དྲན་པ་ཉེར་གཞག །
བོད་ཀྱི་སྐད་ཡིག་སྡེ་ཚན། བསྟན་འཛིན་དར་རྒྱས།
དྲན་པ་ཉེར་གཞག་ནི་ཆོས་ཁས་ལེན་མིན་ཀུན་གྱི་སྤྱི་ཆོགས་ཁྲོད་དུ་དར་ཁྱབ་ཆེ་པའི་སེམས་ཀྱི་ཞི་བདེ་སྒྲུབ་པའི་ཐབས་ལམ་ཞིག་ཡིན། དེ་ལ་དེང་འདིར་སྐད་ཆ་བཤད་སྟངས་ལྟར་ན་ཤར་ནུབ་ཀྱི་དྲན་པ་ཉེར་གཞག་ཅེས་པ་ཡང་བཤད་ཀྱི་འདུག་པས་འདི་གཉིས་ཀྱི་སྤྱིར་བཤད་ཙམ་ལ་ཅུང་ཙམ་འཇུག་པར་བྱ།
དང་པོ།
ནུབ་ཕྱོགས་པའི་ཁྲོད་དུ་དར་པའི་དྲན་པ་ཉེར་གཞག་ནི་ཕྱི་ལོ་ ༡༩༧༩ ཙམ་ལ་ཡིན་ཞིང་། ཆོས་ལུགས་ཀྱི་མཚམས་ལས་འདས་ནས་མི་དཀྱུས་མ་དག་གི་སེམས་ངལ་གསོ་བྱེད་དེ་ཡིད་མུག་དང་རྔམ་འཚབ་ཞི་བའི་ཐབས་ཙམ་དང་། རིག་པ་དྭངས་བྱེད་དང་། སྲོག་རླུང་ན་ཚ་སེལ་བྱེད་ཀྱི་ཐབས་བསྟེན་གྱི་ཡོད་པ་རེད། དེ་བས། འདི་ལ་ཆོས་ལུགས་ལ་མ་བརྟེན་པའི་སྒོམ་གྱི་ཉམས་ལེན་ཡང་ཟེར་ན་ཆོག་པ་ཡིན།
དེ་ཡང་ནུབ་ཕྱོགས་པས་གསར་རྙེད་དང་། གསར་གཏོད་བྱེད་པ་ཞིག་མིན་པར་གནས་བརྟན་སྡེ་པ་དང་ཛན་གྱི་ནང་ཆོས་ལས་དཔེ་བླངས་པ་ཞིག་རེད་ཅེས་ཞིབ་འཇུག་པས་བརྗོད།
གནས་བརྟན་སྡེ་པ་དང་ཛན་གྱི་ནང་ཆོས་སུ་བཤད་པའི་དྲན་པ་ཉེར་གཞག་ཀྱང་ལམ་དང་མཁྱེན་པ་ཡིན་མི་དགོས་ཤིང་། དམིགས་པ་གང་ཡང་རུང་བ་ཞིག་དམིགས་ནས་དྲན་པས་དེ་ཉིད་བཟུང་བ་ཞིག་ལ་ངོས་འཛིན་བྱེད་པ་སྣང་།
- Zazen (Sitting Meditation) བཞུགས་སྒོམ། དོན་ནི་སྐུ་གསུང་ཐུགས་གསུམ་དྲང་པོར་བཞག་སྟེ་དབུགས་རྔུབ་ལ་སེམས་གཏད་ནས། རྣམ་རྟོག་རྣམས་ལ་ཞེན་པ་མེད་པར་འདའ་བར་འཇོག་པ་ཡིན།
- Shikazata (“Just Sitting”) བཞུགས་ཙམ་གྱི་སྒོམ། དོན་ནི་ཁྱད་པར་གྱི་དམིགས་པ་མེད་པར། ད་ལྟའི་སྐད་ཅིག་ལ་རིག་པ་ཙམ་གྱིས་མཉམ་པར་འཇོག་པ་ཞིག་ལ་ཟེར།
- Mindful Action དྲན་ཤེས་ཅན་གྱི་སྤྱོད་པ། དོན་ནི་ལས་རྣམས་ལ་དྲན་ཤེས་སུ་སྤྱོད་པ་སྟེ་འགྲོ་བའི་དུས་སུ་འགྲོ་བ། ཟ་བའི་དུས་སུ་ཟ་བ། གང་བྱེད་ཀྱང་ཡིད་ལ་ཡོངས་སུ་གཏད་དེ་སྤྱོད་པ།
- Non-Attachment ཞེན་པ་མེད་པ། དོན་ནི་མྱོང་བ་རྣམས་ལ་འཛིན་པ་མེད་ཅིང་སྤང་བ་མེད་པར་དམིགས་པ།
- Simplicity སྤྲོས་པ་མེད་པ་སྟེ་སྤྲོས་བྲལ་ཀྱང་བརྗོད་ཆོག་པ་ཡིན། དོན་ནི་སེམས་ཀྱི་འཁྲུལ་རྣམ་དོར་ནས་རིག་པ་གསལ་ཞིང་ཞི་བར་གནས་པ་ཞིག་ལ་ཟེར་བ་ཡིན།
དེ་བས་ནུབ་ཕྱོགས་སུ་དར་བའི་དྲན་པ་ཉེར་གཞག་ནི་འབུམ་རམས་པ་སྐུ་ཞབས་ཇོན་ཀེ་པ་ཛིན་གྱིས་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡིན། ཁོང་ནི་ཨ་རིའི་མེ་ས་ཅུ་སེག་གཙུག་ལག་སློབ་གཉེར་ཁང་གི་སྨན་དཔྱད་སྡེ་ཚན་ནས་ཡིན། MBSR ཞེས་པ་གསར་དུ་བཙུགས་ནས་དར་ཁྱབ་ཧ་ཅང་བྱུང་བ་ཡིན།
སྐུ་ཞབས་ཁོང་གིས་ནི་དམིགས་པ་གཏད་ཚུལ་ཅན་ཞིག་གི་སྒོས་ནས་ཆེད་དུ་གཉེར་ནས་དམིགས་པ་གཏོད་པ་ཞིག་ལ་ཟེར་བ་ཡིན།
དེ་བས་ཁོང་ཅག་གི་དྲན་པ་ཉེར་གཞག་ཟེར་བ་ནི་སྒོ་ལྔའི་དབང་ཤེས་ལས་ལ་བཀོལ་བཞིན་དུ། སེམས་ཀྱི་སྟེང་དུ་འབྱུང་བཞིན་པའི་འགྱུར་བ་དག་ལ་ཆགས་སྡང་མེད་པར་དོ་སྣང་སྤྲོད་བཞིན་དུ། ཤེས་འདོད་དང་དཀྱེལ་ཡངས་ཀྱི་ངང་ཚུལ་གྱིས། གནས་སྐབས་ཀྱི་མྱོང་བ་གང་ཡིན་པ་དེར་ཆེད་དུ་གཉེར་ནས་དམིགས་པ་གཏད་པའི་བྱེད་ནུས་ཤིག་ལ་ཟེར་བ་ཡིན།
ཁོང་ཅག་གི་དྲན་པ་ཉེར་གཞག་སློབ་ཚན་འཚོག་སྟངས་ཡང་དྲན་པ་ཉེར་གཞག་ཉམས་སུ་ལེན་ཚུལ་གང་ཡིན་ཟེར་ན།
༡། དུས། བདུན་ཕྲག་བརྒྱད་ཀྱི་དུས་ཡིན་ཅན།
༢། གནས། མི་ཚོགས་ཁྲོད་དུ།
༣། སློབ་ཐུན། བདུན་ཕྲན་རེ་ལ་ཆུ་ཚོད་གཉིས་དང་ཕྱེད། དེའི་སྟེང་དུ་ཉིན་གཅིག་ཧྲིལ་བོར་སྒོམ་སྒྲུབ་ཡིན།
༤། ལག་ལེན། བཤད་པ་དང་ལག་ལེན་གཉིས་ཀ་འདུས།
༥། ནང་སྦྱོང་། ཉིན་རེར་སྐར་མ་༤༥རིང་མཉེན་ཆས་ལ་ཉན་བཞིན་སྒོམ་རྒྱག་རྒྱུ་བཅས་ཡིན།
ནུབ་ཕྱོགས་པས་དྲན་པ་ཉེར་གཞག་གི་ཉམས་ལེན་ནི་ཞི་གནས་དང་ལྷག་མཐོང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དོན་མིན་པས་རང་ཉིད་ཀྱི་གནས་སྐབས་ཀྱི་སེམས་ཀྱི་བདེ་སྐྱིད་དང་། སེམས་དུབ། ཡིད་མུག ། དངངས་འཚབ། ཞེ་སྣང་ཞི་བའི་ཐབས་ཤིག་འདོད་པ་འདུག་སྙམ་མོ། །
གང་ལྟར་ཁོང་ཅག་གིས་ཉམས་ལེན་ནི་ལྷ་ཆོས་ལས་མི་ཆོས་དང་། མི་ཆོས་ལས་སྐབས་དང་དུས་ཀྱི་སེམས་ལ་བདེ་སྐྱིད་སྒྲུབ་པའི་ཐབས་ཤེས་ཙམ་ཞིག་རེད་ཀྱང་ཟེར་ཆོག་མོད། ཆོས་པ་རྣམ་དག་རྣམས་ཀྱིས་ཆོ་མེད་པ་འདྲ་མཐོང་སྲིད་ཀྱང་། ད་ལྟའི་འཁྲུག་ཆ་ཆེ་བའི་འཇིག་རྟེན་པའི་མི་རྣམས་ལ་ཤིན་ཏུ་ཕན་པ་ཆེན་པོ་ཞིག་མངོན་ཏེ།
༡། སེམས་ངལ་དང་སེམས་འཚབ། ཡིད་མུག་ཉུང་དུ་གཏོང་ཐུབ་པ།
༢། སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ་པ།
༣། དཀའ་ཚེགས་ཆེ་བའི་དུས་སུ་གདོང་ལེན་གྱི་ནུས་པ་ཆེ་རུ་ཡོང་བ།
༤། དྲན་པ་གསལ་དུ་ཡོང་བ།
༥། དམིགས་པ་བརྟན་དུ་ཡོང་བ།
༦། ཁྲག་ཤེད་དམའ་རུ་གཏོང་བ།
༨། བྱམས་པ་དང་སྙིང་རྗེ་གང་ཆེ་རུ་འགྲོ་བ།
༩། མཛའ་བརྩེ་ཟབ་ཏུ་གཏོང་ཐུབ་པ།
༡༠། མི་རྣམས་དང་འབྲེལ་བ་བཟང་དུ་འགྲོ་བ་བཅས། ཚན་རིག་གི་ལམ་ནས་གསར་རྙེད་བྱུང་འདུག །
གཉིས་པ། བོད་བརྒྱུད་ནང་བསྟན་ལས་བཤད་པའི་དྲན་པ་ཉེར་གཞག །
དང་པོ་མདོ་ལས་གསུངས་པ་དང་བསྟན་བཅོས་ལས་གསུངས་པ་བསྟན་པ།
དང་པོ་རྒྱལ་བའི་ཡུམ་རྒྱས་འབྲིང་གཉིས་ལས། གསོལ་པ། བཅོམ་ལྡན་འདས་འདི་ལྟར་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེར་བར་བཞག་པ་ཕ་རོལ་ཏུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ལུས་དང་ཚོར་བ་དང་སེམས་དང་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་དང་། བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས་དམིགས་སུ་མཆིས་པའི་སླད་དུ། འདི་ནི་དྲན་པ་ཉེར་བར་བཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
བསྟན་བཅོས་ལས་གསུངས་པ་ནི། མདོ་སྡེ་རྒྱན་དང་། དབུས་མཐའ་ལས་གསུངས་ཚུལ།
དང་པོ། མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ་བཅུ་དགུ་པ་ལས།
བློ་ལྡན་དྲན་པ་ཉེར་གཞག་པ། །
སྒོམ་པ་རྣམ་པ་བཅུ་བཞི་ཡིས། །
མཚུངས་པ་མེད་པ་ཕྱིར་ན་དེ། །
དེ་ལས་གཞན་ལས་ཁྱད་པར་འཕགས།
རྟེན་དང་གཉེན་པོ་དག་དང་ནི། །
དེ་བཞིན་རྗེས་སུ་འཇུག་པ་དང་། །
དམིགས་པ་དང་ནི་ཡིད་བྱེད་དང་། །
ཐོབ་པས་སྒོམ་པས་ཁྱད་པར་འཕགས། །
མཐུན་དང་རྗེས་སུ་འཇུག་པ་དང་།
ཡོངས་སུ་ཤེས་དང་སྐྱེ་བ་དང་། །
ཆེན་པོ་དང་ནི་མཆོག་ཉིད་དང་།
སྒོམ་དང་ཡང་དག་འགྲུབ་པས་གཞན། ཞེས་གསུངས།
ལུང་གི་དོན་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེར་གཞག་རྟེན་དང་གཉེན་པོ་སོགས་ཀྱིས་ཐེག་དམན་ཀྱི་དྲན་པ་ཉེར་གཞག་ལས་མཆོག་ཏུ་གྱུར་པ་ཡིན་པར་བསྟན་ལ།
གཉིས་པ་དབུས་མཐའ་ལས་གསུངས་ཚུལ་ནི། ཇི་སྐད་དུ་དབུས་དང་མཐའ་རྣམ་པར་འབྱེད་པ་སྒོམ་པའི་ལེའུ་བཞི་པ་ལས།
གནས་ངན་ལེན་ཕྱིར་དང་སྲེད་རྒྱུ་ཕྱིར། །
གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །
བདེན་པ་བཞི་ལ་འཇུག་བྱ་བས། །
དྲན་ཉེར་བར་བཞག་པ་བསྒོམས། །ཞེས་གསུངས།
དོན་ནི་སྤང་བྱ་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང་ཐོབ་བྱ་མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་དོན་དུ་བདེན་བཞི་བླང་དོར་ལ་འཇུག་པའི་དྲན་པ་ཉེར་གཞག་བསྒོམས་ཞེས་བསྟན།
དེ་ལྟ་བུ་དྲན་ཉེར་གཞག་འདི་ས་བཅད་བརྒྱད་ཀྱིས་འཆད་དེ། དམིགས་ཡུལ། སྒོམ་ཚུལ། བསྒོམས་པའི་དགོས་པ། ངོ་བོ། དབྱེ་བ། ས་མཚམས། སྒྲ་བཤད། ཐེག་ཆེན་གྱི་དྲན་པ་ཉེར་གཞག་མཆོག་ཏུ་བསྒྲུབ་པ་བཅས་ཡིན།
དང་པོ། ལུས་ཚོར་སེམས་ཆོས་གང་རུང་ཡིན།
དེ་ཡང་སྐབས་འདི་ལུས་ཞེས་པ་ནི། ཉན་ཐོས་ཀྱི་ས་ལས། ལུས་ནི་རྣམ་པ་སུམ་ཅུ་རྩ་ལྔ་ཡོད་དེ། འདི་ལྟ་སྟེ་ནང་གི་དང་། ཕྱི་རོལ་གྱི་དང་། དབང་པོས་ཟིན་པ། དབང་པོས་ཟིན་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་། གནས་ངན་ལེན་པ་དང་ལྡན་པ་དང་། ཤིན་དུ་སྦྱོང་བ་ལྡན་པ་དང་། འབྱུང་བའི་ལུས་དང་། འབྱུང་བ་ལས་གྱུར་པའི་ལུས་དང་། མིང་གི་ལུས་དང་། གཟུགས་ཀྱི་ལུས་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དྭགས་ཀྱི་ཡུལ་པ་དང་། མིའི་དང་། ལྷའི་དང་རྣམ་པ་ཤེས་པ་དང་བཅས་པ་དང་། རྣམ་པ་ཤེས་པ་མེད་པ་དང་།
ནང་གི་ལུས་དང་། ཕྱི་རོལ་གྱི་ལུས་དང་། ཡོངས་སུ་གྱུར་པ་དང་། ཡོངས་སུ་མ་གྱུར་པ་དང་། བུད་མེད་ཀྱི་ལུས་དང་། སྐྱེས་པའི་ལུས་དང་། མ་ནིང་གི་ལུས་དང་། མཛའ་བཤེས་ཀྱི་ལུས་དང་། དགྲ་བོའི་ལུས་དང་། ཐལ་མ་པའི་ལུས་དང་། ལུས་ངན་པའི་ལུས་དང་། ལུས་འབྲིང་དང་། ལུས་བཟང་པོ་དང་། གཞོན་ནུའི་ལུས་དང་། ལང་ཚོའི་ལུས་དང་། རྒན་པོའི་ལུས་ཏེ་དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་བ་ཡིན་ནོ། །
ཚོར་བ་དྲན་པ་ཉེར་གཞག་ནི། ཉན་ཐོས་ཀྱི་ས་ལས། དེ་དག་ནི་་ཚོར་བ་རྣམ་པ་ཉི་ཤུ་རྩ་གཅིག་གམ། རྣམ་པ་དགུར་འགྱུར་རོ། །ཞེས་རྩ་བའི་དབྱེ་བ་དགུ་དང་ཡན་ལག་དབྱེ་བ་གི་ཉི་ཤུ་རྩ་གཅིག་བཤད་པ་ཡིན་ནོ། །
རྩ་བའི་དབྱེ་བ་དགུ་ནི་བདེ་སྡུག་བཏང་སྙོམས། ལུས་དང་སེམས་དང་ཟང་ཟིང་དང་ཟང་ཟིང་མེད་པ་དང་། ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ལ་བརྟེན་པའི་ཚོར་བ་དང་བཅས་པ་རྣམས་སོ། །
ཡན་ལག་གི་དབྱེ་བ་ཉི་ཤུ་རྩ་གཅིག་ནི་བདེ་སྡུག་བཏང་སྙོམས་གསུམ་དང་། ལུས་ཀྱི་དེ་གསུམ་དང་། ཟང་ཟིང་གི་གསུམ་དེ་གསུམ་དང་། ཟང་ཟིང་མེད་དེ་གསུམ་དང་། ཞེན་པ་ལ་བརྟེན་དེ་གསུམ་དང་། ངེས་པར་འབྱུང་བར་བརྟེན་པའི་དེ་གསུམ་ཏེ་བདུན་གསུམ་ཉི་ཤུ་རྩ་གཅིག་གོ །
སེམས་དྲན་པ་ཉེར་གཞག་ནི། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་ཉེ་བར་བཞག་པ་གང་ཞེ་ན། གང་བྱང་ཆུབ་སེམས་པ་དེའི་བྱང་ཆུབ་ཀྱི་སེམས་མ་བརྗེད་པ། དྲན་པས་བསྲུངས་ཤིང་མི་གཡེང་བ་སྟེ། དེ་སེམས་འདི་ལྟར་རྟོག་གོ ། སེམས་ནི་སྐྱེས་ནས་ཞིག་ཅིང་ཞུ་སྟེ་མི་གནས་པའོ། །ནང་ན་ཡང་མི་འདུག ། ཕྱི་རོལ་དུ་ཡང་མི་འཕོས། གཉི་ག་མེད་པ་ཡང་མི་དམིགས་ཏེ། གང་དག་བྱང་ཆུབ་ཀྱི་སེམས་དང་པོ་སྐྱེས་པ་དེ་ནི་ཟད་ཅིང་འགགས་སྟེ། ཡལ་ཞིང་མེད་པར་གྱུར་པས་ཡུལ་མི་གནས། ཕྱོགས་ན་མི་གནས་ཏེ་དེ་ནི་གདགས་པར་མི་ནུས་སོ། །ཞེས་ནང་དང་ཕྱི་དང་ཕྱི་ནང་གཉི་གའི་སེམས་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཡུལ་སོ་སོའི་རྣམ་པ་རིག་ཅིང་སེམས་པ་དང་། སྤྱིའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བརྟགས་ཤིང་དྲན་པས་ཡིད་ལ་ཉེ་བར་བཞག་པའོ། །
ཆོས་དྲན་པ་ཉེར་གཞག་ནི། དམིགས་ཡུལ་ལུང་ཕྲན་ཚེགས་དང་རྣམ་པར་ངེས་པའི་མདོ་ལས་གསུངས་པ་བཞིན། ནང་དང་ཕྱི་དང་ཕྱི་ནང་གཉི་གའི་ཆོས་སམ་ཡང་ན་ཉན་ཐོས་ཀྱི་ས་ལས་བཤད་པ་ལྟར་ཆོས་ཀྱི་རྣམ་པ་ཉི་ཤུ་ལ་སོགས་གང་རུང་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་རང་གི་ངོ་བོ་འཛིན་ཅིང་སེམས་ཞི་བ་དང་མ་ཞི་བ་ལ་སོགས་པ་དང་སྤྱིའི་མི་རྟག་པ་དང་། སྡུག་བསྔལ། སྟོང་པ། བདག་མེད་པ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བརྟགས་ཤིང་དྲན་པའི་ཡིད་ལ་བཞག་པའོ། །
ས་བཅད་གཞན་རྣམས་རང་ཉིད་ལེ་ལོས་རྐྱེན་པས་རྩོམ་དུས་བརྒལ་ཟིན་པ་ལ་བརྟེན་ནས་འགོད་ཐབས་བྲལ།
གོང་དུ་བཤད་པའི་དམིགས་ཡུལ་གཙོ་བོ་ཤར་ནུབ་ཀྱི་དྲན་པ་ཉེར་གཞག་ཅེས་མིང་གིས་བོས་ཀྱང་དོན་དུ་ནང་བསྟན་ཆོས་ལུགས་ཀྱིས་གསུངས་པའི་བདེ་སྐྱིད་སྒྲུབ་ཐབས་ཤིག་ཡིན་པ་ཤེས་ཆེད་དང་། དེ་དང་། མདོ་དང་བསྟན་བཅོས་ཀྱི་ལུང་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཙམ་ལས་རང་ཉིད་ཤེས་པ་དམན་པ་དང་ལེ་ལོ་རྐུན་པོས་ཤེས་རབ་ཟོས་ཟིན་པས་དོན་གཉེར་ཅན་མང་པོ་ཞིག་ལ་བཞད་གད་ཀྱི་གནས་ཤིག་ལས་ཕན་ངེས་ཀྱི་བསྐུལ་སློང་ནི་འཁྱེར་མ་ཕོད།
སེར་བྱེས་ཏྲེ་ཧོར་བསྟན་འཛིན་དར་རྒྱས་ཀྱིས་བྲིས།
