གྲུབ་དོན་ས་གསུམ་གྱི་ནང་ཚན་ས་ལམ་གྱི་སྐབས་སུ་དོགས་པ་ཅུང་ཟད་དཔྱད་པ།
ལྟ་གྲུབ་སྡེ་ཚན། རྣམ་རྒྱལ།
ཆོས་རྣམས་སྟོང་པར་རྟེན་འབྲེལ་བསྟན་བྱས་ཤིང་། །
སྟོན་པ་ཟླ་མེད་ཐུབ་པའི་དབང་པོ་ལ། །
ལུས་ངག་ཡིད་གསུམ་གུས་པས་བསྟེན་བྱས་ནས། །
ས་ལམ་དོགས་གནད་ཅུང་ཙམ་བརྗོད་པར་བྱ། །
ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་འཆད་པ་འདིའི་སྐབས་སུ། རང་རེའི་ས་ལམ་ཆུང་བ་ལས། སེམས་ཙམ་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་བདེན་གྲུབ་དེ་འཕགས་པའི་མཉམ་གཞག་གི་གཞལ་བྱར་འདོད་པ་དང་། དབུ་བ་པས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་དེའི་གཞལ་བྱར་འདོད། ཅེས་དབུ་སེམས་གཉིས་ཀྱི་ལུགས་སོ་སོར་འགོད་ནས། སེམས་ཙམ་པའི་ལུགས་མི་འཐད་ཅིང་དབུ་མ་པའི་ལུགས་འཐད་པར་འགྲེལ་ཆེན་གྱི་ལུང་ཤེས་བྱེད་དུ་བཀོད་ནས་སྒྲུབ་བོ། །
དེས་ན་འདིའི་སྐབས་སུ་དབུ་མ་པའི་ལུགས་འཐད་པར་སྒྲུབ་པ་ལ་དོགས་དཔྱོད་དང་། སྐྱོན་མེད་ཀྱི་ལན་གཉིས་ལས། དང་པོ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་དུ་རྟ་གླང་སྣང་བའི་ཤེས་པ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ཡང་ཤེས་པ་ཡིན་ནོ། །ཞེས་དབུ་མ་པས་བཀོད་པའི་རྟགས་འདི་རང་བཞིན་གྱི་རྟགས་ཡང་དག་ཏུ་འཐད་པ་ཡིན་ཞིང་། གཏན་ཚིགས་འདི་ཕྱོགས་ཆོས་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བའི་སྐྱོན་ཡང་ཡོད་པ་མ་ཡིན་ཏེ། དམིགས་པ་མངོན་སུམ་མ་ཡིན་ན། དོན་སྟོང་རབ་ཏུ་གྲུབ་མ་ཡིན། ཞེས་བྱ་བས་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ལ། ཞེས་ཕྱོགས་ཆོས་གྲུབ་ཅིང་རྟགས་ཡང་དག་ཡིན་ཟེར་བ་ཡིན་པར་ཐལ། འདོད་ན། དམིགས་པ་མངོན་སུམ་མ་ཡིན་ན། །དོན་སྟོང་རབ་ཏུ་གྲུབ་མ་ཡིན། །ཞེས་པའི་དོན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ཉམས་མྱོང་རང་རིག་མངོན་སུམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྟོགས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རང་ཡུལ་བདེན་སྟོང་མི་རྟོགས་པའི་སྐྱོན་དུ་འགྱུར་ལ་ཞེས་འགྲེལ་དགོས་པ་ཡིན་པའི་ཕྱིར། ཚད་མ་ཡིན་ན་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཚད་མ་རང་ཉིད་རྟོགས་མི་དགོས་པས། དམིགས་པ་མངོན་སུམ་མ་ཡིན་ན་ཞེས་པའི་དམིགས་ཚུལ་དེ་རྟོགས་ཚུལ་ལ་མ་སྦྱར་ཟེར་བ་ཡང་མི་འཐད་དེ། ཚད་མ་ཡིན་ན་རང་མྱོང་རང་རིག་མངོན་སུམ་གྱིས་རང་ཉིད་རྟོགས་དགོས་པའི་ཕྱིར་ཏེ། རྒྱལ་ཚབ་རིན་པོ་ཆེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གསུམ་པར། རང་རྒྱུད་ཀྱི་ཚད་མ་ཡིན་ན་ངེས་པར་རང་རིག་མངོན་སུམ་ཚད་མས་གྲུབ་དགོས་པས། སོ་སོ་སྐྱེ་བོའི་རྒྱུད་ལ་ཡིད་ཀྱི་མངོན་སུམ་ཡོད་ཀྱང་ཡིད་ཀྱི་མངོན་སུམ་ཚད་མ་མེད་ལ། ཞེས་གསུངས་ཤིང་། དེ་བཞིན་དུ་ལེའུ་གཉིས་པར། རང་ཡོད་ཙམ་དུ་རང་མྱོང་རང་རིག་མངོན་སུམ་གྱིས་རང་སྟོབས་ཀྱིས་མ་རྟོགས་པ་ཚད་མར་མི་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར།
དེས་ན་དམིགས་པ་མངོན་སུམ་མ་ཡིན་ན། །ཞེས་པའི་ལུང་དང་ཐར་ལམ་གསལ་བྱེད་ཀྱི་ལུང་རྣམས་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་མྱོང་རང་རིག་མངོན་སུམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྟོགས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རང་ཡུལ་རྟོགས་མི་ནུས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་མྱོང་རང་རིག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་ཤིང་། རྟགས་དེའི་ཕྱོགས་ཆོས་རང་རིག་མངོན་སུམ་གྱིས་གྲུབ་པ་ཡིན་ཟེར་བ་ཡིན་པར་ཐལ། འདོད་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་གིས་ཁྱོད་མ་རྟོགས་ན་ཁྱོད་ཀྱིས་རང་ཡུལ་རྟོགས་མི་ནུས་པ་ཡིན་པར་ཐལ། འདོད་ན། ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཁྱོད་ཉམས་མྱོང་རང་རིག་མངོན་སུམ་གྱིས་ཁྱོད་མ་རྟོགས་ན་ཁྱོད་ཀྱིས་རང་ཡུལ་བདག་མེད་རྟོགས་མི་ནུས་པ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཁྱོད་ཀྱིས་རང་ཡུལ་དུ་གྱུར་པའི་བདག་མེད་མ་རྟོགས་པར་ཐལ། ཁྱོད་ཉམས་མྱོང་རང་རིག་མངོན་སུམ་གྱིས་ཁྱོད་མ་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། འོ་ན་ཉན་ཐོས་སྦྱོར་ལམ་ཆོས་མཆོག་པས་མི་རྟག་པ་མངོན་སུམ་དུ་རྟོགས་པར་ཐལ། དེའི་རྒྱུད་ཀྱི་སྦྱོར་ལམ་ཆོས་མཆོག་ཉམས་མྱོང་རང་རིག་མངོན་སུམ་གྱིས་སྦྱོར་ལམ་ཆོས་མཆོག་རྟོགས་པ་གང་ཞིག ། ཉན་ཐོས་གྱི་སྦྱོར་ལམ་ཆོས་མཆོག་དེ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར། རྟགས་གྲུབ་པ་ཡང་ཡིན་ཏེ། མཛོད་ལས། དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཅེས་གསུངས་པའི་ཕྱིར།
གཞན་ཡང་། རྒྱང་འཕེན་པའི་རྒྱུད་ཀྱི་དུ་བའི་རྟགས་ལས་དུ་ལྡན་ལ་ལ་མེ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་དུ་ལྡན་ལའི་མེ་མ་རྟོགས་པར་ཐལ། ཁྱོད་ཉམས་མྱོང་རང་རིག་མངོན་སུམ་གྱིས་ཁྱོད་མ་རྟོགས་པའི་ཕྱིར། རྟགས་མ་གྲུབ། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཁྱོད་རྟོགས་པ་ཡིན། དེས་དེ་ལྟར་རྟོགས་ཀྱང་རང་རྒྱུད་ལྡན་གྱི་རྒྱང་འཕེན་པས་དུ་ལྡན་ལའི་མེ་རྟོགས་པའི་རྗེས་དཔག་མ་རྟོགས། ཞེས་རང་རིག་མངོན་སུམ་གྱིས་རྟོགས་ན་རང་རྒྱུད་ལྡན་གྱི་གང་ཟག་གིས་རྟོགས་མི་དགོས་ཟེར་ནས་ཁྱད་པར་འབྱེད་པ་ཡང་མི་རིགས་ཏེ། དེ་ལྟར་ན་སོ་སྐྱེའི་རྒྱུད་ཀྱི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་པ་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཁྱོད་རྟོགས་ན། སོ་སྐྱེ་ཡིས་བདག་མེད་མངོན་སུམ་དུ་རྟོགས་དགོས་ཤིང་། དེ་ལྟར་ན་སོ་སྐྱེ་འཕགས་པར་ཐལ་དགོས་པ་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་རིགས་རྒྱན་ལས། གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སོ་སྐྱེའི་ཤེས་པ་ཆོས་ཅན། རང་རིག་མངོན་ཚད་མས་གྲུབ་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། སོ་སྐྱེ་ཆོས་ཅན། འཕགས་པར་ཐལ། རང་རྒྱུད་ཀྱི་མངོན་སུམ་གྱིས་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་པ་གྲུབ་པའི་ཕྱིར། རྟགས་ཁས། ཞེས་གསུངས་པའི་ཕྱིར།
གཉིས་པ་སྐྱོན་མེད་ཀྱི་ལན་ནི། གོང་དུ་བཀོད་པའི་སྐྱོན་དེ་དག་ནི། དམིགས་པ་མངོན་སུམ་མ་ཡིན་ན་ཞེས་སོགས་དང་ཐར་གསལ་གྱི་ལུང་རྣམས་ལ་བརྟེན་ནས་བྱུང་བས་ན། དམིགས་པ་མངོན་སུམ་མ་ཡིན་ན། །ཞེས་པའི་དོན་ནི་འདི་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་མྱོང་ན། མི་རྟོག་ཡེ་ཤེས་ཀྱིས་རང་ཡུལ་དུ་གྱུར་པའི་བདེན་སྟོང་རྟོགས་མི་ནུས་ཞེས་པའི་དོན་ཡིན། ཐར་ལམ་གསལ་བྱེད་ཀྱི་ལུང་དེ་དག་གི་དོན་ནི་ཤིན་ཏུ་འགྲེལ་དཀའ་བར་སྣང་ཞིང་། འོན་ཀྱང་གུས་པ་རང་གིས་འོལ་ཚོད་ཀྱི་ལན་ནི། ལུང་དེ་དག་གི་དོན་ནི་ཚད་མ་གང་ཡིན་ཐམས་ཅད་ལ་རང་མྱོང་རང་རིག་གིས་རྟོགས་དགོས་པའི་དོན་མིན་ཞིང་། འོ་ན་ཅི་ཡིན་ཞེ་ན། ཡུལ་ལམ་གང་ཟག་དང་དུས་རྣམས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཚད་མ་སྤྱི་ཙམ་པ་ཡིན་ན་རང་མྱོང་རང་རིག་མངོན་སུམ་གྱིས་རྟོགས་དགོས་ཞེས་པའི་དོན་ཡིན། དེས་ན་གོང་གི་སྐྱོན་རྣམས་ནི་རང་ལུགས་ལ་མི་འཇུག་གོ །
དོགས་པ་གཞན་ཡང་། འོ་ན་དབུ་མ་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་རྟགས་འདི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཟེར་བ་ཡིན་པར་ཐལ། འདོད་ན། དེ་མ་ཡིན་པར་ཐལ། དེ་འདྲ་བའི་རྟགས་དེ་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཏེ། རྟགས་དེའི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། དེར་ཐལ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འོ་ན་ཤེས་པ་ཡིན་ན་བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བུམ་འཛིན་མིག་ཤེས་ཆོས་ཅན།བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པར་ཐལ།ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་བུམ་པ་ལ་དམིགས་པའི་རྒྱུ་མཚན་གྱིས་བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་ཟེར་བ་ཡིན་པར་ཐལ།འདོད་ན། བུམ་འཛིན་མིག་ཤེས་ཆོས་ཅན།ཁྱོད་ཀྱིས་བདེན་པས་སྟོང་པའི་རང་ཡུལ་རྟོགས་པར་ཐལ། ཁྱོད་ཀྱིས་བུམ་པ་རྟོགས་པའི་ཕྱིར། འདོད་ན། བུམ་འཛིན་མིག་ཤེས་ཆོས་ཅན།ཁྱོད་ཀྱིས་བདེན་པས་སྟོང་པའི་རང་ཡུལ་དངོས་སུ་རྟོགས་པར་ཐལ། དེ་ལ་དམིགས་པ་གང་ཞིག །དེ་རྟོགས་པའི་ཕྱིར། འདོད་ན། བདེན་པས་སྟོང་པའི་རང་ཡུལ་ཆོས་ཅན། དངོས་པོ་ཡིན་པར་ཐལ། བུམ་འཛིན་མིག་ཤེས་ཀྱིས་ཁྱོད་དངོས་སུ་རྟོགས་པའི་ཕྱིར། མ་ཁྱབ་ན། གཟུགས་འཛིན་དབང་མངོན་ཆོས་ཅན། ཁྱོད་ཀྱིས་དངོས་སུ་རྟོགས་པའི་ཆོས་ཡིན་ན་ཡང་དངོས་པོ་ཡིན་མི་དགོས། བུམ་འཛིན་མིག་ཤེས་ལ་དེ་ལྟར་མི་དགོས་པ་གང་ཞིག་རྒྱུ་མཚན་མཚུངས་པའི་ཕྱིར།འདོད་ན། དཔེ་ཆ་དང་འགལ། དེ་ལྟར་ཡང་རང་རེའི་རྗེ་བཙུན་གྱི་སྐབས་དང་པོའི་མཐའ་དཔྱོད་ལས།གཟུགས་འཛིན་དབང་པོའི་མངོན་སུམ་གྱི་གཞལ་བྱ་ཆོས་ཅན།ཁྱོད་དངོས་པོ་ཡིན་པར་ཐལ།གཟུགས་འཛིན་དབང་པོའི་མངོན་སུམ་གྱིས་ཁྱོད་དངོས་སུ་རྟོགས་པའི་ཕྱིར། ཞེས་གསུངས་པ་དང་། དེ་བཞིན་དུ་ཡོངས་འཛིན་རིན་པོ་ཆེའི་བློ་རིག་ལས། རྟོག་པའི་སྣང་ཡུལ་དང་རྟག་པ་དོན་གཅིག །མངོན་སུམ་གྱི་སྣང་ཡུལ་དང་དངོས་པོ་དོན་གཅིག །ཅེས་གསུངས་པ་རྣམས་ཀྱང་དྲན་པར་བྱའོ། །
གཞན་ཡང་།ཤེས་པ་ཡིན་ན་བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པས་ཁྱབ་པར་ཐལ། འདོད་ན། སེམས་ཙམ་པའི་རྒྱུད་ཀྱི་འཁོར་ལོ་ཐ་མ་འཛིན་པའི་ཤེས་པ་ཆོས་ཅན། ཁྱོད་ཀྱིས་བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པར་ཐལ།ཤེས་པ་ཡིན་པའི་ཕྱིར། འདོད་ན།དེས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་ལ་དམིགས་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།དེས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་རྟོགས་པར་ཐལ།དམིགས་པ་ནི་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན་སེམས་ཙམ་པས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་རྟོགས་པར་ཐལ། དེའི་རྒྱུད་ཀྱི་ཤེས་པས་དེ་རྟོགས་པའི་ཕྱིར། འདོད་ན། སེམས་ཙམ་པས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་ཁས་ལེན་པར་ཐལ།དེས་དེ་རྟོགས་པའི་ཕྱིར།མ་ཁྱབ་ན།རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མ་ཉམས་མྱོང་རང་རིག་མངོན་སུམ་དེ་སྣང་ལ་མ་ངེས་པའི་བློ་ཡིན་དགོས་པའི་རྒྱུ་མཚན་དེ།རྒྱང་འཕེན་པའི་རྒྱུད་ཀྱི་དེ་འདྲའི་རང་རིག་དེས་རྗེས་དཔག་རྟོགས་ན། རྒྱང་འཕེན་པས་རྗེས་དཔག་རྟོགས་དགོས། རྒྱང་འཕེན་པས་རྗེས་དཔག་རྟོགས་ན་རྒྱང་འཕེན་པས་རྗེས་དཔག་ཁས་ལེན་དགོས་པའི་རྒྱུ་མཚན་གྱིས་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར།
གཞན་ཡང་སེམས་ཙམ་པས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་རྟོགས་ཀྱང་ཁས་མི་ལེན་ཞེས་པ་མི་འཐད་དེ། དེས་དེ་ཁས་ལེན་པའི་ཕྱིར་ཏེ། སྐབས་འདིར་རང་རྒྱུད་པའི་ལུགས་གང་ཞིག་རང་རྒྱུད་པའི་ལུགས་ལ་དེ་འཁོར་ལོ་ཐ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཁོར་ལོ་ཐ་མ་ཡིན་ན་སེམས་ཙམ་ཐུན་མོང་མ་ཡིན་པའི་མདོ་ཡིན་དགོས། སེམས་ཙམ་ཐུན་མོང་མ་ཡིན་པའི་མདོ་ལ་སེམས་ཙམ་པས་ཁས་ལེན་དགོས་པའི་ཕྱིར།
གཉིས་པ་གོང་དུ་མི་འཐད་པའི་ཐལ་བ་བཏང་པ་རྣམས་ཀྱི་སྐྱོན་མེད་ཀྱི་ལན་ནི། བདེན་པས་སྟོང་པའི་རང་ཡུལ་ལ་དམིགས་པ་ཞེས་པ་དང་།བདེན་སྟོང་དུ་གྱུར་པའི་རང་ཡུལ་ལ་དམིགས་པ་ཞེས་པ་གཉིས་ཁྱད་པར་མེད་པས།སེམས་ཙམ་པས་བདེན་པས་སྟོང་པའི་རང་ཡུལ་རྟོགས་པ་ཡིན་ཀྱང་དེས་དེ་ཁས་ལེན་མི་དགོས་པས། རྒྱང་འཕེན་དང་མི་མཚུངས་ཞིང་། དེ་བཞིན་དུ་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་དེ་སེམས་ཙམ་ཐུན་མོང་མ་ཡིན་པའི་མདོ་ཡིན་པས། སེམས་ཙམ་པས་དེ་སྒྲ་ཇི་བཞིན་པའི་མདོར་ཁས་ལེན་པ་དང་། དེ་སྒྲ་ཇི་བཞིན་པར་ཡང་ཁས་ལེན་ལ། སྤྱིར་བུམ་པའི་སྟེང་དུ་མི་རྟག་པ་ཡོངས་གཅོད་ལ་གྲུབ་པའི་ཚེ་དེའི་སྟེང་དུ་རྟག་པ་རྣམ་བཅད་ལ་ཁེགས་དགོས་ཀྱང་།བུམ་པའི་སྟེང་དུ་རྟག་པ་རྣམ་གཅད་ལ་ཁེགས་ན་བུམ་པའི་སྟེང་དུ་རྟག་པ་ཁེགས་མི་དགོས་པ་དེ་བཞིན་དུ། གཞི་དེ་སྒྲ་ཇི་བཞིན་པར་ཁས་ལེན་ན་གཞི་དེ་ཁས་ལེན་མི་དགོས་པས། སེམས་ཙམ་པས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་སྒྲ་ཇི་བཞིན་པ་ཡིན་པར་ཁས་ལེན་ཡང་། དེས་བདེན་པས་སྟོང་པའི་འཁོར་ལོ་ཐ་མ་ཁས་མི་ལེན་པ་ཡིན་ནོ། །
བདག་གིས་ཅུང་ཟད་དཔྱད་པའི་རྣམ་དཀར་དགེ་བ་རྣམས། །
སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་ཕྱིར་བསྔོ། །
རྣམ་རྒྱལ།
