རིགས་ཀྱི་རྣམ་གཞག་མདོར་ཙམ་དཔྱད་པ།
ལྟ་གྲུབ་སྡེ་ཚན། ཚ་བ་བློ་བཟང་ཉི་མ།
གྲུབ་མཐའ་བཞིའི་རིགས་ཀྱི་སྐོར་ལ་མདོར་ཙམ་དཔྱད་པ།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །
རྒྱལ་བསྟན་སྐྱོང་ཕྱིར་མི་ཡི་ཚུལ་གཟུང་བ། །
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཞེས། །
རྒྱལ་སྲས་སེམས་པ་ཆེན་པོ་ཁྱེད་ལ་འདུད། །
ཅེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས། བླ་ནས་གནང་བའི་བརྗོད་གཞི་ནི། ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་ལས་བྱུང་བའི་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཡི་རིགས་ཀྱི་རྣམ་གཞག་ཡིན་ལ། དེའི་སྐོར་རང་གི་རྨོངས་བློར་འཆར་ཚུལ་ཙམ་ཞིག་འབྲི་བ་ལ། སྡེ་ཚན་གསུམ་སྟེ། ཉན་ཐོས་སྡེ་གཉིས་ཀྱི་རིགས་ཀྱི་རྣམ་གཞག་དང་། སེམས་ཙམ་པའི་རིགས་ཀྱི་རྣམ་གཞག །དབུ་མ་པའི་ལུགས་ཀྱི་རིགས་ཀྱི་རྣམ་གཞག་དང་གསུམ་ཡོད།
དང་པོ་ལ་ཡང་བྱེ་བྲག་སྨྲ་བའི་ལུགས་ཀྱི་རིགས་ཀྱི་རྣམ་གཞག་དང་། མདོ་སྡེ་པའི་རིགས་ཀྱི་རྣམ་གཞག་གཉིས། དང་པོ་ལའང་རིགས་ཀྱི་དོན་དང་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་དོན་ནི། རང་གི་འབྲས་བུར་གྱུར་པའི་འཕགས་པའི་རྟོགས་པའི་ཉེར་ལེན་བྱེད་པའི་སེམས་ཅན་རྒྱུད་ཀྱི་སེམས་བྱུང་མ་ཆགས་པའི་དགེ་བ་དེ། སངས་རྒྱས་ཀྱི་རིགས་སུ་འཇོག །
སློབ་དཔོན་དབྱིག་གཉེན་གྱིས་མཛོད་རྩ་བ་ལས། བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ། ཞེས་གསུངས་པ་ལྟར། ཐབས་གང་གིས་བདེན་པ་གསར་དུ་མཐོང་བ་དང་མཐོང་ཟིན་གོམས་པར་གྱུར་པ་ལ་ནི། དེའི་རྒྱུ་ལ་རྣམ་པ་དུ་མ་དགོས་པ་ཡིན་ཏེ། སེམས་རྣམ་པ་མ་གཡེང་པར་ཕུན་སུམ་ཚོགས་པའི་སོར་ཐར་རིགས་བདུན་ལ་སོགས་པ་གང་ཡང་རུང་བ་ཞིག་ལེགས་པར་བླངས་ཤིང་སྲུང་བའི་ཚུལ་ཁྲིམས་ལ་ཡང་དག་པར་གནས་པ་དང་། དེ་ལ་བརྟེན་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་འབྱུང་ལ། རྒྱུ་གཉིས་པོ་དེ་གཉིས་ལ་བརྟེན་ནས་དམ་པའི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་བསྐྱེད་པ་དང་། དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཟད་པའི་མྱང་འདས་ཐོབ་དགོས་པར་བཞེད། དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་ཕྱིར།
དེ་ལྟ་བུའི་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དེ་ཡང་། འདོད་ཆུང་ཆོག་ཤེས་ཀྱི་ཉམས་ལེན་བྱེད་པ་ལས་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་འབྱུང་། དེ་ལས་སེམས་རྣམ་པ་མི་གཡེང་བ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་བསླབ་པ་འབྱུང་། བསླབ་པ་དང་པོ་གཉིས་ལས་བདེན་པ་དངོས་སུམ་དུ་མཐོང་བའི་ཤེས་རབ་གྱི་བསླབ་པ་འབྱུང་བས་བྱེ་བྲག་སྨྲ་བའི་ལུགས་ལ་སངས་རྒྱས་ཀྱི་རིགས་རྒྱུད་ལྡན་གྱི་གང་ཟག་དེ་ལ་ངེས་པར་དུ་བསླབ་པ་གསུམ་གྱི་ཉམས་ལེན་ཕུན་སུམ་ཚོགས་པ་འབྱུང་བས། མ་ཆགས་པའི་སེམས་བྱུང་དེ་ལ་ཐར་པའི་རིགས་སམ་ས་བོན་ཞེས་འདོད། གཉིས་པ་རིགས་ལ་དབྱེ་བ་བཞི་ཡོད་དེ། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། མལ་ཆ་དང་སྟན་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤོང་བ་དང་བསྒོམས་པ་ལ་དགའ་བ་འཕགས་པའི་རིགས་རྣམས་སུ་ཡོད། རིགས་ལ་དབྱེ་བ་བཞི་བཞག་པའི་རྒྱུ་མཚན་ནི། སྲེད་པ་དེ་ལ་བཞི་ཡོད་པས་དེ་ཡི་གཉེན་པོ་རིགས་ལ་ཡང་བཞི་འཇོག་པ་ཡིན།
གལ་ཏེ་དང་པོ་གསུམ་ཆོག་ཤེས་པའི་རང་བཞིན་ཡིན་མོད། ཕྱི་མ་དེ་སེམས་བྱུང་མ་ཆགས་པའི་དགེ་བ་མ་ཡིན་སྙམ་ན་དེ་ནི་མ་ཡིན་ཏེ། ཕྱི་མ་ནི་སྲིད་པའི་ཟག་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་གཉེན་པོ་ཡིན་པའི་ཕྱིར། རིགས་བཞི་པོ་དེ་ཡང་བསྡུས་ན་གཉིས་སུ་འདུ་ཏེ། རིགས་དང་པོ་གསུམ་བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ་བརྒྱུད་ནས་བསྐྱེད་བྱེད་ཀྱི་ཐབས་དང་། རིགས་བཞི་པ་དེ་དེ་དངོས་སུ་བསྐྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །
གཉིས་པ་མདོ་སྡེ་པའི་ལུགས་ལ་རིགས་ཀྱི་དོན་དང་། དབྱེ་བ་སོགས་དམིགས་བསལ་མང་པོ་ཡོད་པ་མཐོང་ཐོས་མ་བྱུང་བས་འདི་དང་འདི་ཞེས་ཞུ་ཤེས་པ་དཀའ། འོན་ཀྱང་། མདོ་སྡེ་པའི་རིགས་ཀྱི་ངོ་བོ་ནི། ཡིད་ཀྱི་རྣམ་པ་ཤེས་པའི་སྟེང་གི་ཟག་མེད་སེམས་ཀྱི་ས་བོན་དེ་རིགས་སུ་འཇོག་གི་ཡོད་པ། སློབ་དཔོན་རྒྱལ་པོའི་སྲས་ལས། །མདོ་སྡེ་པ་དག་གིས་ནི་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་གྱི་ནུས་པ་ཡིན་ནོ། །སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་གསུངས་སོ། །འོན་ཀྱང་། མདོ་སྡེ་པའི་ལུགས་ལ་རྒྱལ་པོའི་སྲས་ཀྱིས་ལུང་། ཤེས་བྱེད་དུ་དྲངས་པ་ཡིན་ན་གནད་ལ་འཁེལ་བ་ཞིག་གཏན་ནས་ཡོང་གི་མེད། ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་པ་ནི་བྱེ་བྲག་སྨྲ་བའི་བཏགས་པའི་དགྲ་བཅོམ་པ་སྤངས་རྟོགས་ལས་ཡོངས་སུ་ཉམས་པའི་སོ་སྐྱེའི་རྒྱུད་ལ་རིགས་ཡོད་པའི་སྒྲུབ་བྱེད་ཡིན་པས། མདོ་སྡེ་པས་སྤངས་རྟོགས་ཡོངས་སུ་ཉམས་པའི་དགྲ་བཅོམ་པ་ཡོད་པ་གཏན་ནས་མི་འདོད་པའོ། །ལེགས་བཤད་རིན་པོ་ཆེ་གསེར་གྱི་འཕྲེང་བ་ལས། མདོ་སྡེ་པས་སྐྱེ་མཆེད་དྲུག་གི་ཁྱད་པར་སྒྲིབ་པ་སྤང་དུ་རུང་བ་འདོད་ཅེས་འཆད་པ་ལ་ནི་ཤེས་བྱེད་མ་མཐོང་ངོ་། །ཞེས་གསུངས་པས། དེ་ལ་ལྟོས་ན། གོང་དུ་དྲངས་པའི་ཤེས་བྱེད་དེ་ཁུངས་ལུང་བགྲང་པ་ཙམ་ལས་ཤེས་བྱེད་འགྲོ་སའི་གནས་མེད་པའི་དོན་ཡིན། ཡང་གལ་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་པ་དེ། ཟག་མེད་སེམས་ཀྱི་ས་བོན་དེ་སོ་སྐྱེ་དང་སློབ་པའི་གནས་སྐབས་ན་མངོན་དུ་མ་འགྱུར་པ་དང་དགྲ་བཅོམ་པ་དང་སངས་རྒྱས་ཀྱི་གནས་སྐབས་ན་ཟག་མེད་ཡེ་ཤེས་ཡོངས་སུ་མངོན་དུ་གྱུར་པའི་དོན་དུ་འགྲེལ་ན། རྒྱལ་པོའི་སྲས་ལས་དྲངས་པའི་གཞུང་ཚིག་དེ་དམིགས་བསལ་འབྲེལ་བ་ཅི་ཡང་མེད། དོན་དུ་མདོ་སྡེ་པའི་ལུགས་ལ་རིགས་ཀྱི་རྣམ་གཞག་འཆད་སྟངས་འདི་འདྲ་ཞིག་གཏན་ནས་ཡིན་མི་སྲིད་སྙམ། །
སེམས་ཙམ་པའི་རིགས་ཀྱི་རྣམ་གཞག་འཇོག་ཚུལ་ནི། མདོ་ལས་གསུངས་ཚུལ་དང་། རྗེ་བཙུན་བྱམས་མགོན་དང་འཕགས་པ་ཐོགས་མེད་སོགས་ཀྱིས་བསྟན་བཅོས་ཀྱི་འགྲེལ་ཚུལ་གཉིས།
དང་པོ་ནི། ལང་གཤེགས་ལས། བློ་གྲོས་ཆེན་པོ་གཞན་ཡང་མངོན་པར་རྟོགས་པར་འགྱུར་བའི་རིགས་ལྔ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟར། ཉན་ཐོས་ཀྱི་ཐེག་པའི་རྟོགས་པར་འགྱུར་བའི་རིགས་དང་། དེ་བཞིན་དུ་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་ལ་སྦྱར་བ་དང་། གང་དུའང་མ་ངེས་པའི་རིགས་དང་། རིགས་མེད་པ་དང་ལྔའོ། ། ཞེས་ཐེག་པ་གསུམ་གྱི་རིགས་དང་། མ་ངེས་པ་དང་། རིགས་མེད་པའམ་རིགས་ཆད་པ་བཅས་དབྱེ་བ་ལྔ་ཡོད་དོ། །
གཉིས་པ་ནི། མདོ་སྡེ་རྒྱན་ལས། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམས་གཉིས་དང་རྣམ་པ་བཞི། །ཞེས་སོགས་ཐེག་གསུམ་གྱི་རིགས་དང་དེའི་དབྱེ་བ་སོགས་བསྟན་པར་མཛད། ལུགས་འདི་ལ་གྲུབ་མཐའ་གོང་མ་དང་མི་འདྲ་བ་རང་བཞིན་གནས་རིགས་འདུས་བྱས་སུ་འདོད་པ་ཡིན་ལ། རང་བཞིན་གནས་རིགས་འདུས་བྱས་བཞེད་པའི་ཁུངས་ནི། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས། རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་སེམས་ཅན་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་ཟག་མེད་ཡེ་ཤེས་བསྐྱེད་བྱེད་ཀྱི་ནུས་པ་ལ་རིགས་སུ་འདོད་པས་འདུས་བྱས་སོ་ཞེས་སོགས་གསུངས་པའི་ཕྱིར།
ཉན་ས་ལས།
རང་བཞིན་དང་ནི་དེ་རྣམ་གཞག །
རྟགས་རྣམས་དང་ནི་གང་ཟག་དག །
དེ་དག་ཐམས་ཅད་མདོར་བསྡུས་ཏེ། །
རིགས་ཀྱི་ས་ནི་ཤེས་པར་བྱ། །
ཞེས་ཉན་ཐོས་ཀྱི་རིགས་ཀྱི་རང་བཞིན་དང་། དེའི་རྣམ་གཞག་དང་། དེ་ཐོབ་པའི་རྟགས། རིགས་དེ་ལ་གནས་པའི་གང་ཟག་དང་བཅས་པ་བཞིའི་སྒོ་ནས་བཤད་པ་ལ། ཉན་ཐོས་ཀྱི་རིགས་ཀྱི་རང་བཞིན་ནམ་ངོ་བོ་ནི། ཀུན་གཞིའི་སྟེང་གི་ཉན་ཐོས་ཀྱི་བྱང་ཆུབ་བསྐྱེད་པའི་ནུས་པ་གང་ཞིག། ནང་གི་སྐྱེ་མཆེད་དྲུག་གི་ཁྱད་པར་ཉན་ཐོས་ཀྱི་ཡོན་ཏན་གནས་པ་དང་འཕེལ་བྱེད་དུ་རུང་བའི་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་འོང་བ་དེ། ཉན་ཐོས་ཀྱི་རིགས་ཀྱི་རང་བཞིན་ཡིན། དེའི་རྣམ་གཞག་ནི། ཉན་ཐོས་ཀྱི་རང་བཞིན་གནས་རིགས་དེ་ཉིད་རྒྱུ་ཙམ་ལ་གནས་ཤིང་རང་འབྲས་མ་བསྐྱེད་པའི་དུས་སུ་རྟོགས་པར་དཀའ་བས་ཕྲ་བ་དང་། རང་འབྲས་སྐྱེད་པའི་ཚེ་ན་རགས་པ། དེ་ཉིད་སྐྱེ་མཆེད་དྲུག་གི་ཁྱད་པར་གྱི་གནས་སྐབས་ལ་མིང་བརྡ་དང་ཐ་སྙད་ཀྱིས་བཏགས་པས་སྐྱེ་མཆེད་དྲུག་ལས་ཐ་དད་དུ་མེད་པར་འདོད་ལ། རིགས་དེ་ཐོག་མ་མེད་པ་ནས་ཡོད་ཀྱང་མྱ་ངན་ལས་མི་འདའ་ནི། ཉོན་མོངས་པའི་སྒྲིབ་པ་ཉེས་པ་དེ་དག་ཡོད་པའི་དབང་གིས་ཡིན་པར་བཤད།
ཉན་ཐོས་ཀྱི་རིགས་སད་པའི་རྟགས་ནི། རང་གི་ལུས་ལ་ཆགས་ཞེན་ཆུང་བ་དང་། འཁོར་བའི་གནས་ལ་སྐྱོ་ཤས་ཆེ་བ། བདེན་བཞིའི་བླང་དོར་ཐོས་ཤིང་སེམས་པ་ན་ལུས་ཀྱི་བ་སྤུ་ལྡང་ཞིང་མིག་ནས་མཆི་མ་འབྱིན་པ་དང་། ལུས་སྲོག་ལ་ཐུག་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་མི་གཏོང་བ་སོགས་ཡོན་ཏན་དུ་མ་ཞིག་ཡོད། ཉན་ཐོས་ཀྱི་རིགས་དང་ལྡན་པའི་གང་ཟག་ལ་དབང་པོའི་སྒོ་ནས་དབང་པོ་རྣོ་འབྲིང་རྟུལ་གསུམ་ཡོད་པས་ཐེག་པ་གཞན་གཉིས་ལ་ཡང་དབྱེ་བ་སོགས་མཚུངས་པ་ཡིན།
མདོ་སྡེ་རྒྱན་ལས་དཔེ་དགུ་དང་དོན་དགུའི་སྒོ་ནས་ཐེག་པ་ཆེན་པོའི་རིགས་ཀྱི་རྣམ་པ་བཞག་པའི་སྐབས་སུ།
ཡོད་དང་མཆོག་དང་མཚན་ཉིད་དང་། །
རྟགས་དང་རིགས་རབ་དབྱེ་བ་དང་། །
ཉེས་དམིགས་དང་ནི་ཕན་ཡོན་དང་། །
དཔེ་རྣམ་གཉིས་དང་རྣམ་པ་བཞི། །
ཞེས་སོགས་ཀྱི་སྐབས་སུ་རིགས་ཀྱི་ངོ་བོ་ལ་སོགས་པའི་སྡེ་ཚན་དགུ་ལས། དང་པོ་རིགས་ཀྱི་ངོ་བོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཀྱི་ངོ་བོ་ནི། ཐོག་མར་མེད་པ་ནས་བརྒྱུད་དེ་འོང་བ། ཆོས་ཉིད་ཀྱིས་ཐོབ་པ། སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་པ་ལྟར་རང་བཞིན་གནས་རིགས་ནི་འཁོར་བ་ཐོག་མ་མེད་པ་ནས་ཡོད་པ་དང་། ད་ལྟའི་བར་དུ་རྒྱུན་མ་ཆད་པར་འོང་བ་དང་། དེ་ཡང་འཇོག་བྱེད་ལ་མ་ལྟོས་པར་སེམས་ལ། ངོ་བོ་ཉིད་ཀྱི་གནས་པ་ཡིན་ཞེས་པ་དེ་དང་ཆོས་ཉིད་ཀྱིས་ཐོབ་པ་ཞེས་པའི་ཚིག་གཉིས་པོ་དེ་ནང་པའི་འགྲོས་དང་ཅུང་མི་མཐུན་པ་ཡོང་གི་འདུག་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། དགེ་སྡིག་སྤང་བླང་གང་དང་གང་ཡིན་ན་འཇོག་བྱེད་ནི། ཕྱིའི་ལུས་ངག་དང་ནང་གི་ཀུན་སློང་ལ་ངེས་པར་དུ་འབྲེལ་དགོས་པ་ཡིན། ལྷག་པར་དུ་ཟག་མེད་སེམས་ཀྱི་ས་བོན་ལ་དེ་ལས་ཀྱང་དགེ་སོགས་གཞན་དང་མི་འདྲ་བ་འཇོག་བྱེད་དགེ་བ་དེ་ནུས་པ་ཧ་ཅང་ཆེ་ཞིང་སྟོབས་ཆེ་བ་ཞིག་དགོས་པ་ལས། འཇོག་བྱེད་ཀྱི་རྒྱུ་མེད་པ་ལས་འབྱུང་ན། དེ་ཡང་ཡ་མཚན་ཅན་འདྲ་ཞིག་མཐོང་། མདོ་དང་དགོངས་འགྲེལ་འགའ་ཤས་ལས། བསྐལ་པ་འཇིག་པའི་ཚེ། སེམས་ཅན་སྐྱེ་བ་དང་འཆི་བའི་གནས་མེད་པའི་དབང་གིས་འདོད་པ་ལས་སྐྱེ་ཡུལ་གནས་མེད་པས། བསམ་གཏན་གྱི་དངོས་གཞིའི་ཆོས་ཉིད་སྟོབས་ཀྱིས་འདོད་པའི་གང་ཟག་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་དགོས་རིགས་གང་ཡིན་པ་དེ་དག་ཆོས་ཉིད་སྟོབས་ཀྱིས་བསམ་གཏན་དངོས་གཞི་ཐོབ་པ་ཡོད་ཚུལ་གསུང་གི་ཡོད་པ་འདྲ། ཆོས་ཉིད་སྟོབས་ཀྱིས་བསམ་གཏན་དངོས་གཞི་ཐོབ་མཁན་དེ་དང་། འཇོག་བྱེད་ལ་མ་ལྟོས་པ་ཟག་མེད་ཡེ་ཤེས་ཀྱི་ས་བོན་ཡོད་པ་ཁས་ལེན་པ་གཉིས་ཀྱི་གཞི་རྩའི་མི་འདྲ་བ་འཇོག་ལུགས་སོ་སོ་ནས་ཡོད།
ཡང་མདོ་སྡེ་རྒྱན་ལས།
ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡིན། །
ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །
ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །
དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །
ཞེས་རིགས་ཆད་དེ་ལ་རྩ་བའི་དབྱེ་བ་གཉིས་ཏེ། དེའི་དུས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང་། གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང་གཉིས་ལས། དེའི་དུས་སུ་མྱ་ངན་ལས་མི་འདའ་བ་དེ་ལ་བཞི་སྟེ། མཚམས་མེད་ཀྱི་ལས་ལ་སོགས་པའི་ཉེས་པ་འབའ་ཞིག་ལ་སྤྱོད་པའི་སེམས་ཅན་དང་། ལས་འབྲས་ལ་སོགས་པ་མེད་པར་ལྟ་བས་རང་རྒྱུད་ཀྱི་དགེ་རྩ་བཅོམ་པའི་སེམས་ཅན་དང་། ཐར་པ་ཆ་མཐུན་གྱི་དགེ་བ་མི་ལྡན་པའི་སེམས་ཅན་དང་། ཐར་པའི་ཕྱོགས་ཀྱི་དགེ་བ་ཆུང་ངུ་ཙམ་ཡོད་ཀྱང་ཚོགས་གཉིས་ཡོངས་སུ་རྫོགས་པར་གསོག་པ་ལ་བརྩོན་པ་མེད་པས་རེ་ཞིག་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང་བཞི་དང་། དེ་བཞིན་དུ། གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་སེམས་ཅན་ནི། རང་རྒྱུད་ལ་རང་བཞིན་གནས་རིགས་མེད་པས་དུས་ནམ་ཡང་བྱང་ཆུབ་གསུམ་པོ་གང་ཡང་འཐོབ་མི་སྲིད་པའི་སེམས་ཅན་དང་བཅས། རིགས་ཆད་མི་འདྲ་བ་ཁག་ལྔ་མདོ་སྡེ་རྒྱན་དང་སློབ་དཔོན་དབྱིག་གཉེན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་པ་གཉིས་ལས་གསུངས་པ་ཡིན། མཚམས་མེད་ཀྱི་ལས་ལ་སོགས་པ་བྱེད་པའི་སེམས་ཅན་ཀྱི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་བ་མི་ལྡན་པ་འདོད་པ་དེ་ཡང་མི་འཐད་པ་ཡིན་ཏེ། རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པའི་མཚམས་མེད་ཀྱི་ལས་བྱས་པ་གང་ཞིག། ཚེ་འདི་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མདོ་དང་དགོངས་འགྲེལ་མང་དག་ཞིག་གི་ནང་ནས་ཡོད་པ་མཁྱེན་པར་མཛོད། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ནི། ངེས་པའི་ཚོགས་ལ་གནས་པ་ཡིན་པས་དེ་དག་གི་རྐྱེན་རྙེད་ཀྱང་རུང་། མ་རྙེད་ཀྱང་རུང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྐལ་བ་མེད་པ་ཁོ་ན་ཡིན་ཟེར་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་རུང་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་པ་དང་དཔལ་ཕྲེང་སེང་གེའི་མདོ་ལས། བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཅེས་གསུངས་པ་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་པ་དང་། འཕགས་པ་ཐོགས་མེད་ཀྱི་རྒྱུད་བླའི་ཐོགས་འགྲེལ་ལས། སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །
རིགས་པས་སྒྲུབ་པ་ནི།
མཐར་ཐུག་ཐེག་པ་གསུམ་དང་། རིགས་ཆད་ཀྱི་སེམས་ཅན་ཡོད་པ་བཞེད་པ་མི་རིགས་པ་ཡིན་ཏེ། དེ་ལྟ་ན་རིགས་པའི་གནོད་བྱེད་མཐའ་ཡས་པ་འབྱུང་བའི་ཕྱིར།
སེམས་ཅན་འཁོར་བ་ལ་འཆིང་བྱེད་ཀྱི་རྩ་བ་བདག་འཛིན་མ་རིག་པ་ཁོ་ན་ཡིན་པའི་ཕྱིར་དང་། ཐར་པ་མྱང་འདས་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ཡིན་ཏེ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས།
གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །
སོ་སོར་དེ་བཏགས་གལ་ཏེ་བསྒོམ་པ་ནི། །
འབྲས་བུ་མྱ་ངན་འདའ་ཐོབ་རྒྱུ་དེ་ཡིན། །
རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར་། །
ཞེས་དང་། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་དང་རྒྱལ་ཚབ་ཐམས་ཅད་མཁྱེན་པས། གང་རང་གི་རྒྱུའི་རིགས་ལ་གནོད་བྱེད་ཀྱི་གཉེན་པོ་སྟོབས་ལྡན་ཡོད་ན་རང་གི་རིགས་རྒྱུན་ཟད་པའི་སྐབས་ཡོད་པས་ཁྱབ། དཔེར་ན་རྒྱུ་གྲང་རེག་ལ་གནོད་བྱེད་སྟོབས་ལྡན་དམིགས་པས་གྲངས་འབྲས་སྤུ་ལོང་བྱེད་ཡོངས་སུ་ཟད་པའི་སྐབས་ཡོད་པ་བཞིན། སྡུག་བསྔལ་གྱི་ཕུང་པོ་འདིའི་རྒྱུ་ལའང་གནོད་བྱེད་ཀྱི་གཉེན་པོ་སྟོབས་ལྡན་དམིགས་སོ་ཞེས་དང་། རྣམ་འགྲེལ་ལས།
དེ་ནི་གཏན་དུ་བ་མིན་ཏེ། །
རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
དེས་ན་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་བདག་འཛིན་གྱི་གཉེན་པོ་ཡིན་ཏེ། སློབ་དཔོན་གྱིས།
སྟོང་ཉིད་ལྟ་དང་དེ་འགལ་ཡིན། །
དེ་ཡི་རང་བཞིན་ཉེས་ཀུན་དང་། །
འགལ་བར་རབ་ཏུ་གྲུབ་པ་ཡིན། །
ཞེས་གསུངས་པ་ལྟར། བདག་མེད་རྟོགས་པའི་ཤེས་རབ་དེ་ཉེས་པ་ཀུན་གྱི་རྩ་བ་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་ཞིང་། རང་གི་འཛིན་སྟངས་ཡུལ་གྱི་གནས་ཚུལ་ལ་ཞུགས་པས། དེ་ཉིད་གོམས་ན་སེམས་རྒྱུད་ལ་འབྲལ་མི་ཤེས་བའི་ཚུལ་དུ་གནས་ལ། རྒྱུ་མཚན་དེས་ན་བདག་མེད་རྟོགས་པའི་ཤེས་རབ་འདི། བདག་འཛིན་སོགས་ཀྱི་ཉེས་པ་ཀུན་འཇོམས་བྱེད་ཀྱི་གཉེན་པོ་ཉིད་དུ་གྲུབ་བོ། །
གལ་ཏེ་བདག་མེད་གོམས་སྟོབས་ཀྱིས་ཉེས་པ་ཐམས་ཅད་འགགས་པའི་སེམས་རྒྱུད་དེ་གསེར་གྱི་སྲ་བ་བཞིན་སླར་ཉེས་ཚོགས་ཀྱི་ངོ་བོར་མི་འགྱུར་ཏེ། བདག་མེད་རྟོགས་པའི་ཤེས་རབ་དེ་སེམས་ཀྱི་རང་བཞིན་ནམ་གཤིས་སུ་འབྲལ་མེད་དུ་གནས་པའི་ཕྱིར་རོ། །དཔེར་ན་བུད་ཤིང་མེ་ཡིས་བསྲེགས་ཏེ་ཐལ་བར་བྱས་པས་སླར་བུད་ཤིང་གི་ངོ་བོར་འགྱུར་མི་སྲིད་པ་བཞིན་ནོ། །དེས་ན་སྐབས་འདིར་ལམ་བདེན་བཤད་སྐབས་སུ་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་སྲིད་པའི་རྩ་བ་གཅོད་བྱེད་དང་། འགོག་པ་ཐོབ་བྱེད་ཀྱི་ལམ་ཉིད་དུ་གཙོ་བོར་བསྟན་པ་ཡིན་ཏེ།
རྣམ་འགྲེལ་ལས།
སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །
སྒོམ་པ་ལྷག་མ་དེ་དོན་ཡིན། །
དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །
སྡུག་བསྔལ་ལས་ནི་བདག་མེད་གསུངས། །
ཞེས་པ་ལྟར། མཐར་གཏུགས་ན་བདག་མེད་རྟོགས་པའི་ལྟ་བ་འདི་ལ་བརྟེན་ནས་སྡུག་ཀུན་གཉིས་ཀྱི་རྩ་བ་ཡོངས་སུ་བཅད་པས་མཐར་འགོག་པ་ཞི་བ་གྱ་ནོམ་པ་སོགས་ཀྱི་བདག་ཉིད་ཅན་གྱི་ཐར་པ་འཐོབ་དགོས་པ་ཡིན་ནོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ནས་གསུངས་པའི་དབུ་མ་པའི་རིགས་ཀྱི་རྣམ་གཞག་འཇོག་ཚུལ་བཤད་པ་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོ་ཞེས་མང་དུ་གསུངས་པ་ལས་འཕྲོས་ནས་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་བྱང་ཆེན་ཞེས་བགྱི་བའི་ཚིག་གི་དོན་གང་ལགས་ཞེས་པ་ནས་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་དོན་མེད་པའོ་ཞེས་སོགས་གསུངས།
དེའི་དོན་འཆད་པའི་སྒོ་ནས་རིགས་བཅུ་གསུམ་གྱི་དབྱེ་བ་བསྟན་པ་ལ། མངོན་རྟོགས་རྒྱན་ལས།
རྟོགས་པ་ཡི་ནི་ཆོས་དྲུག་དང་། །
གཉེན་པོ་དང་ནི་སྤོང་བ་དང་། །
དེ་དག་ཡོངས་སུ་གཏུགས་པ་དང་། །
ཤེས་རབ་སྙིང་བརྩེར་བཅས་པ་དང་། །
སློབ་མ་ཐུན་མོང་མིན་ཉིད་དང་། །
གཞན་གྱི་དོན་གྱི་གོ་རིམ་དང་། །
ཡེ་ཤེས་རྩོལ་བ་མི་མངའ་བར། །
འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་ཚིགས་བཅད་གཉིས་གསུངས་སོ། །
རིགས་ཡོད་པ་གང་ལས་ཤེས། གཏན་ཚིགས་གང་ཡིན་ཟེར་ན། ཆོས་བཅུ་པའི་མདོ་ལས།
དུ་བ་ལས་ནི་མེར་ཤེས་དང་། །
ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །
རིགས་ནི་མཚན་མ་དག་ལས་ཤེས། །
ཞེས་གསུངས་པ་ལྟར། རྟགས་དང་མཚན་མ་ལས་ཤེས་པ་དང་། ཤེས་བྱེད་ཀྱི་མཚན་མ་ནི། དབུ་མ་ལ་འཇུག་པ་ལས་བསྟན་པ་ལྟར། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་རིགས་སད་པའི་རྟགས་དང་ཕན་ཡོན་དང་། སེམས་ཅན་ཐམས་ཅད་འཚང་རྒྱ་རུང་བ་དང་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་པའི་གནད་དམ་པ་འདི་ལ་ངོས་འཛིན་དགོས།
རིགས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱི་སྐུར་འགྱུར་རུང་དེ་ཡིན། དེའི་དོན་ནི་སངས་རྒྱས་ཀྱི་རིགས་ཞེས་པ་དེ་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྟེང་དུ་ཡོད་པའི་གློ་བུར་གྱི་དྲི་མ་མཐའ་དག་འབྲལ་རུང་དང་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་རུང་གི་གཞི་གང་ཞིག། གནས་གྱུར་མཐར་ཕྱིན་པ་ན་སངས་རྒྱས་ཀྱི་སྐུར་གྱུར་པ་དེ་ལ་འཇོག།
སངས་རྒྱས་ཀྱི་རིགས་དེ་ལ་གཉིས་ལས། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་སོ། །དང་པོའི་མཚན་ཉིད་ནི། རང་གི་རྟེན་ཆོས་སུ་གྱུར་པའི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་གང་ཞིག །ངོ་བོ་ཉིད་སྐུར་འགྱུར་རུང་དང་། སངས་རྒྱས་ཀྱི་རིགས་གང་ཞིག །འདུས་བྱས་ཀྱི་སངས་རྒྱས་ཀྱི་སྐུར་འགྱུར་རུང་ཞེས་མཚན་ཉིད་རིམ་བཞིན་འཇོག།
དང་པོ་དེ་ལ་སྐབས་འདིར་མ་བསྟན་པ་དང་བསྟན་པ་གཉིས། དང་པོ་ནི་ལམ་མ་ཞུགས་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད། གཉིས་པ་ལ་ཐེག་པ་གསུམ་གྱི་རིགས་གསུམ་དུ་བཤད་པ་ཡིན། ཐེག་ཆེན་གྱི་རིགས་དེ་ལ་གཉིས་ལས། སྐབས་འདིར་དངོས་སུ་མ་བསྟན་པ་ནི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཆོས་ཉིད་དང་། དངོས་སུ་བསྟན་པ་ནི་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་སྦྱོར་ལམ་ཐོབ་མྱོང་བའི་སེམས་དཔའི་རྒྱུད་ཀྱི་རིགས་དང་དོན་གཅིག་ཅེས་སོགས་གསུངས།
རང་རེའི་ཡིག་ཆ་ལས་དོགས་དཔྱོད་འདི་འདྲ་ཞིག་ཡོད། ཁ་ཅིག ། ཆོས་དབྱིངས་གང་ཞིག ། ཐེག་ཆེན་སྒྲུབ་པའི་རྟེན་གཞིར་བྱེད་པ། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། བདེན་འཛིན་གྱི་ཆོས་ཉིད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིན་དེའི་ཕྱིར། འདོད་ན། བདེན་འཛིན་ངོ་བོ་ཉིད་སྐུ་འགྱུར་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་འཛིན་ཡེ་ཤེས་ཆོས་སྐུར་འགྱུར་རུང་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། ཤེས་སྒྲིབ་ཡིན་པའི་ཕྱིར།
དེའི་མཚམས་སུ། རྟོགས་དཀའ་བའི་གནད་དོན་གཅིག་ནི། ཤེས་སྒྲིབ་ཡིན་ན་ཡེ་ཤེས་ཆོས་སྐུའི་ངོ་བོར་འགྲོ་རུང་མ་ཡིན་པའི་ཁྱབ་ཟེར་བ་དེ་ཡིན། སོ་སོ་རང་ཉིད་ནས་ཁས་ལེན་བྱེད་སྟངས་ནི། མདོ་ལས་དགེ་སློང་དག་སེམས་ལ་སེམས་མ་འཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སོགས་ཀྱི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྣམ་གཞག་བཅུའི་སྒོ་ནས་ཁམས་བདེ་གཤེགས་སྙིང་པོ་ཡོད་པར་བསྒྲུབས་པ་དང་། ཆོས་དབྱིངས་སྟོད་པ་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། དྲི་མ་འཚིག་འགྱུར་གོས་མིན་ལྟར། ཞེས་གསུངས་པ་ལྟར། རྡོ་རྒྱུས་ཀྱི་གོས་དྲི་མ་ཅན་མེར་བཅུག་པ་ན། མེས་དྲི་མ་ཚིག་ཀྱང་གོས་མི་འཚིག་པ་ལྟར། སེམས་ཀྱི་དྲི་མ་ཡེ་ཤེས་ཀྱི་མེས་བསྲེགས་པ་ན་དྲི་མ་བསྲེགས་པ་ཡིན་གྱི་འོད་གསལ་བའི་སེམས་མེད་པར་མི་འགྱུར་བའི་དོན་ལ་འཆད་དགོས་པ་ཡིན། བདེན་འཛིན་ལ་སོགས་པ་ཤེས་པ་གང་ཡིན་ཡང་ངོ་བོ་གསལ་རིག་ཙམ་དེ། ཐོག་མཐའ་མེད་པ་འགྲོ་འོང་གི་བྱ་བ་བྱེད་པ་ལས་རྒྱུན་འགག་པ་དང་རིགས་རྒྱུན་ཆད་པའི་རྣམ་གཞག་ཁས་ལེན་པ་ནི་ཕལ་ཆེར་མི་འཐད་པར་སེམས། མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་གོམས་བྱེད་ཡན་ལག་དང་མ་བྲལ་པར་གོམས་པར་བྱས་ན། གོམས་བྱའི་ཡུལ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པར་འགྱུར་ཏེ། ཁྱེད་རྟེན་བརྟན་ཅིང་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར།
དེ་ཡང་རྟེན་བརྟན་པའི་དོན་ནི། རྟེན་ནི་སེམས་གསལ་རིག་ཙམ་ཡིན་ལ། དེ་བརྟེན་པར་གང་གིས་སྒྲུབ་ན། རིག་པ་ཙམ་གྱི་ཡ་མཐའ་མ་མཐའ་ཐུག་མེད་དུ་སྒྲུབ་པའི་སྒོ་ནས་ཡིན་ཏེ། ཞེས་དང་། མཐའ་གཞན་འགོག་པའི་རིགས་པ་དེ་དག་ལ་བརྟེན་ནས་ཤེས་པའི་ཉེར་ལེན་བྱེད་པར་གྲུབ་པ་དང་། དེ་ལྟར་རིག་པའི་ཡ་མཐའ་དང་མ་མཐའ་ཐུག་པ་མེད་པ་གྲུབ་པ་དང་། སྐྱེ་བ་སྔ་ཕྱི་ཡོད་པ་ཡང་ལེགས་པར་གྲུབ་པ་ཡིན་ནོ། །
ཞེས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན་པ་དེ་རྣམ་པར་དག་པའི་ཚད་མས་གྲུབ་པ་ལེགས་པར་འཇོག་ཤེས་ན་བདེན་འཛིན་སྣང་ངོར་གང་ལ་ཞེན་པ་དེ་དག་ལོག་ནས་འོད་གསལ་གྱི་རང་བཞིན་གང་ཡིན་པ་དེ་རྣམ་པར་དག་པའི་སངས་རྒྱས་ཀྱི་སར་འགྲོ་བ་ཡིན་ཞེས་ཁས་ལེན་ན་དོན་ལ་གནས་སམ་སྙམ།
སྲིད་ཞིའི་གཙུག་རྒྱན་༸གོང་ས་ཡིད་བཞིན་ནོར། །
རང་བཙན་རྒྱལ་མཚན་རྩེ་མོར་མྱུར་མཆོད་ཅིང་། །
གང་གི་མཛད་ཕྲིན་དགོས་འདོད་ཀུན་འཇོ་བས། །
ཁྲི་ཕྲག་བགྲང་བྱར་འགྲོ་ཀུན་འཚོ་གྱུར་ཅིག །
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ལ་བྲིས་པ་ཡིན།
ལྟ་གྲུབ་ལོ་རིམ་དང་པོ། ཚྭ་བ་བློ་བཟང་ཉི་མ།
