སྙོམས་འཇུག་ཉོན་མོངས་ཅན་ལ་དཔྱད་པ།

སྙོམས་འཇུག་ཉོན་མོངས་ཅན་ལ་དཔྱད་པ།

སེམས་ཁམས་སྡེ་ཚན། འཇམ་དབྱངས་ཆོས་གྲུབ།

          ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །

          ཤེས་རབ་གཅིག་འདུས་རྗེ་བཙུན་འཇམ་དཔའི་དབྱངས། །

          ངུར་སྨྲིག་གར་དུ་རོལ་པའི་བླ་མ་ལྷ། །

          སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །

          ལུང་དང་རིགས་པས་བརྒྱན་པའི་གཞུང་དོན་དང་། །

          སྙན་འཇེབས་ལྡན་པའི་ཚིག་སྦྱོར་མེད་ན་ཡང་། །

          འཆད་རྩོད་རྩོམ་ལ་བག་ཆགས་འཇོག་ཕྱིར་དུ། །

          སྙོམས་འཇུག་ཉོན་མོངས་ཅན་ལ་མདོར་ཙམ་དཔྱད། །

<<ནང་དོན་གནད་བསྡུས།>>

དངོས་གཞི་སྙོམས་འཇུག་དག་པ་བ་ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་དང་། ཤེས་པའི་ངོ་བོ་གསལ་ཞིང་རིག་པའི་དོན་བཤད་པ། བྱེ་བྲག་ཏུ་ཆགས་སོགས་ཉོན་མོངས་རྣམས་ཀྱི་རྫས་རྒྱུན་གཏན་མེད་དུ་མི་འགྱུར་བའི་ཚུལ་ལ་མཐའ་དཔྱད་པ།

<<ནང་དོན་རྒྱས་པར་བཤད་པ།>>

༡ གཟུགས་དང་གཟུགས་མེད་ཀྱི་དངོས་གཞི་སྙོམས་འཇུག་དག་པ་བ་རྣམས་ནི་གང་ཉོན་མོངས་པར་བྱ་བའི་གཞི་ཡིན།

༢ གང་གིས་ཉོན་མོངས་པར་བྱེད་པའི་ཆོས་ནི་ཉོན་མོངས་ཅན་རྣམས་ཀྱི་ནང་ནས་སྲེད་པ་དང་། ལྟ་བ། ང་རྒྱལ། མ་རིག་པ་རྣམས་ཀྱིས་དངོས་གཞི་དག་པ་བ་རྣམས་ཉོན་མོངས་པ་བྱེད་པ་ཡིན་ཏེ། མཛོད་ལས། དེ་དག་སྲེད་ལྟ་ང་རྒྱལ་རྨོངས[1]། །ཞེས་གསུངས་པ་ཡིན་པའི་ཕྱིར།

༣ ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་ནི། བསམ་གཏན་གྱི་དངོས་གཞི་དག་པ་བ་ལ་མཉམ་པར་བཞག་པའི་ཕྱི་རོལ་པའི་དྲང་སྲོང་གིས་དངོས་གཞི་དག་པ་ལ་དམིགས་པའི་ཤིན་སྦྱངས་ཀྱི་བདེ་བའི་རོ་མྱོང་བའི་དབང་གིས་འདོད་ཆགས་དྲག་པོ་སྐྱེས་ནས་སྔར་གྱི་དངོས་གཞི་དག་པ་དགེ་བའི་དམིགས་རྣམ་ཤོར་ནས་དངོས་གཞི་དག་པ་ལ་དམིགས་པའི་འདོད་ཆགས་དང་མཚུངས་ལྡན་དུ་སོང་བས་སྔར་གྱི་སྙོམས་འཇུག་གི་རྫས་རྒྱུན་ཕྱི་མ་སྲེད་པ་ཤས་ཆེ་བའི་ཉོན་མོངས་ཅན་དུ་སོང་བ་ན་སྲེད་པས་ཉོན་མོངས་པ་བྱེད་པའི་ཚུལ་ཡིན།

ལྟ་བས་ཉོན་མོངས་པར་བྱེད་ཚུལ་ནི། བསམ་གཏན་གྱི་དངོས་གཞི་དག་པ་ལ་མཉམ་པར་བཞག་པའི་ཚེ་སྙོམས་འཇུག་དེ་ལ་བརྟེན་ནས་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་བསྒྲུབས་ཏེ། མངོན་ཤེས་ཀྱི་མཐུས་སྔོན་དང་ཕྱི་མའི་མཐའ་འགའ་ཞིག་མཐོང་བ་ལ་བརྟེན་ནས་རང་ཉིད་གནས་སའི་རི་རྭ་བ་སོགས་སྐྱེ་བ་སྔ་མའི་སྐབས་ཇི་ལྟར་ཡོད་པ་ད་ལྟར་ཡང་གནས་པ་མཐོང་ནས་འཇིག་རྟེན་འདི་རྟག་པའོ་སྙམ་པའི་རྟག་འཛིན་གྱི་ལོག་ལྟ་ཤུགས་ཆེན་པོ་སྐྱེས་ནས་སྔར་གྱི་སྙོམས་འཇུག་དག་པ་བའི་འཛིན་སྟངས་ཀྱི་ཡུལ་ཤོར་ནས་རྟག་འཛིན་དང་མཚུངས་ལྡན་དུ་སོང་བ་ནི་ལྟ་བས་ཉོན་མོངས་པར་བྱེད་པའི་ཚུལ་ཡིན།

ང་རྒྱལ་གྱིས་ཉོན་མོངས་པ་བྱེད་ཚུལ་ནི། བསམ་གཏན་གྱི་དངོས་གཞི་ལ་མཉམ་པར་བཞག་པའི་ཚེ་སྙོམས་འཇུག་འདི་བདག་གིས་འདི་ཐོབ་ཀྱི་གཞན་གྱིས་མ་ཐོབ་བོ་སྙམ་ནས་སེམས་ཁེངས་པའི་ང་རྒྱལ་སྐྱེས་ཏེ་སྔར་གྱི་སྙོམས་འཇུག་དག་པ་བའི་དམིགས་རྣམ་ཤོར་ནས་རྫས་རྒྱུན་ཕྱི་མ་ང་རྒྱལ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་དང་མཚུངས་ལྡན་དུ་སོང་བས་ན་ང་རྒྱལ་གྱིས་ཉོན་མོངས་པར་བྱེད་པའི་ཚུལ་ཡིན།

ཐེ་ཚོམ་གྱིས་ཉོན་མོངས་ཅན་དུ་བྱེད་ཚུལ་ནི། བསམ་བཏན་གྱི་དངོས་གཞི་ལ་མཉམ་པར་བཞག་པའི་ཚེ་སྙོམས་འཇུག་འདི་ཐར་ལམ་ཡིན་ནམ་མིན་སྙམ་པའི་ཡིད་གཉིས་ཀྱི་ཐེ་ཚོམ་སྐྱེས་ནས་སྔར་གྱི་སྙོམས་འཇུག་དག་པ་བའི་རྫས་རྒྱུན་ཕྱི་མ་ཐེ་ཚོམ་དེ་དང་མཚུངས་ལྡན་དུ་སོང་བ་ནི་ཐེ་ཚོམ་གྱིས་ཉོན་མོངས་པར་བྱེད་ཚུལ་དང་། དོན་མི་འགྱུར་གྱི་ཐེ་ཚོམ་དེ་ཉིད་མ་རིག་པ་ཡིན་པས་སྙོམས་འཇུག་དག་པ་བ་དང་མ་རིག་པ་དང་མཚུངས་ལྡན་དུ་སོང་བས་སྔར་གྱི་སྙོམས་འཇུག་གི་རྫས་རྒྱུན་ཕྱི་མ་དེ་རྨོངས་པ་མ་རིག་པའི་ཉོན་མོངས་ཅན་དུ་གྱུར་པ་ན་མ་རིག་པས་ཉོན་མོངས་པར་བྱེད་པའི་ཚུལ་ཏེ། དབང་ཤེས་ཀྱི་ངོ་བོར་གྱུར་པའི་འདོད་ཆགས་ཡོད་པར་གསུངས་པ་དང་སྐྱེ་ཚུལ་མཚུངས་པ་སྟེ། ཐོག་མར་ཆགས་ཡུལ་ལ་དམིགས་པའི་དབང་ཤེས་དོན་མཐུན་སྐྱེས་ཀྱང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་དངོས་པོའི་གནས་ཚུལ་ལས་ལྷག་པར་སྒྲོ་བཏགས་ནས་དབང་ཤེས་ཀྱི་སྔར་གྱི་དམིགས་རྣམ་ཤོར་ནས་འདོད་ཆགས་དང་མཚུངས་ལྡན་དུ་འགྱུར་བ་དང་མཚུངས་པ་ཡིན་ནོ། །

འདིར་དོ་སྣང་བྱ་དགོས་པ་ཞིག་ནི། གཟུགས་མེད་ཀྱི་དངོས་གཞི་ནི་མངོན་ཤེས་ཀྱི་རྟེན་མ་ཡིན་པས་ལྟ་བས་ཉོན་མོངས་པར་བྱེད་ཚུལ་གཟུགས་ཁམས་དང་མི་འདྲ་བའི་ཁྱད་པར་ཅི་ཡོད་ཅེ་ན། གཟུགས་མེད་ལ་མངོན་ཤེས་མེད་ཀྱང་སྔར་གྱི་ལོག་རྟོག་རྒྱུད་ལ་ལྡན་བཞིན་དུ་གཟུགས་མེད་ཀྱི་དངོས་གཞི་ཐོབ་པ་ན་བདག་གི་ལྟ་བ་འདི་ནི་མཆོག་ཏུ་གྱུར་པ་སྟེ། ལྟ་བ་འདིའི་མཐུས་ཏིང་ངེ་འཛིན་འདི་ཐོབ་བོ་ཞེས་ལྟ་ངན་པ་མཆོག་འཛིན་གྱི་བློ་རྒྱུད་ལ་ལྡན་བཞིན་དུ་གཟུགས་མེད་ཀྱི་དངོས་གཞི་ཐོབ་པ་ན་ལྟ་བས་ཉོན་མོངས་པ་བྱེད་པ་ཡིན་ནོ། །འོ་ན་གཟུགས་མེད་ཀྱི་དངོས་གཞི་སྙོམས་འཇུག་རྒྱུད་ལ་སྐྱེ་ཁ་མའི་གང་ཟག་གི་རྒྱུད་ལ་གཟུགས་ཀྱི་ཉོན་མོངས་འགགས་ཟིན་པ་དང་། གཟུགས་མེད་ཀྱི་ཉོན་མོངས་ཀྱང་མ་སྐྱེས་པས་ལོག་རྟོག་དེ་ཁམས་གསུམ་གང་གི་སས་བསྡུས་མིན་པར་འགྱུར་རོ་ཞེ་ན། སྤྱིར་འཇིག་རྟེན་རྟག་པར་ལྟ་བ་ཙམ་ནི་ཁམས་གསུམ་གང་གིས་སས་བསྡུས་མིན་པ་ལྟར། སྤྱིར་འཇིག་རྟེན་རྟག་པར་ལྟ་བའི་ལོག་རྟོག་གང་ཟག་དེའི་རྒྱུད་ལ་ཡོད་པར་ཁས་ལེན་ཡོད་པས་ཁམས་གསུམ་གང་གི་སས་བསྡུས་སུ་འཇོག་པ་མིན་ནོ། །

གཟུགས་དང་གཟུགས་མེད་ཀྱི་དངོས་གཞི་དག་པ་བ་ཉོན་མོངས་པར་བྱེད་པ་ཡིན་གྱི་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ཟག་མེད་རྣམས་ཉོན་མོངས་ཅན་དུ་བྱེད་པ་མིན་ཏེ། སྙོམས་འཇུག་ཟག་མེད་དེ་དག་གི་རྫས་རྒྱུན་ཕྱི་མ་རྣམས་ཉོན་མོངས་པ་སྲེད་པ་དང་ལྟ་བ་སོགས་དང་མཚུངས་ལྡན་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དེ་དག་ནི་འཇིག་རྟེན་ལས་འདས་པ་ཡང་ཡིན་ཏེ། མཛོད་ལས། ཟག་མེད་འཇིག་རྟེན་འདས་པའོ[2]། །ཞེས་གསུངས་པའི་ཕྱིར།

༤སྙོམས་འཇུག་ཉོན་མོངས་ཅན་གྱི་ངོ་བོ་ནི། སྙོམས་འཇུག་གི་རྫས་རྒྱུན་ཡང་ཡིན། སྒྲིབ་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། སྙོམས་འཇུག་ཉོན་མོངས་ཅན་གྱི་ངོ་བོའམ་མཚན་ཉིད་ཡིན་ནོ། །

ཤེས་པའི་ངོ་བོ་གསལ་ཞིང་རིག་པའི་དོན་བཤད་པ།

ནང་པ་སངས་རྒྱས་པས་སེམས་སམ་ཤེས་པའི་ངོ་བོ་ཅི་འདྲ་ཞིག་ཡིན་པ་ཤེས་དགོས་པ་གལ་ཆེ་བ་ཞིག་ཏུ་གྱུར་པས་རང་བློས་གང་དཔོགས་ཙམ་བཤད་པར་བྱ་སྟེ། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དམ་ངོ་བོ་ཡིན་ཞིང་། གསལ་ཞིང་རིག་པ་ཞེས་པའི་ཚིག་གཉིས་ཀྱི་ལམ་ནས་ཤིན་ཏུ་རྟོགས་པར་དཀའ་བའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དང་། ས་ལམ་གྱི་རྟོགས་པ་མཐའ་མེད་དུ་འཕེལ་ཏེ་མཐར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཚུལ་ཡང་བསྒྲུབ་གཞི་འདིའི་སྟེང་ནས་བཤད་དགོས་པས་ཤེས་པ་ནི་གཟུགས་ཅན་གྱི་དངོས་པོ་དང་མི་འདྲ་བའི་ཁྱད་ཆོས་གང་འདྲ་ཞིག་ཡོད་པ་གོམས་པ་བསྟེན་ན་ཚད་ཅན་གྱི་རང་བཞིན་ལས་འདས་ནས་མཐའ་མེད་དུ་འཕེལ་བ་ནི་གསལ་རིག་ཙམ་གྱི་ཡོན་ཏན་ཡིན་ཞེས་པའི་དོན་ནོ། །

དེ་ཡང་གསལ་བ་ཞེས་པས་ཤེས་པའི་ངོ་བོ་ཤིན་ཏུ་དྭངས་པ་ཡིན་པར་མཚོན་པ་དང་། རིག་པ་ཞེས་པས་སེམས་སམ་ཤེས་པས་ཡུལ་རྟོགས་པའི་བྱེད་ལས་མཚོན་པ་ཡིན།

ཤེས་པ་ལ་ད་ལྟ་དངོས་ཡོད་ཀྱི་གཟུགས་ཤར་དུ་རུང་བ་བཤད་མ་དགོས་པ་དང་། ད་ལྟ་དངོས་སུ་མེད་པ་འདས་མ་འོངས་པའི་ཆོས་ཐམས་ཅད་ཤེས་པའི་ཡུལ་དུ་གསལ་རུང་བ་སྟེ། སྐབས་རེར་ཆགས་ཡུལ་གྱི་མཚན་མ་དྲན་པ་ན་འདོད་ཆགས་དང་། དགྲ་བོས་གནོད་པ་བྱས་པ་དྲན་པ་ན་ཞེ་སྡང་། གཏི་མུག་སོགས་སྐྱེ་དུས་གང་ཟག་རང་ཉིད་ཉོན་མོངས་དེ་དག་གི་གཞན་དབང་དུ་འགྱུར་བ་དང་། མཚམས་རེར་སྙིང་རྗེ་དང་། བྱམས་པ་། ལྷག་བསམ་སོགས་གཞན་ཕན་གྱི་བསམ་བློ་མངོན་དུ་གྱུར་ནས་དགེ་སེམས་སྐྱེ་བཞིན་ཡོད་པ་ནི་ཀུན་གྱིས་མྱོང་སྟོབས་ཀྱིས་གྲུབ་པ་སྟེ། དཔེར་ན། མེ་ལོང་ནང་དུ་གཟུགས་བརྙན་བཟང་ངན་ཀུན་འཆར་བ་བཞིན་ཤེས་པ་ལའང་ཡུལ་བཟང་ངན་ཅི་རིགས་འཆར་དུ་རུང་ཞིང་། འོན་ཏེ་མི་འདྲ་ས་ནི་མེ་ལོང་ལ་གཟུགས་བརྙན་གསལ་བ་ཤར་བས་གསལ་བ་ཡིན་ཡང་རིག་པ་མིན་ཏེ། མེ་ལོང་ལ་འདས་པའི་གཟུགས་དང་མ་འོངས་པའི་གཟུགས་མི་ཤར་བ་མ་ཟད། མེ་ལོང་ལ་ཤར་བའི་གཟུགས་འཛིན་པའམ་རྟོགས་པའི་བྱ་བ་བྱེད་མི་ཐུབ་པས་རིག་པ་མིན། ཤེས་པ་ལ་འཕྲལ་གྱི་རྐྱེན་དང་བསམ་བློ་གཏོང་ཕྱོགས་ཀྱི་དབང་གིས་ལེགས་ཉེས་ཅི་ཞིག་བྱུང་བ་ཤེས་པའམ་རིག་པ་ནི་ཤེས་པའི་ཐུན་མོང་མ་ཡིན་པའི་རང་བཞིན་ནམ་ངོ་བོ་དེ་ཡིན། ཤེས་པ་རང་གི་ངོ་བོ་དྲི་མ་སོགས་གང་གིས་ཀྱང་མ་བསླད་པ་དང་མ་གོས་པར་ཡུལ་ཐམས་ཅད་གསལ་བར་འཆར་རུང་ཡིན་པས་ཤེས་པའི་ངོ་བོ་གསལ་བར་བསྟན་པ་སྟེ། དཔེར་ན། ཆུ་ཚོན་མདོག་དམར་པོ་དང་འཕྲད་ན་མདོག་དམར་པོར་འགྱུར་བ་དང་། ཚོན་ནག་པོ་དང་འཕྲད་སྐབས་ནག་པོའི་མདོག་ཏུ་སྣང་བ་ནི་འཕྲལ་གྱི་རྐྱེན་གྱིས་ཁ་དོག་མི་འདྲ་བར་བསྒྱུར་བ་ཙམ་ལས་ཆུ་ཡི་རང་བཞིན་དྭངས་ཤིང་གཙང་བ་ཞིག་ཡིན་པ་ཚོན་མདོག་དེ་དག་དང་བྲལ་ན་ཆུ་དྭངས་པར་འགྱུར་བ་ཡིན། །

རིག་པ་ཞེས་པས་ནི་ཤེས་པའི་བྱེད་ལས་བསྟན་པ་ཡིན་ཏེ། ཤེས་པའི་ཡུལ་དུ་གྱུར་པའི་བཟང་མི་བཟང་། མཛེས་མི་མཛེས། ངན་མི་ངན། དེ་དང་དེའོ་སྙམ་པ་སོགས་ཅི་འདྲ་ཞིག་འཆར་ཡང་དེ་དག་སོ་སོར་མ་འདྲེས་པར་སྤུ་རིས་འབྱེད་པ་དང་འཛིན་པ་བྱེད་པའི་བྱེད་ལས་དང་ལྡན་པས་ན་རིག་པ་ཞེས་བྱ་སྟེ། དཔེར་ན། གློག་ཀླད་ལྟ་བུས་ཡི་གེ་སོགས་དངོས་པོ་གང་ཞིག་བཅུག་ན་ཡོངས་རྫོགས་བཟུང་འགྲོ་བ་ལས་རང་གིས་འདོད་པ་འཛིན་པ་དང་མི་འདོད་པ་འདོར་བའི་སྤུ་རིས་འབྱེད་མི་ཐུབ་ཤེས་པས་ཡུལ་བཟང་ངན་གཉིས་ལ་བལྟས་པ་ན་བཟང་བ་ལེན་པ་དང་། ངན་པ་འདོར་བའི་རྣམ་དབྱེ་འབྱེད་པ་ནི་རིག་པའི་དོན་ནོ། །

ཤེས་པའི་རང་བཞིན་གསལ་བ་ཡིན་པ་ལུང་ལས་ཀྱང་གསུངས་པ་སྟེ། མདོ་ལས། དགེ་སློང་དག་སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ[3]། །ཞེས་དང་། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །ཞེས་གསུངས་པའི་ཕྱིར། བློ་དང་རིག་པ་ཤེས་པ་གསུམ་དོན་གཅིག་མིང་གི་རྣམས་གྲངས་ཡིན། སེམས་ལ་ནང་གསེས་ཀྱི་དབྱེ་བ་དུ་མ་ཡོད་དེ། ཡིད་ཤེས་དང་དབང་ཤེས། སེམས་དང་སེམས་བྱུང་། ཚད་མ་དང་ཚད་མིན། རྟོག་པ་དང་རྟོག་མེད། འཁྲུལ་བ་དང་མ་འཁྲུལ་བ་སོགས་ཤེས་པའི་རིགས་མི་འདྲ་བ་དུ་མ་ཡོད།

བྱེ་བྲག་ཏུ་ལོག་ཤེས་ཀྱི་རྫས་རྒྱུན་མི་ཆད་པའི་ཚུལ་ལ་མཐའ་དཔྱད་པ།

འོ་ན།    ཤེས་པ་ཐམས་ཅད་ཀྱི་རང་བཞིན་གསལ་ཞིང་རིག་པ་ཡིན་ན།  བདེན་འཛིན་དང་། མ་རིག་པ། འདོད་ཆགས། ཁོང་ཁྲོ་སོགས་ལོག་ཤེས་དེ་དག་རང་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཤ་སྟག་ཡིན་པས་དེ་དག་གསལ་རིག་གི་ངོ་བོ་ཇི་ལྟར་འཐད་ཅེ་ན། བདེན་འཛིན་དང་འདོད་ཆགས་སོགས་འཛིན་སྟངས་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ཡང་ཆགས་སྡང་དེ་དག་གི་གསལ་རིག་ཙམ་ཞིག་གི་ཆ་ལ་དྲི་མས་མ་གོས་ཤིང་མ་བསླད་པ་བློ་དོན་མཐུན་རྣམས་དང་མཚུངས་ཡིན་ཏེ། འཛིན་སྟངས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཆ་འཁྲུལ་བ་དང་། གསལ་རིག་གི་ཆ་ལ་རྙོག་པ་མ་ཞུགས་པའི་དྭངས་པའི་ཆ་ཞིག་གསལ་བ་ཡིན་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ནང་པའི་ལྟ་སྤྱོད་ཀུན་བཏུས་ལས། ཞེ་སྡང་དེ་ཉིད་ཤེས་པ་ཡིན་ཞིང་། རྒྱུ་མཚན་དེ་ལ་བརྟེན་ནས་དེས་རང་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་ནའང་དེ་ལ་གསལ་ཞིང་རིག་པ་ཙམ་གྱི་རང་བཞིན་དང་ལྡན་ཡོད[4]། ཅེས་གསུངས་པའི་ཕྱིར།

དངོས་པོ་རྣམས་ཀྱི་རྫས་རྒྱུན་གཏན་མེད་དུ་འགྱུར་བ་མེད་པ་དངོས་པོའི་ཆོས་ཉིད་ཡིན་པས་ལོག་ཤེས་ཀྱི་གསལ་རིག་གི་རྒྱུན་གཏན་ནས་མི་ཆད་པར་སངས་རྒྱས་ཀྱི་ས་ན་འགྲོ་བའི་སྒྲུབ་བྱེད་ཀྱི་རིགས་པ་གཙོ་བོ་གསུམ་ཙམ་བཀོད་ན་འདི་ལྟར་ཏེ།

༡ སྙོམས་འཇུག་དངོས་གཞི་དག་པ་བ་དགེ་བ་ཡིན་ཡང་རང་གི་རྫས་རྒྱུན་ཕྱི་མ་སྒྲིབ་ལུང་མ་བསྟན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་བཤད་མ་ཐག་པ་སྙོམས་འཇུག་ཉོན་མོངས་ཅན་དུ་བྱེད་ཚུལ་བཤད་པས་གྲུབ་པས། བློ་དོན་མཐུན་ལོག་ཤེས་སུ་འགྱུར་རྒྱུ་ཡོད་པ་དང་འདྲ་བ་བློ་དོན་མི་མཐུན་པ་སྒྲིབ་ལུང་མ་བསྟན་དེ་ཡང་གཉེན་པོ་སྟོབས་ལྡན་ཞིག་དང་འཕྲད་ཚེ་རང་གི་གསལ་རིག་གི་ཆ་ཙམ་ཞིག་བློ་དོན་མཐུན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པར་རིགས་པ་མཚུངས་པ་ཡིན།

དེ་ལྟར་ན་བློ་བདེན་འཛིན་དང་མི་དགེ་བ་ཁོང་ཁྲོ་ལྟ་བུ་ཞིག་བློ་དོན་མཐུན་གྱི་ངོ་བོར་འགྲོ་རྒྱུ་ཡོད་དམ་ཞེ་ན། ཡོད་པར་མངོན་ཏེ། ཕུང་པོ་མཐའ་གཅིག་ཏུ་བདེན་གྲུབ་ཁས་ལེན་པའི་གང་ཟག་ལ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་དེ། དོན་དམ་པར་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་གང་རུང་ལས་མི་སྐྱེ་བ་ཡིན་པའི་ཕྱིར་ཞེས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་། ཕུང་པོ་འདི་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་བཞིན། ཞེས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་བཀོད་ནས་གཏན་ཚིགས་ཀྱི་དོན་ལ་རིམ་བཞིན་དཔྱད་ནས་ཕུང་པོ་དེ་རང་གི་ཆ་ཤས་རྐང་ལག་དང་། མིག་སྣ། རྒྱབ་མདུན། གློ་སྙིང་སོགས་ཕྱི་ནང་གི་ཆ་ཤས་དུ་མ་ལ་མ་བརྟེན་པར་ལྟོས་མེད་ཚུགས་ཐུབ་རང་དབང་གི་ངོས་ནས་གྲུབ་པའི་ཕུང་པོ་ཞིག་མེེད་དོ་སྙམ་པའི་ཕན་ཚུན་བརྟེན་ནས་འབྱུང་བའི་ལྟ་བ་འདིས་མཐའ་གཉིས་བསལ་ནས་ལོག་རྟོག་དེ་ཉིད་ཀྱི་ཞེན་ཡུལ་རྩ་བ་དང་བཅས་པ་སུན་ཕྱུངས་ནས་བློ་བདེན་མེད་ལ་ཞུགས་པའི་ཚེ་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་བདེན་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་ལོག་པའི་ཤུལ་དུ་གསལ་རིག་ཙམ་ཞིག་ལུས་པ་ཡིན། ངང་པས་འོ་མ་བླངས་པའི་ཤུལ་དུ་ཆུ་ལུས་པ་བདུད་རྩི་དང་བསྲེས་ན་བདུད་རྩིར་འགྱུར་རུང་བ་ལྟར་བདེན་འཛིན་གྱི་དམིགས་གཏད་ཞིག་པའི་ཤུལ་གསལ་རིག་ཙམ་ལུས་པ་ཡུལ་གཞན་གང་ཞིག་དང་ཕྲད་ན་དེ་འཛིན་པའི་བློར་འགྱུར་ཆོག་པ་ཡིན། ཁོང་ཁྲོ་དང་ཆགས་པ་ཡང་དེ་དང་མཚུངས་པར་བསྒྲུབ་ནུས་སོ། །

དངོས་པོའི་གཤིས་ལུགས་ནི་དུས་ཀུན་ཏུ་འགྱུར་བ་མེད་པ་གཅིག་རང་ལ་མི་སྡོད་པ་ནི་སྤྱི་ཚོགས་ཀྱི་ཁྲོད་ནས་དཔྱད་ཞིབ་བྱས་ན་ཤེས་རྟོགས་ཐུབ་པ་སྟེ། དཔེར་ན། ཡ་རབས་བཟང་སྤྱོད་ལྡན་པའི་མི་འགའ་ཞིག་གྲོགས་པོ་ངན་པ་ཞིག་དང་འཕྲད་ནས་ཡུན་རིང་འགྲོགས་པ་ལ་བརྟེན་ནས་སྔར་གྱི་གཤིས་བཟང་ལྡན་པའི་མི་བུ་དེ་ཉིད་སྤྱོད་པ་ཧ་ཅང་ངན་པར་འགྱུར་བ་ཡོད་པ་དང་། དེ་བཞིན་སྤྱོད་པ་ཤིན་ཏུ་རྩུབ་པའི་མི་བུ་ཁ་ཤས་དགེ་བའི་གྲོགས་པོ་ཞིག་དང་འཕྲད་ནས་མི་བཟང་པོར་གྱུར་ནས་མི་ཐམས་ཅད་ཀྱི་ཕྱག་མཆོད་པའི་གནས་སུ་འགྱུར་བ་མཐོང་ཆོས་སུ་ཡོད་པ་འདི་དག་གཟུགས་པོའི་སྤྱོད་པ་འགྱུར་བ་གཏོང་བྱེད་གཙོ་བོ་སེམས་འགྱུར་བ་ཕྱིན་པ་ཡིན་པས་སྔར་གྱི་སེམས་ཀྱི་རྫས་རྒྱུན་ངན་པ་དེ་དག་འགྱུར་བ་ཕྱིན་ནས་སེམས་ཀྱི་རྫས་རྒྱུན་ཕྱི་མ་བཟང་པོའི་ངོ་བོར་གྱུར་བས་མི་བཟང་པོ་ཆགས་པ་ཡིན། མི་གཞི་བཟང་ངན་དུ་འགྱུར་བ་དེ་དག་གང་ཟག་རང་གི་སྡུག་བདེན་གྱི་ཕུང་པོ་འགྱུར་ལྡོག་ཕྱིན་པ་ལ་མི་གཞི་བཟང་ངན་དུ་འགྱུར་བ་མིན་པ་མངོན་སུམ་གྱིས་གྲུབ་བོ། །

དཔེ་མཚོན་གཞན་ཞིག་བཀོད་ན། ཡོངས་སུ་གྲགས་པའི་རྗེ་བཙུན་མི་ལ་སྔར་མི་བསོད་རྟ་སྒྱེལ་བྱེད་མཁན་ཞིག་དེ་ཕྱིས་སུ་ཚེ་གཅིག་ལུས་གཅིག་ལ་མི་གནས་པའི་མྱ་འདས་མངོན་དུ་བྱས་པ་དེ་ཡང་གང་ཟག་གཅིག་ཉིད་ངན་པ་ནས་བཟང་པོར་འགྱུར་བ་སོང་བ་ཡིན་གྱི་སྔར་གྱི་མི་སྡུག་པོ་ཞིག་སྦྲུལ་གྱི་པགས་པ་བརྗེ་བ་ལྟར་དོར་ནས་མི་བཟང་པོའི་རྫས་རྒྱུན་གཞན་ཞིག་ནས་སླེབས་ཡོང་བ་མིན་པ་གསལ་པོ་ཡིན།

༢ ནང་པས་གཙོ་སེམས་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་། སེམས་པ། ཚོར་བ། འདུ་ཤེས། ཡིད་ལ་བྱེད་པ། རེག་པ་བཅས་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བས་ཀུན་འགྲོ་ལྔ་ཞེས་བཏགས་པ་ཡང་སེམས་གཅིག་གི་བྱེད་ལས་མི་འདྲ་བ་ལྔ་ལ་ཀུན་འགྲོ་ལྔ་ཞེས་བཏགས་པ་ཙམ་ལས་རྫས་ལོགས་སུ་མེད་པས་གཙོ་སེམས་དང་སེམས་བྱུང་གཉིས་རྫས་གཅིག་ཏུ་འདོད་ཅིང་། གཙོ་སེམས་ཀྱི་འཁོར་དུ་བྱུང་བའི་འདོད་ཆགས་སོགས་སོ་སོའི་བྱེད་ལས་ཆ་ནས་མིང་བཏགས་པ་ཙམ་ལས་གཙོ་སེམས་ལས་རྫས་གཞན་དུ་གྲུབ་པ་མེད་པས་ཁོང་ཁྲོ་དང་ཐེ་ཚོམ་དང་འདོད་ཆགས་སོགས་རང་གང་གི་འཁོར་དུ་འགྲོ་སའི་གཙོ་སེམས་བློ་གང་ཞིག་ཏུ་འགྱུར་ན་ཆགས་སོགས་ཀྱང་དེར་འགྱུར་བས་དེ་དག་གི་རྫས་རྒྱུན་བློ་དོན་མཐུན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་སེམས་སེམས་བྱུང་རྫས་གཅིག་ཡིན་པའི་གནད་ཀྱིས་བསྒྲུབ་ཐུབ་པ་སྟེ། ཁོང་ཁྲོ་དང་འདོད་ཆགས་དང་མཚུངས་ལྡན་གྱི་གཙོ་སེམས་དེ་ཉིད་སངས་རྒྱས་ས་ལ་འགྲོ་བའི་ཚེ་དེ་དང་མཚུངས་ལྡན་དུ་གྱུར་པའི་ཁོང་ཁྲོ་སོགས་ཕྱིན་ཅི་ལོག་ཏུ་འཛིན་པའི་ངོ་བོ་ལོག་ནས་དེ་དག་གི་གསལ་རིག་གི་རྒྱུན་སངས་རྒྱས་སར་འགྲོ་བ་ཡིན་པའི་ཕྱིར་ཏེ། དེ་གཉིས་ངོ་བོ་དབྱེར་མེད་ཀྱི་གཙོ་འཁོར་དུ་གནས་པའི་བློ་ཡིན་པའི་ཕྱིར། དཔེར་ན། རྒྱ་མཚོ་དང་དེའི་རྦ་རླབས་གཉིས་ངོ་བོ་དབྱེར་མེད་པས་མཚོ་ཁར་རླུང་མ་ལྡང་བའི་སྐབས་མཚོ་རླབས་མེད་ཀྱང་སྔར་གྱི་རྦ་རླབས་ཀྱི་རྒྱུན་མཚོ་ལ་ཐིམས་ཤིང་གནས་པས་དེའི་རྒྱུན་མཚོ་ལ་ཡོད་ཅེས་སྨྲ་དགོས་པ་བཞིན་ནོ། །

༣ རྣམ་ཤེས་ཚོགས་བརྒྱད་འདོད་པའི་སེམས་ཙམ་པའི་རིགས་ལམ་འགྲོས་ལ་དཔགས་ནས་བཤད་ན། སྒྲིབ་བྱེད་བདག་ཏུ་ལྟ་བ་ཡིས་བསྒྲིབ་བྱ་ཉོན་ཡིད་ཀྱི་རྫས་རྒྱུན་ཕྱི་མ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་འགྲོ་རྒྱུ་ཡོད་པ་ཞལ་གྱིས་བཞེད་དེ། ཐུབ་པའི་དགོངས་རྒྱན་ལས། ཉོན་མོངས་ཅན་ཡིད་གནས་གྱུར་པས། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ[5]། །ཞེས་གསུངས་སོ། །དེས་ན་དབུ་སེམས་གཉིས་ལྟ་གྲུབ་མི་འདྲ་ན་ཡང་སེམས་གསལ་རིག་ཙམ་སྒྲུབ་པའི་རིགས་ལམ་མཐུན་པས་སེམས་ཙམ་པའི་རིགས་ལམ་གྱི་འགྲོས་ལས་དབུ་མ་པའི་ལུགས་ལ་ཡང་བདེན་འཛིན་གྱི་རྫས་རྒྱུན་ཞིག་བློ་དོན་མཐུན་གྱི་ངོ་བོ་འགྲོ་རྒྱུ་ཡོད་པ་ཞིག་འདོད་དགོས་སྙམ་མོ། །

བྱེ་བྲག་ཏུ་ཉོན་མོངས་པའི་རྫས་རྒྱུན་མི་ཆད་པའི་ཚུལ་ལ་མཐའ་དཔྱད་པ།

ཁ་ཅིག་གིས་བློ་དོན་མི་མཐུན་པ་ཞིག་བློ་དོན་མཐུན་གྱི་ངོ་བོར་སོང་ན་བློ་དེའི་ངོ་བོ་མ་ལོག་པར་སྔར་ཡུལ་གང་འཛིན་པ་དེ་བཞིན་དུ་འགྲོ་དགོས་པ་ལས་དེ་ལྟར་མི་སྲིད་པའི་ཕྱིར་ཞེས་དང་། བློ་ལོག་ཤེས་ཀྱི་རྫས་རྒྱུན་དེ་ཉིད་བློ་དོན་མཐུན་གྱི་ངོ་བོར་འགྱུར་ན་ལོག་ཤེས་ཡིན་བཞིན་དུ་འགྱུར་བ་མི་སྲིད་པའི་ཕྱིར་ཞེས་སྨྲ།         དེ་ལྟར་ན་བྱིས་པ་སོ་སོ་སྐྱེ་བོ་སྤྱོད་པ་ངན་པ་ལ་སངས་རྒྱས་ཀྱི་རིགས་མེད་པར་ཐལ་ཏེ། མི་དེའི་སྤྱོད་པ་ངན་པའི་ངོ་བོ་མ་ལོག་བཞིན་དུ་སངས་རྒྱས་ཀྱི་ས་ལ་འགྲོ་རྒྱུ་མེད་པའི་ཕྱིར། གལ་ཏེ་ཡོད་ན་སངས་རྒྱས་པ་དང་ལོག་པའི་གཞི་མཐུན་འགྱུར་བའི་ཕྱིར་རོ། །

ལོག་ཤེས་ཀྱི་ངོ་བོ་བློ་དོན་མཐུན་ལ་འགྱུར་རྒྱུ་མེད་པ་དེ་བཞིན་དུ་དགེ་བའི་བློ་ཞིག་སྒྲིབ་པའི་ངོ་བོར་འགྱུར་རྒྱུ་མེད་པ་སྨྲ་དགོས་ཀྱང་དེ་ཡང་མི་འཐད་དེ། སྙོམས་འཇུག་ཉོན་མོངས་ཅན་གྱི་མཚན་ཉིད་དེ་ཉིད་ཀྱང་མི་འཐད་པའི་ཕྱིར་དང་། ཡིད་ལ་ཞེ་སྡང་དྲག་པོ་འཁྲུགས་པའི་སྟོབས་ཀྱིས་ས་གཞི་ཐམས་ཅད་ཁྲག་གིས་ཁྱབ་པར་སྣང་བའི་མིག་ཤེས་སྐྱེ་བ་ཡོད་པར་གསུངས་པས། མིག་ཤེས་སྔར་ཞེ་སྡང་དྲག་པོ་མ་སྐྱེས་པའི་སྐབས་ས་གཞི་ཙམ་འཛིན་པ་ཡིན་ཡང་ཞེ་སྡང་དྲག་པོའི་དབང་གིས་སྔར་གྱི་མིག་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་ཤོར་ནས་ལོག་ཤེས་སུ་འགྱུར་བ་ཡོད་པ་དང་། དབང་ཤེས་དང་མཚུངས་ལྡན་གྱི་འདོད་ཆགས་ཡོད་གསུངས་པས། དང་པོ་ཆགས་པ་དྲག་པོ་མ་སྐྱེས་པའི་སྐབས་བུད་མེད་ཀྱི་གཟུགས་ཙམ་འཛིན་པ་ཡིན་ཡང་ཡིད་ལ་ཆགས་པ་ཤུགས་དྲག་པའི་དབང་གིས་སྔར་གྱི་མིག་ཤེས་དང་འདོད་ཆགས་དང་མཚུངས་ལྡན་དུ་སོང་ནས་སྔར་གྱི་མིག་ཤེས་ཀྱི་རྫས་རྒྱུན་བློ་ཕྱི་མ་འདོད་ཆགས་ཀྱི་ངོ་བོར་འགྱུར་བར་སྨྲ་དགོས་པས་བློ་དོན་མཐུན་ལོག་ཤེས་སུ་འགྱུར་བ་ཡོད་པས་ལོག་ཤེས་ཀྱང་བློ་དོན་མཐུན་དུ་འགྱུར་བ་ཡོད་པར་མཚུངས་པར་བསྒྲུབ་དགོས་སོ། །

གལ་ཏེ་བློ་ལོག་ཤེས་དེ་དག་གི་རིགས་འདྲ་ཕྱི་མར་མཚམས་མི་སྦྱོར་བས་བློ་དོན་མཐུན་གྱི་ངོ་བོར་མི་འགྲོའོ་སྙམ་ན། དེ་ལྟར་ན་རིག་པ་ཡིན་ན་རང་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བས་ཁྱབ་པ་མེད་པར་འགྱུར་ཞིང་། རྒན་པོ་འཆི་ཁ་མའི་སེམས་ཐ་མ་ཆོས་ཅན། རིགས་འདྲ་ཕྱི་མ་མཚམས་སྦྱོར་ཏེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་བཞིན། ཞེས་སོགས་སྐྱེ་བ་ཕྱི་མ་སྒྲུབ་པའི་གཏན་ཚིགས་མཐའ་དག་གི་ཁྱབ་པ་ནམ་མཁའི་མེ་ཏོག་དང་རུས་སྦལ་གྱི་སྤུ་ལྟར་མེད་པར་ཁས་ལེན་དགོས་པར་འགྱུར་རོ། །ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། རིག་པ་ཡིན་ན་རང་གི་རིགས་འདྲ་ཕྱི་མར་མཚམས་སྦྱོར་བས་མ་ཁྱབ་ན། སྐྱེ་བ་ཕྱི་མ་ཡོད་པར་སྒྲུབ་པའི་སྒྲུབ་བྱེད་རྣམ་དག་མེད་པའི་ཐལ་བ་གསུངས་པ་མ་ཟད། རིག་པ་སྐད་ཅིག་དང་པོ་ལ་ཡང་རིགས་འདྲ་སྔར་མར་གྱུར་པའི་རིག་པ་མེད་པའི་ཐལ་བ་འཕངས་པ་མཐའ་དག་དང་འགལ་བར་འགྱུར་རོ། །

ཡང་ཁ་ཅིག །རིག་པ་ཡིན་ན་རང་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བས་ཁྱབ་ཀྱང་རིགས་འདྲ་ཕྱི་མ་ཤེས་པ་ཡིན་པས་ངེས་པ་མེད་ཟེར། དེ་ལྟར་ན་རྒྱུན་མཐའ་བར་ཆད་མེད་ལམ་སྐད་ཅིག་ཐ་མའི་རིགས་འདྲ་ཕྱི་མ་དེ་ཤེས་པ་མ་ཡིན་པར་སྨྲ་དགོས་ཤིང་། དེ་ལྟར་ན་རྣམ་མཁྱེན་སྐད་ཅིག་དང་པོའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཤེས་པ་མེད་པར་ཐལ་ལོ། །དེའི་རིགས་འདྲ་ཕྱི་མ་གྱུར་པའི་ཤེས་པ་ཡོད་ཟེར་ན། དེ་བཞིན་དུ། བདེན་འཛིན་སྐད་ཅིག་ཐ་མའི་རིགས་འདྲ་ཕྱི་མར་གྱུར་པའི་ཤེས་པ་ཡོད་པ་ཁས་ལེན་དགོས་པས། བདེན་འཛིན་གྱི་རྒྱུན་སངས་རྒྱས་ལ་འགྲོ་བ་དོན་གྱིས་ཁས་བླངས་སོ། །

བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་དག་པ་བ་ཞིག་སྒྲིབ་ལུང་མ་བསྟན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་གཞུང་ལས་གསལ་ན། དེ་བཞིན་མི་དགེ་བ་ཞིག་ལུང་མ་བསྟན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་དང་། དགེ་བའི་བློ་ཞིག་མི་དགེ་བའི་ངོ་བོར་འགྱུར་རྒྱུ་ཡོད་པ་དང་། ལོག་ཤེས་ཀྱང་བློ་དོན་མཐུན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་ཁས་ལེན་དགོས་པ་རིགས་ལམ་གཅིག་གི་འགྲོས་ཀྱིས་འགྲུབ་སྟེ། དཔེར་ན། སྒྲ་རྟག་པར་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ཀུན་བཏགས་ཟློག་ཆེད་དུ་ཐལ་འགྱུར་བཀོད་ནས་ཐོས་བྱུང་གིས་ཡང་ཡང་བསམས་པས་སྔར་གྱི་མཐའ་གཅིག་འཛིན་གྱི་ལོག་རྟོག་ཅུང་སྲབ་ཏུ་སོང་ནས་མཐའ་གཉིས་སུ་དོགས་པའི་ལོག་རྟོག་ཏུ་འགྱུར། མཐའ་གཉིས་འཛིན་གྱི་ལོག་རྟོག་བཟློག་ཕྱིར་སྒྲུབ་ངག་བཀོད་ནས་མཐའ་གཉིས་སུ་དོགས་པ་སྔར་ལས་ཀྱང་འཛིན་པ་ཤས་ཆུང་དུ་སོང་ནས་ཡིད་དཔྱོད་ཀྱི་ངོ་བོར་འགྱུར། ཡིད་དཔྱོད་དེ་ཉིད་བསྒྲུབ་བྱ་ལ་ངེས་པའི་བློར་བསྒྱུར་ཆེད་དུ་སྦྱོར་བ་ཡང་དག་བཀོད་པ་ལ་བརྟེན་ནས་རིམ་པ་བཞིན་ལོག་རྟོག་གི་འཛིན་པ་ཤས་ཆུང་ནས་ཆུང་དུ་གྱུར་ནས་རྫས་རྒྱུན་ཕྱི་མ་ཐོས་བྱུང་གི་བློ་ཡིད་དཔྱོད་དེ་ཉིད་ཀྱང་བསམ་བྱུང་གི་བློ་རྗེས་དཔག་གི་ངོ་བོར་འགྱུར། རྗེས་དཔག་གི་ཡུལ་ཡང་ཡང་དཔྱད་སྒོམ་བྱེད་པས་དོན་སྤྱིའི་སྣང་བ་སྲབ་ནས་སྲབ་ཏུ་སོང་ནས་མངོན་སུམ་གྱི་ངོ་བོར་འགྱུར། མངོན་སུམ་དེ་ཉིད་ཡང་ཡང་གོམས་པ་མཐར་ཕྱིན་པ་བྱས་ནས་མཐར་རྣམ་མཁྱེན་གྱི་ངོ་བོར་འགྱུར་བ་ནི་ནང་པ་སངས་རྒྱས་པའི་བློ་སྦྱངས་བའི་རིམ་པ་ཡིན་ཞིང་། ད་ལྟ་རང་རེའི་བློའི་ནུས་པ་ཇི་ཙམ་ཡོད་པའི་ཆ་ཤས་ཙམ་ཞིག་བེད་སྤྱོད་གཏོང་ཐུབ་པ་ལས་ཡོངས་རྫོགས་བེད་སྤྱོད་གཏོང་ཐུབ་མེད་པར་བཤད།

རྒྱུ་མཚན་གཞན་ཡང་། སྙོམས་འཇུག་དངོས་གཞི་དག་པ་བ་ཞིག་གི་རྫས་རྒྱུན་ཞིག་སྒྲིབ་ལུང་མ་བསྟན་གྱི་ངོ་བོར་འགྱུར་དུ་ཡོད་པ་བཤད་མ་ཐག་པའི་སྙོམས་འཇུག་ཉོན་མོངས་ཅན་གྱི་མཚན་ཉིད་ཀྱིས་གྲུབ་པས། དེ་འདྲ་བའི་བློ་དོན་མི་མཐུན་པ་སྒྲིབ་ལུང་མ་བསྟན་དེ་ཡང་གཉེན་པོ་སྟོབས་ལྡན་ཞིག་དང་འཕྲད་ཚེ་ཡང་བསྐྱར་བློ་དོན་མཐུན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པར་རིགས་པ་མཚུངས་པའི་ཕྱིར་ཏེ། ཚ་གྲང་གཉིས་གང་སྟོབས་ཆེ་ན་གཅིག་ཤོས་གཞན་གྱི་རྫས་རྒྱུན་རང་གི་རྫས་འདྲེས་ནས་གནོད་བྱའི་རྫས་ཀྱི་ནུས་པ་མེད་པར་བཟོས་པ་ཡིན།

མི་དགེ་བ་ཁོང་ཁྲོ་ལྟ་བུ་ཞིག་བློ་དོན་མཐུན་གྱི་ངོ་བོར་འགྱུར་ཚུལ་ཇི་ལྟར་ཡིན་ཞེ་ན། སྤྱིར་བཏང་ཤེས་པ་བྱེ་བྲག་པ་ཞིག་གིས་ཐོག་མར་ཡུལ་བུམ་པ་འཛིན་ལ་ཤེས་པ་དེའི་རྒྱུན་གྱིས་ཀ་བ་མི་འཛིན་ཞེས་ཤེས་པ་ཞིག་གི་བཟུང་ཡུལ་བྱེ་བྲག་པ་གཅིག་རང་འཛིན་པ་ཧ་ཅང་་འཇོག་དཀའ་ཞིང་། དང་པོ་བུམ་པ་འཛིན་པའི་ཤེས་པ་ཡིན་ཡང་དམིགས་རྐྱེན་བུམ་པ་ཉེ་བར་གནས་པ་དང་བྲལ་ཞིང་། དེ་མ་ཐག་རྐྱེན་བུམ་པ་ཡིད་ལ་བྱེད་པ་ཡང་མེད་པར་གྱུར་དུས་བུམ་པ་མི་འཛིན་པར་འགྱུར་ཞིང་། དམིགས་རྐྱེན་ཀ་བ་དང་ཕྲད།  དེ་མ་ཐག་རྐྱེན་ཀ་བ་ཡིད་ལ་བྱེད་པ་བྱུང་ན་སྔར་གྱི་བུམ་འཛིན་མིག་ཤེས་ཀ་བ་འཛིན་པའི་ཤེས་པར་འགྱུར་བ་རང་རེའི་མྱོང་བ་དང་རིགས་པས་ཀྱང་གྲུབ་པ་སྟེ། ཉིན་ཞིག་ལ་ཡུལ་གྲངས་ལས་འདས་པ་མཐོང་བའི་ཤེས་པ་སྐྱེ་བས། དེ་དག་སྦྲུལ་མགོ་གཤིབས་པ་ལྟར་ཤེས་པ་མང་པོ་ཞིག་སྐྱེ་མེད་པ་མྱོང་བས་གྲུབ་ཅིང་། བུམ་པ་བརྗེད་པའི་དུས་སུ་སྔར་གྱི་བུམ་འཛིན་ཤེས་པ་བག་ལ་ཉལ་དུ་ཆུག་ཀྱང་སླར་ཡང་ཤེས་པའི་ངོ་བོར་ལྡང་བའི་ཚེ། བུམ་འཛིན་ཤེས་པ་རང་ལ་ལྡང་དགོས་དོན་མེད་ཅིང་། ཤེལ་ནི་ཚོན་མདོག་གང་ཞིག་དང་ཕྲད་ན་དེའི་རྣམ་ཅན་དུ་སྐྱེ་བ་ལྟར་བག་ལ་ཉལ་བའི་ཤེས་པ་དམིགས་རྐྱེན་དང་བདག་རྐྱེན་དང་དེ་མ་ཐག་རྐྱེན་གང་ཞིག་གིས་བག་ལ་ཉལ་བ་ལས་བསླངས་ན་ཤེས་པ་དེའི་རྣམ་ཅན་དུ་སྐྱེ་བས་ཡུལ་གཅིག་ལ་གཏན་འཇགས་དམིགས་པས་ཁྱབ་པ་གཏན་ནས་མེད་པ་དང་།

ཤེས་པ་དེའི་དམིགས་རྣམ་ཤོར་བ་ཙམ་གྱིས་ཤེས་པ་དེ་རྒྱུན་ཆད་པར་འགྱུར་བ་གཏན་ནས་མིན་ཏེ། མི་དགེ་བ་ཁོང་ཁྲོ་ལྟ་བུ་དང་པོ་ཉིད་ནས་ཁོང་ཁྲོའི་ངོ་བོར་མ་གྲུབ་པ་དང་། ཁོང་ཁྲོ་ལ་གནོད་བྱེད་ཀྱི་གཉེན་པོ་སྟོབས་ལྡན་དང་འཕྲད་པའི་ཚེ་སྔར་གྱི་འཛིན་སྟངས་ཀྱི་ཡུལ་ཞིག་པ་ཙམ་ཡིན་པས་ཁོང་ཁྲོའི་གསལ་རིག་ཙམ་ལ་ཁོང་ཁྲོའི་དྲི་མས་མ་གོས་པས་གསལ་རིག་གི་ཆ་ཙམ་ཞིག་ནམ་ཞིག་ལ་བློ་དོན་མཐུན་གྱི་ངོ་བོར་འགྱུར་བ་ཡོད་པ་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པས་ཤེས་པ་སྟེ། བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཆོས་ཅན། གོམས་བྱའི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་ན་གསལ་སྣང་མཐར་ཐུག་འབྱུང་རུང་ཏེ། རྟེན་བརྟན་པ་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པ་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་བཞིན། ཞེས་འདོད་ཆགས་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེར་བཀོད་པས་རྟེན་བརྟན་པ་དང་གསལ་སྣང་མཐར་ཐུག་འབྱུང་རུང་ཡིན་པར་ཁས་ལེན་དགོས་ཤིང་། སྡེ་བདུན་རྒྱན་ལས། རྟེན་ནི་གསལ་རིག་ཙམ་ཡིན་ལ། དེ་ལ་བརྟན་པ་གང་གིས་སྒྲུབ་ན་རིག་པ་ཙམ་གྱི་ཡ་མཐའ་ཐུག་མེད་དང་མ་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་གྲུབ་པ་ཡིན་ནོ[6]། །ཞེས་རྟགས་ཀྱི་དོན་རྟེན་བརྟན་པའི་དོན་རྟེན་གསལ་རིག་ཙམ་དང་བརྟན་པའི་དོན་མ་མཐའ་ཐུག་མེད་ཤིན་ཏུ་བརྟན་པོ་མ་མཐའ་ཐུག་མེད་ལ་གསུངས་པས། གལ་ཏེ་འདོད་ཆགས་ཀྱི་རྒྱུན་ཆད་ན། མ་མཐའ་ཐུག་མེད་མིན་པས་རྟེན་གསལ་རིག་ཙམ་བརྟན་པ་མིན་ཟེར་དགོས་པར་འགྱུར་བས་འདོད་ཆགས་ཀྱི་གསལ་རིག་ཙམ་རྒྱུན་གཏན་ནས་ཆད་པ་མིན་ནོ།  །

རིགས་ལམ་འགྲོས་འདིས་འདོད་ཆགས་གཉེན་པོའི་སྟོབས་ཀྱིས་བཅོམ་ཡང་གསལ་རིག་ཙམ་གྱི་རྒྱུན་གནས་པ་ལྟར་སྤྱི་ཚོགས་ཀྱི་ཁྲོད་ཀྱི་དཔེ་མཚོན་ཞིག་བཀོད་པས་ཤེས་ཐུབ་པ་སྟེ། ཆུ་གྲང་མོ་ལ་གནོད་བྱེད་གཉེན་པོ་སྟོབས་ལྡན་ཆུ་ཚ་བོ་ཞིག་དང་འདྲེས་པའི་ཚེ་གྲང་མོའི་ཆ་དེ་མེད་པར་ཆགས་ཀྱང་ཆུ་གྲང་མོའི་རང་བཞིན་བརླན་གཤེར་གྱི་ཆ་ཞིག་ཚ་བོའི་ངོ་བོར་གྱུར་པ་ཡིན་ཏེ། ཆུ་ཚ་བོའི་རྫས་རྒྱུན་སྔ་མ་གང་ཡིན་ཞེ་ན་སྔར་གྱི་ཆུ་གྲང་མོ་ལས་གཞན་མི་རྙེད་པའི་ཕྱིར་རོ། །དེ་བཞིན་འདོད་ཆགས་སོགས་ཀྱི་རང་བཞིན་དྭངས་མ་ཡིན་པས་འཁྲུལ་བའི་ཆ་དང་བྲལ་བ་ན་གསལ་རིག་ཙམ་ཞིག་ལུས་པ་ཡིན་ནོ། །

གལ་ཏེ་བློ་དོན་མི་མཐུན་པ་འདོད་ཆགས་ལྟ་བུ་གསལ་རིག་གི་ཆ་ཞིག་དང་འཁྲུལ་བའི་ཆ་ཞེས་གཉིས་སུ་དབྱེ་ནས་འཁྲུལ་བའི་ཆ་ཤས་དེ་ཉིད་ཤེས་པ་ཡིན་ནམ་ཞེ་ན། འཁྲུལ་བའི་ཆ་དེ་ཉིད་ཤེས་པ་མ་ཡིན་སྙམ་ཏེ། དཔེར་ན། ཆུ་རྙོག་མས་དཀྲུགས་པ་ལ་དྭངས་ཤིང་གཙང་བའི་ཆ་ཞིག་དང་། རྙོག་མའི་ཆ་ཞིག་གཉིས་ཡོད་ཀྱང་། རྙོག་མའི་ཆ་རྐྱེན་གྱིས་གནས་སྐབས་གཞན་དུ་བསྒྱུར་བ་ཙམ་ཡིན་པ་ལས་ཆུ་ཡི་རང་བཞིན་ངོ་མ་མིན་པ་ལྟར་འདོད་ཆགས་ལ་ཚུལ་མིན་ཡིད་བྱེད་ཀྱིས་བསླད་པའི་འཁྲུལ་བའི་ཆ་ཤེས་པའི་རང་བཞིན་ངོ་མ་དེ་མིན་པས་གནས་སྐབས་རྙོག་མ་ཙམ་ཞིག་ཡིན།

མཇུག་བསྡུ་བ།

སྙོམས་འཇུག་གི་དགེ་བ་ཞིག་སྒྲིབ་ལུང་མ་བསྟན་གྱི་ངོ་བོ་སྐྱེ་རྒྱུ་ཡོད་པ་གཞུང་ལུགས་ལས་གསལ་བར་གསུངས་པས་དེ་བཞིན་མི་དགེ་བ་ཞིག་ལུང་མ་བསྟན་གྱི་ངོ་བོར་སྐྱེ་རྒྱུ་ཡོད་པ་དང་། དགེ་བའི་བློ་ཞིག་མི་དགེ་བའི་ངོ་བོར་སྐྱེ་རྒྱུ་ཡོད་པ་དང་།

ལོག་ཤེས་ཞིག་ཀྱང་བློ་དོན་མཐུན་གྱི་ངོ་བོར་འགྱུར་རྒྱུ་ཡོད་པ་ཞལ་གྱིས་བཞེས་དགོས་པ་དེ་རིགས་ལམ་གཅིག་གིས་འགྲོ་སྟངས་མཚུངས་པ་ཡིན། དཔེར་ན། བཟང་པོ་ངན་པ་ལ་འགྱུར་རྒྱུ་ཡོད་ན་ངན་པ་ཡང་བཟང་པོ་ལ་འགྱུར་རྒྱུ་་ཡོད་པ་རིགས་ལམ་དེའི་འགྲོས་ལས་དཔགས་ཐུབ་ཅིང་། དངོས་པོ་གང་ཞིག་འགྱུར་བ་ཇི་ཙམ་སོང་ཡང་རྫས་རྒྱུན་གཏན་ནས་མེད་པར་འགྱུར་མི་སྲིད་དེ། དཔེར་ན། ཤོག་བུ་ཞིག་མེར་བསྲེགས་ན་ཐལ་བར་འགྱུར་བ་དང་ཐལ་བ་མེད་པར་བཟོ་ཐབས་ལ་ཇི་ཙམ་འབད་ཀྱང་དངོས་པོ་གཞན་ཞིག་ལ་འགྱུར་འགྲོ་བ་ལས་འདི་ཕན་ཆད་མི་འབྱུང་བའི་མཚམས་ཤིག་མི་རྙེད་པ་དངོས་པོའི་རང་བཞིན་ངོ་མ་དེ་ཡིན་ནོ། །

རྩོམ་པ་པོ། འཇམ་དབྱངས་ཆོས་གྲུབ།

<ཟུར་ལྟའི་ཡིག་ཆ། >

མདོ། <སངས་རྒྱས།>

མཛོད་རྩ་བ། <སློབ་དཔོན་དབྱིག་གཉེན།>

སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། <རྒྱལ་ཚབ་རིན་པོ་ཆེ།>

རིགས་ཀྱི་སྤྱི་དོན། <རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།>

ནང་པའི་ལྟ་སྤྱོད་ཀུན་བཏུས། <༸གོང་ས་མཆོག།>

[1] སྡེ་དགེ་པར་མ། མངོན་པ་མཛོད། སློབ་དཔོན་དབྱིག་གཉེན། ཤོག་གྲངས། <༡༦>

[2] སྡེ་དགེ་པར་མ། མཛོད་རྩ་བ། སློབ་དཔོན་དབྱིག་གཉེན། ཤོག་གྲངས། <༡༨>

[3] སེར་བྱེས་དཔེ་བསྡུར་མ། རྗེ་བཙུན་པ། རིགས་ཀྱི་སྤྱི་དོན་ལ་དྲངས་པ། ཤོག་གྲངས།༨༧

[4] ནང་པའི་ལྟ་སྤྱོད་ཀུན་བཏུས་ལས། ༸གོང་ས་མཆོག །ཤོག་གྲངས། <༡༡>

[5]  སྡེ་དགེ་བསྟན་འགྱུར། ཐུབ་པའི་དགོངས་རྒྱན། སློབ་དཔོན་འཇིགས་མེད་སྦས་པ། ཤོག་གྲངས། <༢༧༤ན>

[6] སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། མཁས་གྲུབ་རིན་པོ་ཆེ། ཤོག་གྲངས། <༨༠>

Leave a Reply

Your email address will not be published. Required fields are marked *