འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཉོན་སྤངས་ཐུབ་མིན་ལ་དཔྱད་པ།

འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཉོན་སྤངས་ཐུབ་མིན་ལ་མདོར་ཙམ་དཔྱད་པ།

སེམས་ཁམས་སྡེ་ཚན། ཉི་མ་རྒྱ་མཚོ།

          འཁོར་བའི་རྩ་བ་མཐར་ཐུག་དྲུང་འབྱིན་ནས། །

          སྲིད་གསུམ་ཉོན་མོངས་མ་ལུས་ཞི་བར་བྱེད། །

          གདུལ་བྱའི་སེམས་ཀྱི་སྒྲོན་མེ་འོད་གསལ་བ། །

          འདྲེན་མཆོག་ཤཱཀྱའི་གཙོ་ལ་གུས་ཕྱག་འཚལ། །

          ཐུན་མོང་ལམ་སྦྱོང་གདམས་པ་ཤར་བ་ཡིས། །

          དྲང་ངེས་རྣམ་པར་འབྱེད་ལ་མངའ་བརྙེས་པ། །

          དགོངས་དོན་ཇི་བཞིན་བཀྲལ་བར་དབང་འབྱོར་བའི། །

          དངོས་བརྒྱུད་དྲིན་ཆེན་བླ་མ་རྣམས་ལ་འདུད། །

          ཞི་རགས་རྣམ་པ་ཅན་གྱི་ལམ་ལས་ནི། །

         འདོད་པའི་ཉོན་མོངས་སྤོང་དང་མི་སྤོང་གི།

          བཞེད་ཚུལ་འདྲ་མིན་ལེགས་བཤད་ནོར་བུ་ལ། །

          ཅུང་ཙམ་དཔྱོད་པར་བྱེད་ལ་སྤྲོ་བས་འཇུག །

ཉོན་མོངས་རྣམ་སྦྱོང་གི་བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ནས་སྦྱོར་བ་མཐའི་ཡིད་བྱེད་ཀྱི་བར་དུ་དྲུག་ཕྱེ་ཞིང་། དེའི་ནང་ཚན་དུ་གྱུར་པའི་རབ་ཏུ་དབེན་པ་ཡིད་བྱེད་ཀྱིས་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་ཆེན་པོ་སྐོར་གསུམ་དང་། དགའ་བ་སྡུད་པའི་ཡིད་བྱེད་ཀྱིས་འབྲིང་སྐོར་གསུམ། སྦྱོར་བ་མཐའི་ཡིད་བྱེད་ཀྱིས་ཆུང་ངུ་སྐོར་གསུམ་སྤོང་བར་གསུངས། ཡིད་བྱེད་དྲུག་གིས་འདི་ལྟར་སྤོང་བར་མི་མཐུན་པ་མེད་ཀྱང་། འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་སྤངས་ན་འདོད་ཉོན་སྤངས་པར་འཇོག་མིན་དང་། དེ་སྤངས་པས་འདོད་པའི་སས་བསྡུས་ཀྱི་བདག་འཛིན་དང་བདེན་འཛིན་སྤངས་པར་འཇོག་ཐུབ་མིན། དེ་ལས་འཕྲོས་ནས་གཉེན་པོ་དེས་སྤང་བྱ་དེ་དང་དེ་ལ་གནོད་ཚུལ་སྐོར་ལ་མདོར་ཙམ་དཔྱད་ན་འདི་ལྟ་སྟེ།

དེའང་ཐོག་མར་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཉོན་སྤོང་དང་མི་སྤོང་བཤད་པ་ལ་འཇིག་རྟེན་པའི་ལམ་མདོར་ཙམ་བཤད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་གོ་རིམས་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ཞི་བ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་ལ། བར་ཆད་མེད་པའི་ལམ་རྣམས་ནི་རགས་པ་ལ་སོགས་པའི་རྣམ་པ་ཅན་དག་ཡིན་ནོ། །དེ་དག་ཀྱང་གོ་རིམས་བཞིན་དུ། གོང་དང་འོག་མའི་སྤྱོད་ཡུལ་ཅན། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ཅི་རིགས་པར་ས་གོང་མ་ལ་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པར་བལྟའོ། །བར་ཆད་མེད་པའི་ལམ་རྣམས་ནི་ས་འོག་མ་ལ་རགས་པ་དང་། ཐ་མ་ངན་པ་དང་། རྩིག་པ་སྟུག་པོ་ལྟ་བུར་བལྟ་སྟེ། མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེ་བ་ཉིད་ཀྱིས་མ་ཞི་བའི་ཕྱིར་རགས་པར་བལྟའོ། །གྱ་ནོམ་པ་མ་ཡིན་པའི་ཕྱིར་ཐ་མ་ངན་པར་བལྟ་སྟེ། གནས་ངན་ལེན་རབ་ཏུ་མང་བ་ཉིད་ཀྱིས་མི་མཐུན་པར་གྱུར་པའི་ཕྱིར་རོ། །རྩིག་པ་ལས་ངེས་པར་མི་འབྱུང་བ་བཞིན་དུ་དེ་ཉིད་ཀྱིས་ས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་རྩིག་པ་སྟུག་པོ་ལྟ་བུར་བལྟའོ། །དེ་དག་ལས་བཟློག་པ་ནི་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་ཅན་དག་ཡིན་ནོ། །ཞེས་གསུངས་པ་ལྟར་ན། བར་ཆད་མེད་ལམ་ནི་རགས་པའི་རྣམ་པ་ཅན་དང་། རྣམ་གྲོལ་ལམ་ནི་ཞི་བའི་རྣམ་པ་ཅན་གསུངས་པ་ལྟར་སྣང་ངོ་། །དེས་ན་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་སོགས་ཞི་རགས་རྣམ་ཅན་གྱི་བློ་རུ་གྲགས་པའང་ཕྱོགས་གཅིག་གིས་བཏགས་པའམ། ཡང་ན་གཉིས་ཀའི་རྣམ་ཅན་དུ་སྐྱེས་མིན་བརྟག་དགོས་པར་ཡོད་དོ། །

དེ་ལྟར་ཉོན་མོངས་སྤོང་པའི་གནས་སྐབས་སུ་ཁམས་དེ་དག་ལ་ཞི་རགས་ལྟ་བ་དང་། སྤངས་ཟིན་པའི་བློ་ལ་དེ་ལྟར་ལྟ་རྒྱུ་མེད་པའམ། ཉེར་བསྡོགས་ལས་དངོས་གཞི་ལ་དེ་ལྟར་ལྟ་བ་ཡོད་མེད་ཀྱང་མི་མཐུན་པར་སྣང་སྟེ། ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས། བསམ་གཏན་གྱི་དངོས་གཞི་ལ་ཞི་རགས་ཀྱི་རྣམ་པ་ཅན་གང་ནས་ཀྱང་མ་བཤད་ལ་རིགས་པས་ཀྱང་མི་འཐོབ་སྟེ། ས་གོང་འོག་ལ་ཞི་རགས་སུ་ལྟ་བ་ནི་འོག་ས་ལས་རྒྱལ་བའི་ལམ་ཡིན་ལ། དངོས་གཞི་ཟག་བཅས་ནི་སྤོང་ལམ་ཡིན་པར་འགལ་བའི་ཕྱིར་ཏེ། ཞེས་དང་། རྣམ་བཤད་སྙིང་པོའི་རྒྱན་ལས། ཞི་རགས་ཀྱི་རྣམ་པ་ཅན་གྱི་བསམ་གཏན་བཞི་པའི་དངོས་གཞི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱོར་ལམ་གྱི་སྐབས་སུ་ངེས་པར་ཐོབ་ལ། དེ་ཐོབ་ན་ལམ་གང་དཀའ་བ་ལ་བརྟེན་ནས་འདས་ལམ་སྐྱེད་པ་དགོས་པ་མེད་པའི་ཕྱིར་རོ། །གསུངས་པས་སོ། །

འདིར་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་སྤངས་ན་འདོད་ཉོན་སྤངས་པར་འདོད་པ་དང་མི་འདོད་པའི་ཕྱོགས་གཉིས་ཡོད་པ་ལས། དང་པོ་མི་འདོད་པའི་ཕྱོགས་ལ་ཤེས་བྱེད་ཀྱི་ལུང་དང་། འདོད་པ་ལ་རིགས་པས་བཀག་པ་གཉིས། དང་པོ། ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། ཀུན་དགའ་བོ་འདི་ན་ལ་ལ་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བ་སྤོང་བའི་བར་དུ་ཡིན་ལ། འདི་ལ་ཡང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ།  །དེ་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། རྫུ་འཕྲུལ་དང་ལྡན་པ། ལྷའི་མིག་དང་ལྡན་པ། གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ན་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་སེམས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལོག་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ། ལས་དེ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང་། དམྱལ་བ་ཡང་དེ་ཁོ་ན་ན་སྲིད་པའི་ཕྱིར་རོ། །

སྔོན་གྱི་མཐའ་ལ་རྟོག་པ་རྣམས་ལས་རྟག་པར་སྨྲ་བ་རྣམས་ཞེས་བྱ་བ་ནི། ཚངས་པའི་དྲ་བའི་མདོ་ལས། གང་དག་ཚེ་སྔ་མ་མཐོང་བའི་རྗེས་སུ་འབྲངས་ཏེ། དེ་ལྟ་བུའི་ལྟ་བ་སྐྱེས་པ་དེ་དག་ནི་སྔོན་གྱི་མཐའ་ལ་རྟོག་པ་ཡིན་ནོ། །དེ་ལས་རྟག་པར་སྨྲ་བ་མང་པོ་ཞིག་གསུངས་པ་དེ་དག་གི་ནང་ནས་དཔེར་བརྗོད་པ་གཅིག་ཅིག་བསྟན་པར་བྱ་སྟེ། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཀུན་དུ་སྦྱངས་པའི་རྒྱུ་དང་། སྤོང་བའི་རྒྱུ་དང་། བསྒོམ་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ལེགས་པར་ཡིད་ལ་བྱས་པའི་རྒྱུས་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་འཇིག་པ་དང་འཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང་། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་འབྱུང་ངོ་། །ཞེས་དང་།

ལེགས་བཤད་གསེར་ཕྲེང་ལས། བྱེ་སྨྲ་རྣམས་ཅི་ཡང་མེད་པ་མན་ཆད་ཀྱི་མཐོང་སྤང་དང་སྒོམ་སྤང་གི་ཉོན་མོངས་གཉིས་ཀ་དང༌། མདོ་སྡེ་པ་རྣམས་སྒོམ་སྤང་རྣམས་སྤོང་བར་འདོད་དོ།  །འོན་ཀྱང་ཞིབ་ཏུ་དཔྱད་ན་བྱིས་པས་ཞི་རགས་སུ་སྒོམ་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་མངོན་གྱུར་ཀྱང་མ་ལུས་པར་སྤོང་མི་ནུས་ཏེ། འདོད་པའི་རྟེན་ཅན་གྱི་ཉོན་ཡིད་འཕགས་ལམ་མ་ཐོབ་བར་དུ་ལྡོག་པ་མི་སྲིད་ལ། དེ་འདོད་པའི་སར་གཏོགས་པའི་སྒོམ་སྤང་གི་ཉོན་མོངས་ཡིན་པས་སོ། །དེ་ལྟར་ཡང་སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེ་ཡིའོ། །ཞེས་གསུངས། འདིས་ནི་རྟེན་དེ་ས་གང་དུ་གཏོགས་པ་དེར་དེའི་ཉོན་ཡིད་ཀྱང་ས་དེར་གཏོགས་པར་བཤད་པས་སོ། །

གཞན་ཡང་། དེ་འདྲའི་འདོད་པའི་རྟེན་ཅན་གྱི་གང་ཟག་དེའི་ཕུང་པོ་ཆོས་ཅན། ཁྱོད་འདོད་པའི་སས་བསྡུས་མ་ཡིན་པར་ཐལ། ཁྱོད་ལ་དམིགས་ནས་འདོད་པའི་སྲེད་པ་རྒྱས་པ་མེད་པའི་ཕྱིར། ཞེས་བཀོད་དོ། །གཞན་ཡང་། དགོངས་པ་རབ་གསལ་ལས། ལམ་དེས་ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་ཀྱང་། ཉོན་མོངས་མངོན་གྱུར་པ་ནི་རེ་ཞིག་འགོག་ནུས་ཏེ། ཕྱི་རོལ་པ་དང་ཐུན་མོང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱིས། ཅི་ཡང་མེད་པ་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་སྤོང་བར་མངོན་པ་ལས་གསུངས་པ་ལྟར་འདོད་དགོས་ན།  སྔར་གྱི་ལམ་གྱིས་མངོན་གྱུར་རེ་ཞིག་སྤོང་ནུས་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །ཉོན་མོངས་མངོན་གྱུར་སྤོང་ཞེས་པའི་ཉོན་མོངས་ཀྱང་། མངོན་པ་གཉིས་ནས་གསུངས་པ་ལྟར་གྱི་དམིགས་རྣམ་ཅན་གྱི་ཉོན་མོངས་ཡིན་གྱི། ལུགས་འདིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཤད་པ་དང་། དེའི་དབང་དུ་བྱས་པའི་ལྟ་བ་དང་ལྟ་མིན་གྱི་ཉོན་མོངས་མངོན་པ་ལས་བཤད་ཚུལ་ལས་གཞན་རྣམས་ནི་མངོན་གྱུར་ཡང་སྤོང་བར་མི་ནུས་སོ། ། མངོན་པ་ནས་བཤད་པའི་སྲིད་རྩེའི་སས་བསྡུས་པའི་ཉོན་མོངས་མངོན་གྱུར། ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་མི་ནུས་ཀྱང་།  སྔར་བཤད་པའི་གང་ཟག་གི་བདག་མེད་རགས་པ་རྟོགས་པའི་ལམ་ལ་གོམས་པར་བྱས་པས་སྤོང་ནུས་སོ། །དེ་དག་གིས་ནི་འགྲེལ་པར་དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་བའི་ཉོན་མོངས་ཀྱི་སྤོང་གཉེན་དུ་བཤད་པའི་ལམ་རྣམས། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དང་འདྲ་བ་དང་། ཕྱི་རོལ་པ་བཞིན་དུ་ཉོན་མོངས་ཐམས་ཅད་སྤོང་མི་ནུས་པར་གསུངས་པ་རྣམས་གསལ་བར་བསྟན་ཏོ། །ཞེས་སོགས་ཁུངས་སུ་དྲངས་སོ། །

གཉིས་པ་འདོད་པ་ལ་རིགས་པས་གནོད་བྱེད་བསྟན་པ་ནི། ཁམས་གོང་འོག་ལ་ཞི་རགས་སུ་ལྟ་བའི་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཡོན་ལྔ་ལ་ཆགས་པའི་ཆགས་པ་རགས་པ་སྤང་ཐུབ་པར་བཤད་དུ་རུང་ཡང་། དེ་དག་གི་རྩ་བར་གྱུར་པའི་བདག་འཛིན་མ་རིག་པ་དེ་ཇི་ལྟར་འགོག་པའམ་ཉམས་དམས་པ་བྱེད་ཅིང་གནོད་དམ། དེ་ལྟར་འགོག་པར་བདག་འཛིན་གྱི་ཞེན་ཡུལ་སུན་འབྱིན་པ་ཞིག་མི་དགོས་སམ་ཞེས་དང་། བསམ་གཟུགས་བརྒྱད་ཀ་ཐོབ་ལ་མ་ཉམས་པའི་འདོད་པའི་རྟེན་ཅན་གྱི་ཕྱི་རོལ་པ་དེས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་ཐམས་ཅད་སྤོང་བར་འདོད་པས། འོ་ན་དེ་འདྲའི་ཕྱི་རོལ་པའི་རྒྱུད་ལ་རང་རྒྱུད་ཀྱི་ང་དང་ང་ཡི་བ་ལ་དམིགས་ནས་དེ་བདག་ཏུ་གྲུབ་པར་འཛིན་པའི་འཛིན་པ་ཀུན་བཏགས་དང་། རང་རྒྱུད་ཀྱི་ང་དང་ང་ཡི་བ་བདག་ཏུ་གྲུབ་པར་ཁས་ལེན་པའི་ཁས་ལེན་ཡོད་དམ་མེད།

དང་པོ་ལྟར་ན། དེ་ཁམས་གསུམ་གང་གི་སས་བསྡུས་སམ། འདོད་པའི་སས་བསྡུས་ཡིན་ན་དེའི་རྒྱུད་ལ་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ།  དེས་དེ་སྤངས་པའི་ཕྱིར། ཁྱབ་སྟེ། འདོད་པའི་སས་བསྡུས་ཀྱི་བདག་འཛིན་དེ་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ཡིན་པའི་ཕྱིར། དེ་བཞིན་དུ་ཅི་ཡང་མེད་མན་ཆད་ཀྱི་བར་དུ་མཚུངས་ལ། དེ་སྲིད་རྩེའི་སས་བསྡུས་ཀྱི་ཉོན་མོངས་ཡིན་པར་འདོད་མི་ནུས་ཏེ། ཁྱོད་འདོད་པའི་རྟེན་ཅན་གང་ཞིག་དེའི་དམིགས་པ་རང་རྒྱུད་ཀྱི་བདག་ཕུང་ཡིན་པའི་ཕྱིར། ཁྱབ་སྟེ། གོང་མའི་ཉོན་མོངས་ཀྱིས་འོག་མའི་ཆོས་ལ་མི་དམིགས་པ་ཆོས་མངོན་པའི་སྤྱི་སྐད་ཡིན་པའི་ཕྱིར། ཞེས་དང་། དགོངས་པ་རབ་གསལ་དུ་གསུངས་པ་བཞིན། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པ་རྟོགས་པའི་བློ་དེ་ཇི་ཙམ་སྒོམ་ཀྱང་བདེན་འཛིན་གྱི་དམིགས་རྣམ་ཅན་གྱི་བློ་འཇོམས་མི་ཐུབ་ལ། དེ་ལྟར་འཇོམས་མི་ཐུབ་ན་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་བློས་འཇོམས་ཐུབ་པ་ལྟ་ག་ལ་ནུས། དེ་ལྟར་འཇོམས་མི་ནུས་པའི་རྒྱུ་མཚན་ནི་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་མི་ནུས་པས་ཡིན་ལ། དེ་ལྟར་གང་ཟག་བདག་འཛིན་གྱི་ཞེན་ཡུལ་མེད་པར་མ་རྟོགས་ན་གང་ཟག་བདག་འཛིན་མངོན་གྱུར་བའི་མགོ་གནོན་སྟངས་མེད་པ་ལྟར། བསམ་གཏན་གྱི་དངོས་གཞི་ཐོབ་པས་འཇིག་རྟེན་པའི་སྒོམ་སྤངས་དུ་གྱུར་བའི་འདོད་ཉོན་སྤངས་ནའང་འདོད་པའི་སས་བསྡུས་ཀྱི་བདག་འཛིན་སྤངས་པར་འཇོག་མི་ནུས་པས། འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་པའི་སས་བསྡུས་ཀྱི་བདག་འཛིན་ལ་གནོད་སྟངས་ཇི་ལྟར་ཡོད་དེ་ཅུང་ཟད་ཀྱང་མེད་པའི་ཕྱིར། ཞེས་སོགས་ཀྱིས་བཀག་གོ །

འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་དང་འདོད་ཉོན་ལ་ཁྱད་པར་མི་འབྱེད་པར་འཇིག་རྟེན་ཞི་རགས་རྣམ་ཅན་ཀྱི་ལམ་གྱིས་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་དང་འདོད་ཉོན་སྤང་བར་འདོད་པ་རྣམས་ཀྱི་ཁུངས་ནི། བློ་གསལ་འགྲོད་པའི་ཐེམ་སྐས་ལས། བྱེ་བྲག་ཏུ་སྨྲ་བ་བསེ་རུ་ལྟ་བུ་ནི། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །དེའི་སྔོན་དུ་ཐར་ཆ་མཐུན། །ཞེས་པ་ལྟར། བསམ་གཏན་བཞི་པ་ལ་བརྟེན་ནས་སྦྱོར་ལམ་མཐོང་ལམ་བསྒོམ་ལམ་མི་སློབ་ལམ་ཀུན་སྟན་གཅིག་ལ་བསྐྱེད་པ་ཡིན་པས་ན། སོ་སོ་སྐྱེ་བོ་དང་དགྲ་བཅོམ་པ་རྟེན་གཅིག་པ་གཅིག་ཁས་ལེན་དགོས་ཏེ། འདོད་ཉོན་དགུ་པ་མ་སྤངས་པར་བསམ་གཏན་གྱི་དངོས་གཞི་མི་ཐོབ་ལ། དེ་ཐོབ་ན་ཁམས་གསུམ་ཆར་གྱི་དགུ་པ་སྤངས་པས་དགྲ་བཅོམ་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བསེ་རུ་ལྟ་བུ་ཡིན་ན་ངེས་པར་ཅིག་ཅར་བ་ཡིན་པ་འགལ་བ་ཡིན་ནོ། །དེས་ན་འབྲས་བུ་ཐོད་རྒལ་བའི་ཟླས་དྲངས་པའི་མཐར་གྱིས་པ་ནི་འབྲས་བུ་མཐར་གྱིས་པ་ཡིན་ཏེ། མཛོད་འགྲེལ་ལས། རྫས་སུ་ནི་རྣམ་པ་ལྔ་སྟེ་ཞུགས་པ་དང་པོ་དང་འབྲས་བུ་ལ་གནས་པ་བཞིའོ། །ཞུགས་པ་ལྷག་མ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ། །ཞེས་གསུངས།

འདི་ནི་བོད་སྔ་རབས་པའི་མཁས་པ་ཁ་ཅིག་གི་འདོད་པ་བཀག་པའི་སྐབས་ཡིན་ལ། དེ་ཡང་བསེ་རུ་ལྟ་བུའི་རང་རྒྱལ་སྤང་བྱ་ཅིག་ཅར་བ་ཡིན་པར་འདོད་ན། སྲིད་རྩེའི་ཉོན་མོངས་སྤོང་པའི་སོ་སྐྱེ་ཡོད་པར་ཁས་ལེན་དགོས་པར་ཐལ་བ་དང་། དེས་ན་སོ་སྐྱེ་ཆགས་བྲལ་ཁས་ལེན་དགོས་པར་ཐལ་བའི་སྐྱོན་དུ་གསུངས་པ་ཡིན་ལ། དེ་བཞིན་དུ། ལེགས་བཤད་གསེར་ཕྲེང་ལས། ཁ་ཅིག་རང་རྒྱལ་བསེ་རུ་ལྟ་བུ་ནི་ཅིག་ཅར་བའོ་ཞེས་སྨྲ་བ་ནི་ཆེས་མི་རིགས་ཏེ། དེ་ལྟ་ཡིན་ན་སོ་སྐྱེ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཞིག་ཁས་བླངས་དགོས་ཏེ། བསེ་རུ་ལྟ་བུ་ནི་སྦྱོར་ལམ་སྐྱེད་པ་ན་བསམ་གཏན་བཞི་པ་ལ་བརྟེན་ནས་སྐྱེད་ལ། བསམ་གཏན་གྱི་དངོས་གཞི་ཐོབ་ན་འདོད་བའི་སྒོམ་སྤང་དགུ་པ་ཡང་སྤང་དགོས་པས་ཁམས་གསུམ་གའི་དགུ་པ་སྤང་དགོས་པས་སོ། །དེས་ཅིག་ཅར་བ་ཕྱིས་རང་རྒྱལ་དུ་སོང་བ་གཅིག་སྲིད་ཀྱི་བསེ་རུ་ཡིན་ན་ཅིག་ཅར་བར་ངེས་པར་འགལ་བ་ཡིན་ནོ། །ཞེས་རང་རྒྱལ་བསེ་རུ་ལྟ་བུ་ལ་སྤང་བྱ་ཅིག་ཅར་བ་ཁས་ལེན་ན་མི་འགྲིག་སྟེ། བསེ་རུ་ལྟ་བུའི་སྦྱོར་ལམ་སྐྱེ་བར་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་སྐྱེ་དགོས་པ་གང་ཞིག །འདོད་ཉོན་དགུ་པ་སྤངས་པས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་སོ་སྐྱེ་ཞིག་ཁས་ལེན་དགོས་པར་ཐལ་བའི་སྐྱོན་དུ་གསུངས་ལ། འདི་དག་ནི་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་བློས་འདོད་ཉོན་སྤངས་པར་འདོད་པའི་ཁུངས་སུ་དྲངས།

དེ་ལྟར་ཡང་འདོད་པ་རིགས་པའི་སྒྲུབ་བྱེད་ནི། དྲངས་མ་ཐག་པའི་ལུང་དེ་དག་ལ་བརྟེན་པས། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་སྤངས་བར་འདོད་ལ། དེ་ལྟར་དེའི་སས་བསྡུས་ཀྱི་ཉོན་མོངས་སྤངས་ལ་བདག་འཛིན་མི་སྤོང་བའི་གནས་མེད་པར་འདོད་པ་ཡིན།

གཞན་ཡང་། སྔར་གྱི་ཆོས་ཅན་དེ་ག་རང་ལ་བསམ་ནའང་བསམ་གཟུགས་བརྒྱད་ཀ་ཐོབ་ལ་མ་ཉམས་པའི་འདོད་པའི་རྟེན་ཅན་གྱི་ཕྱི་རོལ་པ་དེའི་རྒྱུད་ཀྱི་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་དེས་འདོད་པའི་སས་བསྡུས་ཀྱི་བདག་འཛིན་ལ་ཆེད་དུ་སྐྱོན་ལྟ་མ་མྱོང་ཡང་། དེའི་རྒྱུད་ལ་འདོད་པའི་སས་བསྡུས་ཀྱི་བདག་འཛིན་ཀུན་བཏགས་མེད་མོད། དེའི་རྒྱུད་ལ་གང་ཟག་གི་བདག་འཛིན་ཀུན་བཏགས་མེད་པ་ཡང་མ་ཡིན་ཏེ། སྲིད་རྩེའི་སས་བསྡུས་ཀྱི་འཇིག་ལྟ་ཀུན་བཏགས་ཡོད་པ་གང་ཞིག །སྲིད་རྩེའི་རྟེན་ཅན་རང་དུ་དེའི་སས་བསྡུས་ཀྱི་འཇིག་ལྟ་གང་ཡང་མེད་པས། དེས་ན་བསམ་གཟུགས་བརྒྱད་ལས་མ་ཉམས་པའི་འདོད་པའི་རྟེན་ཅན་གྱི་སོ་སྐྱེའི་རྒྱུད་ཀྱི་འཇིག་ལྟ་དེ་ལས་འོས་མེད་པར་འདོད་པ་ཡིན། ཡང་འདི་ལ། དེ་འདྲའི་སོ་སྐྱེ་དེའི་རྒྱུད་ཀྱི་བདག་འཛིན་དེ་ཁམས་གསུམ་གང་གི་ཡང་སས་བསྡུས་མ་ཡིན་པར་འདོད་མཁན་ཡོད་དོ། །

གོང་དུ་བཤད་པ་དེ་དག་ལས་འཕྲོས་ནས་གཉེན་པོ་དེས་སྤང་བྱ་དེ་དང་དེ་ལ་གནོད་ཚུལ་གྱི་སྐོར་མདོར་ཙམ་དཔྱད་པ་ནི། དང་པོའི་འདོད་པ་ལྟར་ན་གཉེན་པོ་དེ་དང་དེས་སྤང་བྱ་དེ་དང་དེ་ལ་གནོད་ཚུལ་ལ། སྤང་བྱ་དེ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པས་གནོད་པ་ཞིག་དང་། སྤང་བྱ་དེའི་རྩ་བ་ལ་གནོད་པས་སྤང་བྱ་དེ་ལ་གནོད་ཚུལ་གཉིས་ལས་མ་འདས་ཤིང་། ཁམས་གོང་འོག་ལ་ཞི་རགས་སུ་ལྟ་བའི་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་གྱིས་འདོད་པའི་སས་བསྡུས་ཀྱི་གང་ཟག་བདག་འཛིན་ལ་གནོད་པ་བྱེད་ཚུལ་དེ་གཉིས་གང་གིས་ཀྱང་མ་བསྡུས་པའི་ཕྱིར། དེས་ན་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཉོན་སྤངས་ཚུལ་མེད་པར་འདོད་པ་ཡིན། དེ་ལྟ་ནའང་གཉེན་པོ་དེས་སྤང་བྱ་དེ་ལ་གནོད་པ་ལ་ངེས་པར་དུ་དེ་གཉིས་གང་རུང་ཡིན་དགོས་པར་མི་སེམས་ཏེ། མངོན་གྱུར་པ་རེ་ཞིག་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པ་དེའང་གནོད་པ་ཡིན་ཏེ། དཔེར་ན། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲ་བཏགས་འཛིན་ཀུན་བཏགས་ལ་གནོད་པ་བཞིན་ཡིན་པའི་ཕྱིར། དེ་ལྟར་གནོད་པ་དེ་ཡང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། རྗེས་དཔག་དེས་སྒྲ་རྟག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པ་ངེས་ཀྱང་ལྷན་སྐྱེས་མངོན་གྱུར་འཇོམས་མི་ནུས་ཀྱི་བྱེད་པའི་འདུ་བྱེད་མ་ཉམས་ན། ཀུན་བརྟགས་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པས་དེ་ལ་དངོས་སུ་གནོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

དེས་ན་སྤོང་བ་ལའང་མི་དགོས་ཏེ། འཇིག་རྟེན་ཞི་རགས་རྣམ་ཅན་ཀྱི་ལམ་ལ་བརྟེན་ནས་སྤོང་བ་ཞིག་དང་། ཟག་མེད་ལམ་ཀྱི་སྟོབས་ཀྱིས་སྤོང་པ་གཉིས་ཡོད་པ་ལས། དང་པོས་མངོན་འགྱུར་པ་རེ་ཞིག་མགོ་གནོན་པ་ཙམ་དང་ཕྱི་མས་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་ས་བོན་དང་བཅས་པ་སྤང་ཚུལ་ལ་འཇོག་ན་འཐད་དོ་སྙམ། འོ་ན་གཉེན་པོ་དེས་སྤང་བྱ་དེར་གནོད་ཚུལ་ལ་གོང་དུ་བཤད་པ་ལྟར། སྤང་བྱ་དེ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པས་གནོད་པ་ཞིག་དང་། སྤང་བྱ་དེའི་རྩ་བ་ལ་གནོད་པས་སྤང་བྱ་དེ་ལ་གནོད་སྟངས་གཉིས་ལས་མ་འདས་པར། གཉེན་པོ་དེའི་སྟོབས་ཀྱིས་སྤང་བྱ་དེ་རེ་ཞིག་མངོན་གྱུར་པ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པ་ལའང་གནོད་ཚུལ་ཞིག་འཐད་སྙམ་པས་དཔྱད་པར་བྱའོ། །

ཕྱི་ལོ་ ༢༠༢༥ ཟླ་ ༠༧ ཚེས་ ༡༨ ཉིན་གྲུབ།

སེམས་ཁམས་ལོ་རིམ་གཉིས་པ། ཉི་མ་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *