞི་ཡིན་པ་དང་དེར་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་ཀ་ནམ་མཁའི་ཀུན་བརྟགས། ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ནམ་མཁའི་ཡོངས་གྲུབ་ཡིན་ནོ། །
འགའ་ཞིག་གིས་ནམ་མཁའི་གཞན་དབང་དེ་གཞན་དབང་མཚན་ཉིད་པ་མ་ཡིན་ཟེར་ཀྱང། དེ་ལ་སྐྱོན་འདི་ལྟར་ཡོད་དེ། ནམ་མཁའི་ཡོངས་གྲུབ་བདེན་པར་མ་གྲུབ་པར་ཐལ། དེའི་སྟོང་གཞི་བདེན་པར་མ་གྲུབ་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་སྟོང་ཉིད་བདེན་པར་གྲུབ་པའི་རྒྱུ་མཚན་གཙོ་བོ་ནི་སྟོང་གཞི་བདེན་པར་གྲུབ་པའི་རྒྱུ་མཚན་ལས་གཞན་མེད་པའི་ཕྱིར་ཏེ། རྩ་ཤེའི་ཊཱིཀ་ཆེན་ལས། སྟོང་པ་ཉིད་ཡིན་པ་ཅུང་ཟད་ཅིག་བདེན་པར་གྲུབ་པ་འདོད་པ་ན་ནི་དེའི་རྟེན་བདེན་པར་གྲུབ་པ་གཅིག་ཀྱང་གདོན་མི་ཟ་བར་འདོད་དགོས་ཏེ། རྟེན་ཆོས་ཅན་མེད་པར་བརྟེན་པའི་ཆོས་ཉིད་གནས་པ་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་ཡིན་ཡང་ནམ་མཁའ་འཛིན་པའི་རྟོག་པ་ནམ་མཁའི་གཞན་དབང་མ་ཡིན་ཏེ། དེ་ལྟར་ན་ནམ་མཁའ་འཛིན་པའི་རྟོག་པའི་ཆོས་ཉིད་ཡིན་དེ་ནམ་མཁའི་ཆོས་ཉིད་ཡིན་པར་ཐལ་ལོ། །འདོད་ན། བུམ་འཛིན་རྟོག་པའི་ཆོས་ཉིད་དེ་བུམ་པའི་ཆོས་ཉིད་ཐལ་ལོ། །ཟེར་ན་དེ་གཉིས་མི་མཚུངས་ཏེ། ནམ་མཁའི་འཛིན་པའི་ཚད་མ་དེ་ནམ་མཁའ་འཛིན་པའི་རྟོག་པ་ལས་གཞན་མེད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། སྤྱི་ནམ་མཁའ་འཛིན་པའི་ཚད་མ་དེ་ནམ་མཁའ་འཛིན་པའི་རྟོག་པ་ཞིག་ལ་འཇོག་དགོས་ཀྱང། དེ་གཉིས་ཁྱད་པར་མེད་པ་མ་ཡིན་ཏེ། དེ་གཉིས་ནམ་མཁའ་འཇོག་བྱེད་ཀྱི་ཚད་མ་ཡིན་མིན་གྱི་ཁྱད་པར་ཆེ་བའི་ཕྱིར་རོ། །
ཡང་ནམ་མཁའ་ལ་དམིགས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་འཛིན་པའི་བློས་ནམ་མཁའ་འཛིན་པའི་ཚད་མ་ལ་དམིགས་སམ་མ་དམིགས། དང་པོ་ལྟར་ན་བློ་དེ་ལ་དམིགས་པ་མི་འདྲ་དུ་མར་ཐལ་བའི་ཕྱིར། གཉིས་པ་ལྟར་ན་ནམ་མཁའ་འཛིན་པའི་ཚད་མ་དེ་ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་གཞི་ཆོས་ཅན་མ་ཡིན་པར་ཐལ་བའི་ཕྱིར། དེ་ལྟར་ཡང་དྲང་ངེས་རྣམ་འབྱེད་ལས། དེ་ལ་རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པ་སུའི་ལུགས་ལ་ཡང་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་གཏན་ལ་འབེབས་པ་ན། སྟོང་གཞི་གང་ལ་བྱ་དགོས་པ་ནི་ཆོས་ཀྱི་བདག་འཛིན་གྱིས་གཞི་གང་ལ་ཆོས་ཀྱི་བདག་ཏུ་བཟུང་བ་དེ་ལ་རག་ལས་ཏེ། ཞེས་གསུངས། དེ་ལ་དཔྱད་གཞི་ཤིན་ཏུ་ཆེ་བར་སྣང་ངོ་། །
དྲང་ངེས་སྤྱི་དོན་ལས། ནམ་མཁའི་གདགས་གཞིའི་དངོས་པོ་དེ་ནམ་མཁའི་གཞན་དབང་། དེ་འོག་ཏུ་ནམ་མཁའ་སོགས་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་དུ་རང་གི་གདགས་གཞིར་གྱུར་པའི་དངོས་པོ་རེ་ཁས་ལེན་དགོས་ཏེ། དེ་རྣམས་ཀྱི་སྟེང་དུ་རང་གི་དངོས་པོ་རང་མཚན་པ་རེ་ཡོད་དགོས་ཏེ། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་གཉིས་སུ་དཔྱོད་རྣམས་ཀྱི། །དོན་བྱ་དེ་ལས་གྲུབ་པའི་ཕྱིར། །ཞེས་གསུངས། འོ་ན་བུམ་པ་དག་པའི་ས་ཕྱོགས་ན་བུམ་པ་མ་ཡིན་པའི་གདགས་གཞི་དངོས་པོ་ཞིག་ཡོད་དགོས་ལ། བུམ་པ་མ་ཡིན་པ་འཛིན་པའི་ཚད་མ་དེའི་གདགས་གཞིར་འཇོག་མི་རིགས་ཏེ། གདགས་གཞི་བློ་ཡུལ་དུ་འཆར་བ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེའི་གདགས་གཞི་མེད་པས་དེ་ཡོད་པ་འཇོག་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ས་ཕྱོགས་དེར་བུམ་པ་མ་ཡིན་པའི་འདུས་བྱས་ཞིག་གཞིར་བཟུང་ནས་དེ་ལ་བརྟེན་ནས་བུམ་པ་མ་ཡིན་པར་འཇོག་ནུས་པས་གོང་གི་སྐྱོན་དེ་མི་འཇུག་གོ །
ཡོངས་གྲུབ་ཀྱི་འཇོག་ཚུལ་ལ་མི་འདྲ་བར་འགའ་ཞིག་སྣང་བས། རང་ལུགས་ཀྱི་ཡོངས་གྲུབ་ལ་གཉིས་སུ་འདོད་དེ། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཉོན་སྒྲིབ་རྣམ་པར་དག་བྱེད་དང་ཤེས་སྒྲིབ་རྣམ་པར་དག་བྱེད་ཀྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་བདག་མེད་གཉིས་ཀ་ཡོངས་གྲུབ་གཅིག་པུ་ཡིན་གྱི་ཀུན་བརྟགས་དང་གཞན་དབང་གཉིས་དེ་གཉིས་ཀྱི་དངོས་ཀྱི་དམིགས་ཡུལ་མ་ཡིན་པར་བསྟན་པའི་ཕྱིར།
འོ་ན་གང་ཟག་བདག་མེད་དོན་དམ་བདེན་པ་ཡིན་པར་ཐལ། དེ་ཡོངས་གྲུབ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཐུན་ལས། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་གང་ཟག་བདག་མེད་དོན་དམ་བདེན་པར་མི་འདོད་ཅིང་གང་ཟག་གི་བདག་འགོག་པའི་རིགས་པ་ཡང་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པར་འདོད་དེ། ཞེས་གསུངས། སྟོང་ཐུན་ལས་དེ་ལྟར་གསུངས་པ་སྐབས་འདིར་སྒྲ་ཇི་བཞིན་པར་ཁས་མི་ལེན་ནོ། །སྟོང་ཐུན་སེམས་ཙམ་གྱི་སྐབས་སུ་བདག་མེད་གཉིས་ཀར་ཡོངས་གྲུབ་ཏུ་འདོད་ཀྱང་དོན་དམ་བདེན་པར་འདོད་མི་འདོད་ཀྱི་ཁྱད་པར་ཡོད་དེ། དེ་ཉིད་ལས། ཡོངས་གྲུབ་ནི་གཞན་དབང་གི་སྟེང་དུ་བདག་འཛིན་གཉིས་ཀྱིས་ཀུན་བརྟགས་པ་ལྟར་གྲུབ་པས་སྟོང་པའི་དེ་བཞིན་ཉིད་དེ། ཞེས་གསུངས། སྟོང་ཐུན་གྱི་ལུགས་ལ་ཡོངས་གྲུབ་ལ་དོན་དམ་བདེན་པ་ཡིན་པའི་མ་ཁྱབ་ཅེས་ལན་འདེབས་དགོས་འདྲ་བ་ཞིག་སྣང་ངོ་། །འོ་ན་སྟོང་ཐུན་རང་ལུགས་ལ་དེ་བཞིན་ཉིད་ཡིན་ན་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་ཡིན་དགོས་པར་ཐལ། གང་ཟག་བདག་མེད་དེ་བཞིན་ཉིད་མ་ཡིན་པའི་རྒྱུ་མཚན་ཅིག་ཡོད་པའི་ཕྱིར། དེ་ཡང་ཁྱབ་པ་མེད་དེ། སྟོང་ཐུན་གྱི་ལུགས་ལ་འགོག་བདེན་དེ་བཞིན་ཉིད་འདོད་ཀྱང་དེ་ཆོས་ཀྱི་བདག་མེད་ཀྱི་དེ་བཞིན་ཉིད་དང་གང་ཟག་གི་བདག་མེད་ཀྱི་དེ་བཞིན་ཉིད་མི་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། སྟོང་ཐུན་ལས། འགོག་བདེན་ཡིན་ན་དེ་བཞིན་ཉིད་ཡིན་པས་ཁྱབ་པར་འདོད་པ་ལ་དབུ་སེམས་ཀྱི་མཁས་པ་སུ་ཡང་མི་མཐུན་པ་མེད་དོ། །འགོག་བདེན་དེ་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་བཞིན་མ་ཡིན་ཏེ། དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཉན་རང་འཕགས་རྣམས་ཀྱིས་མངོན་སུམ་དུ་རྟོགས་པའི་ཕྱིར། ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ན་དེ་དག་གི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་དགོས་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་ནི་ཟབ་མོ་ཡིན་ལ། ཞེས་གསུངས། འགོག་བདེན་གང་ཟག་གི་བདག་མེད་ཕྲ་མོ་མ་ཡིན་ཏེ། གང་ཟག་བདག་མེད་ཀུན་རྫོབ་བདེན་པ་དང་འགོག་བདེན་བདེན་གྲུབ་ཏུ་འདོད་པའི་ཕྱིར། འགོག་བདེན་བདེན་པར་གྲུབ་པ་མ་ཡིན་ཟེར་བ་ཡང་མི་འཐད་དེ། རྩ་ཤེའི་རྣམ་བཤད་ལས། རིགས་པའི་འགྲོས་འདི་རྣམས་ཤེས་པའི་གནད་ཀྱིས་འཕགས་ཡུལ་གྱི་རང་སྡེ་དངོས་པོ་སྨྲ་བས་ཀྱང་འཁོར་འདས་ལ་བདེན་པར་གྲུབ་མ་གྲུབ་ཀྱི་ཁྱད་པར་མི་འབྱེད་མོད། ཅེས་གསུངས།
གསུམ་པ་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་ལ་དཔྱད་པ། སྤྱིར་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་ལ་དངོས་བསྟན་གྱི་དབང་དུ་བྱས་པའི་འཁོར་ལོ་གསུམ་དང་དགོངས་འགྲེལ་ལས་བསྟན་པའི་འཁོར་ལོ་གསུམ་ཞེས་ཁྱད་པར་འབྱེད་དགོས། དངོས་བསྟན་གྱི་འཁོར་ལོ་གསུམ་ནི་གནས་དང་དུས་དང་བརྗོད་བྱ་དང་གདུལ་བྱ་བཅས་གྱི་ཁྱད་པར་བཞི་ལྡན་དགོས་སོ། །དགོངས་འགྲེལ་དངོས་བསྟན་གྱི་འཁོར་ལོ་དང་པོ་ལ་མཚོན་ན་གནས་ནི་ཡུལ་ཝ་ར་ཎཱ་སིར་དྲང་སོང་སྨྲ་བ་རི་དྭགས་ཀྱི་ནགས་དང་། དུས་ནི་འཛམ་བུའི་གླིང་འདིར་ཡོངས་གྲགས་ཀྱི་ཆོས་འཁོར་བསྐོར་བའི་དུས་དང་པོ། བརྗོད་བྱ་གཙོ་བོ་ནི་བདེན་པ་བཞིའོ། །གདུལ་བྱ་ནི་ལམ་ཞུགས་ཀྱི་ཐེག་དམན་གང་ཟག་དང་གྲུབ་མཐའ་དབང་དུ་བྱས་པའི་ཐེག་དམན་གྱི་གང་ཟག་བཅས་ཁྱད་པར་བཞི་དང་ལྡན་པ་དགོས་སོ། །བར་པ་དང་མཐའ་མ་ཡང་སྔར་ལྟར་ལྡན་པ་ཞིག་ལ་འཇོག་དགོས་པ་ནི་གྲུབ་དོན་གྱི་མདོ་ཚིག་ལས་ཤིན་ཏུ་གསལ། གྲུབ་དོན་གྱི་མདོ་ལས་འཁོར་ལོ་དང་གཉིས་དྲང་དོན་དང་མཐའ་མ་ངེས་དོན་དུ་གསུངས་པས། དེ་ལ་བརྟེན་ནས་འཁོར་ལོ་གསུམ་གཙོ་བོར་བརྗོད་བྱ་བདག་མེད་བསྟན་ཚུལ་གྱི་སྒོ་ནས་འབྱེད་ཀྱི། སྔར་བཤད་པའི་ཁྱད་པར་བཞི་དང་ལྡན་པ་མི་དགོས་སོ། །དོན་བསྡུས་ན་འཁོར་ལོ་གསུམ་པོ་གང་རུང་ཡིན་ན་དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་དགོས་ཀྱི། དངོས་བསྟན་གྱི་འཁོར་ལོ་གསུམ་པོ་གང་རུང་ཡིན་པའི་མ་ཁྱབ་ཞེས་ལན་འདེབས་དགོས་པར་མངོན་ནོ། །གཟུངས་རྒྱལ་ལས་འཁོར་ལོ་གསུམ་གྱི་འཇོག་ཚུལ་ཞིག་གསུང་ཀྱང་དེ་དག་གདུལ་བྱ་གཅིག་ཉིད་ལམ་ལ་བཀྲི་ཚུལ་གྱིས་རིམ་པའི་དབང་དུ་བྱེད་ནས་འཁོར་ལོ་གསུམ་གྱི་ཐ་སྙད་བྱས་པ་ཙམ་ལས་ཁྱབ་པ་མ་ངེས་སོ། །འདི་དག་ནི་རང་གི་རྣམ་རྟོག་གི་བློ་ངོར་ཇི་ལྟར་འཆར་ཚུལ་ཙམ་བྲིས་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །
འདིར་སྨྲས་པ།
བརྗོད་བྱ་གནད་དེ་ཕྲ་ལ་རྟོགས་དཀའ་ཞིང་། །
ཁོ་བོ་ཐོས་སྦྱངས་ཤིན་ཏུ་སྟོབས་དམན་པས། །
ལུང་འགལ་སྔ་ཕྱི་མ་འབྲེལ་ཉེས་སྐྱོན་ཀུན། །
ཡེ་ཤེས་སྤྱན་ལྡན་རྣམས་ལ་འཐོལ་ཞིང་བཤགས། །
འདིས་མཚོན་རང་གཞན་དུས་གསུམ་དགེ་རྩ་ཀུན། །
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་དང། །
དཔལ་ལྡན་བླ་མ་དགྱེས་པའི་མཆོད་པ་དང། །
མ་ལུས་འགྲོ་བ་བདེ་བའི་རྒྱུ་རུ་བསྔོ། །
སྐལ་བཟང་ནོར་བུ།
