ཕྱིར་མི་ལྡོག་པའི་རྟགས་དང་དེ་ལས་འཕྲོས་པའི་དབང་པོ་རྣོ་རྟུལ་ལ་དཔྱད་པ།
ཐུབ་བསྟན་རྣམ་དག
༄༅། །ཀུན་མཁྱེན་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །
བདུད་བཞི་ཐུལ་ནས་བྱང་ཆུབ་མཆོག་ཐོབ་པ། །
འགྲོ་བའི་བླ་མ་མཆོག་ལ་སྐྱབས་སུ་མཆི། །
མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་སོགས། །
ཆོས་ཀྱི་བསྟན་བཅོས་ལྔ་ཡི་རྩ་བ་མཛད། །
ཐེག་ཆེན་ལམ་རིམ་གསལ་བར་བསྟན་པ་ཡིས། །
རྗེ་བཙུན་བྱམས་མགོན་ཞབས་ལ་གུས་པས་འདུད། །
ཆོས་ཀྱི་བསྟན་བཅོས་ལྔ་ཡི་ཟབ་མོའི་དོན། །
འགྲེལ་བྱེད་མཁས་པ་ཆེན་པོ་རྣམས་ཀྱིས་ཕྱེ། །
རྒྱ་བོད་མཁས་གྲུབ་སློབ་དཔོན་དམ་པ་རྣམས། །
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །
དེ་ཡང་ཡུལ་ཁྱད་པར་ཅན་ལ་བསྟོད་ཕྱག་སྔོན་དུ་བཏང་སྟེ་འདིར་གང་གླེང་བར་བྱ་བ་ནི། རྗེ་བཙུན་བྱམས་པ་མགོན་པོའི་བྱམས་ཆོས་སྡེ་ལྔའི་ནང་ཚན་མངོན་རྟོགས་རྒྱན་སྐབས་བཞི་པ་ལས་འཕྲོས་པའི་རྩོམ་ཡིག་ཅིག་འབྲི་རྒྱུའི་ལས་ལ་འཇུག་པའི་ཁུལ་ལགས། དེ་ཡང་ལོ་འདིར་གངས་ཅན་བོད་ཀྱི་ལྷ་སྐལ་འཇིག་རྟེན་ཞི་བདེའི་དེད་དཔོན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་དང་། སེར་བྱེས་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་སློབ་ཐོན་ཐེངས་དང་པོའི་མཛད་སྒོ་དང་འབྲེལ་ནས་ཕར་ཕྱིན་གཞུང་གི་སྐོར་ལ་དཔྱད་རྩོམ་འབྲི་རྒྱུའི་བྱ་བ་བཟང་པོ་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བར་ཡི་རང་བསྔགས་བརྗོད་དང་། རང་ཉིད་ལ་ཕར་ཕྱིན་གཞུང་གི་དཀའ་གནད་འདི་ལྟ་བུར་དཔྱད་བརྗོད་འབྲི་བའི་གནས་ཚད་མེད་ན་ཡང་། ཀུན་སློང་བཟང་པོ་ཞིག་གིས་མཚམས་སྦྱར་དང་བཅས་ལས་འདི་ལ་འཇུག་པར་བྱའོ། །
དེ་ལ་གཞུང་དོན་དངོས་ལ་འཇུག་པ་ནི། རྒྱན་རྩ་བ་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། ། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་སོགས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་གསུངས་པ་འདིའི་སྐོར་ལ་ཅུང་ཟད་དཔྱད་ན། དེ་ཡང་ཤེས་བྱེད་ཀྱི་མདོ་དགོད་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ། ཕྱིར་མི་ལྡོག་པའི་རྟགས་འདི་ཚུལ་གསུམ་ཚང་པའི་རྟགས་ཀྱི་རྣམ་གཞག་བྱ་རུང་མིན། ཞར་བྱུང་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་སྐོར་བཤད་པ་དང་བཞི་ལས། དང་པོ་མདོ་ནི། སྤྱིར་སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་ཞེ་བཞི་པོ་རེ་རེ་ལ་མདོ་རེ་ཡོད་ཀྱང་རེ་རེ་བཞིན་འགོད་ན་ཡིག་ཚོགས་མང་བས་སྤྱིར་བསྟན་གྱི་མདོ་ཙམ་ཞིག་དགོད་ན། དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་པ་ནས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་པ་འདིས་ཕྱིར་མི་ལྡོག་པ་སྤྱིར་བསྟན་པ་ཡིན་ལ། ལེའུ་བརྒྱད་མར་འདི་རྒྱན་དང་སྦྱར་ཞིང་ཉི་སྣང་སོགས་ལས་མ་སྦྱར་རོ། །བརྒྱད་སྟོང་པར་འདི་ལ་མདོ་ཟུར་བ་མེད་དོ། །
གཉིས་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ་ནི། ཐེག་ཆེན་རིགས་ཅན་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ཐེག་ཆེན་ཚོགས་ལམ་གྱི་སྐབས་སུ་ཐབས་ཤེས་ཀྱི་ལམ་རྣམས་ཉམས་སུ་བླངས་བ་ལ་བརྟེན་ནས་རིམ་པ་བཞིན་སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་རྣམས་ཐོབ་ཅིང་། དེ་ཡང་སྤྱིར་ཕྱིར་མི་ལྡོག་པའི་དོན་ནི་གང་ཟག་དེ་དུས་དེ་ནས་བཟུང་སྟེ་ཐེག་པ་གཞན་དུ་མི་ལྟུང་པར་བར་མ་ཆད་དུ་བླ་མེད་རྫོགས་བྱང་ཐོབ་པ་ངེས་པ་ཞིག་ལ་ཟེར་ལ། དེ་ནི་ཚོགས་ལམ་ནས་ཡོད་པས་དེ་ཙམ་ཞིག་ལ་ཕྱིར་མི་ལྡོག་པའི་རྟགས་ཞེས་མི་བརྗོད། འོ་ན་ཕྱི་མི་ལྡོག་པའི་རྟགས་ཞེས་པ་ནི། རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་མཚན་མའམ་རྟགས་ལ་བརྗོད་ལ། དེ་ལ་ཡང་ཐེག་ཆེན་གྱི་སྦྱོར་ལམ་གྱི་སྐབས་སུ་ཐོབ་པའི་རྟགས་ཉི་ཤུ་དང་། མཐོང་ལམ་གྱི་སྐབས་སུ་ཐོབ་པའི་རྟགས་བཅུ་དྲུགས་བརྒྱད་པ་སྒོམ་ལམ་གྱི་སྐབས་སུ་ཐོབ་པའི་རྟགས་བརྒྱད་བཅས་ཡོད་ཅིང་དེ་དག་རྒྱས་པར་གཞུང་ཉིད་ལས་ཤེས་པར་བྱའོ། །
ཡིག་ཆར་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད་ལ་བསམས་ནས་རྗེས་འབྲང་འགའ་ཞིག་གིས་ཕྱིར་མི་ལྡོག་པའི་རྟགས་ལ་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཡིན་པས་ཁྱབ་བ་འདོད་ཀྱང་རྗེ་ཡབ་སྲས་གསུམ་གྱི་གཞུང་གི་དགོངས་པ་དང་མཐུན་མིན་དཔྱད་དགོས་ཏེ། ལེགས་བཤད་གསེར་ཕྲེང་ལས། དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་མེད་པར་རྟོགས་པས་དེ་དག་ལ་བདེན་ཞེན་ལྡོག་པའི་ཤེས་རབ་ཀྱིས་མཚོན་པའི་སྙིང་རྗེ་ཆེན་པོ་སྟེ། ཐབས་ཤེས་རྒྱུན་ཤིན་ཏུ་བརྟན་པ་གཉིས་ནི་རྟགས་ཀྱི་གཙོ་བོ་ཡིན་ལ། གཞན་རྣམས་ཆ་ཙམ་རིགས་པར་བྱའོ། །ཞེས་རྟགས་ཞེ་བཞི་ལས་ཆོས་རྣམས་བདེན་སྟོང་རྟོགས་པའི་རྟགས་དང་དེས་ཟིན་པའི་ཐབས་སྙིང་རྗེ་ཆེན་པོ་གཉིས་ཏེ་ཐབས་ཤེས་ཀྱི་རྒྱུན་ཤིན་ཏུ་བརྟན་པ་གཉིས་གཙོ་བོ་དང་། དེ་ལས་གཞན་པའི་ནང་རྟགས་རྣམས་ཕལ་བ་ལ་བཤད་ཅིང་།
རྣམ་བཤད་ལས། དེ་འདྲའི་སྐད་ཅིག་བཅུ་དྲུག་གིས་བསྡུས་པའི་ཐབས་ཤེས་ཁྱད་པར་ཅན་དང་། དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ནི་ཆོས་ཅན། བློ་ལྡན་དབང་པོ་འབྲིང་པོ་མཐོང་བའི་ལམ་གནས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར། ཞེས་མཉམ་གཞག་གནས་སྐབས་སུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་དྲངས་པའི་རྗེས་ཐོབ་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཐབས་ཤེས་ཁྱད་པར་ཅན་མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པའི་ཕྱིར་དང་། རྟོགས་དཀའི་སྣང་བ་ལས། ཕྱིར་མི་ལྡོག་པར་སྒྲུབ་པའི་རྟགས་ནི། མདོ་ལས་ཉི་ཤུ་དང་བཅུ་དྲུག་ལ་སོགས་པ་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཡིན་གྱི། ཡང་དག་པར་ན་འབྲས་བུ་བྱང་ཆེན་བསྐྱེད་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་ཐབས་ཤེས་ཁྱད་པར་ཅན་དང་། དེས་ཀུན་ནས་བསླངས་པའི་ལུས་ངག་གི་རྣམ་པ་རིག་བྱེད་ཁྱད་པར་ཅན་དག་ཡིན་ནོ། །ཞེས་ཡབ་སྲས་གསུམ་ཀས་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པ་གཉིས་རྟགས་སུ་བཞེད་པ་གསལ་པས་ཕྱིའི་རྟགས་ཁོ་ནའི་དབང་དུ་བྱས་པར་མི་རིགས་སོ། །
དེས་ན་ཕྱིར་མི་ལྡོག་པའི་རྟགས་ལ་ནང་གི་རྟགས་དང་ཕྱིའི་རྟགས་གཉིས་ཡོད་ཅིང་རྗེ་བཙུན་པས་དེ་གཉིས་ཀ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཀྱི་མཚན་ཉིད་ཡིན་པ་ལས་ཕྱིའི་རྟགས་ཁོ་ནའི་དབང་དུ་བྱས་ན་ཁྱབ་ཆུང་བ་སེམས་སོ། །
འོ་ན། རྗེ་བཙུན་པའི་སྐབས་བཞི་པའི་སྤྱི་དོན་ལས། སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐད་ཅིག་དང་པོ་ལ་གནས་པའི་སེམས་དཔའ་དབང་རྣོན་དང་། བྱང་སེམས་མཐོང་ལམ་དབང་འབྲིང་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་སེམས་དཔའ་དེ་གཉིས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པར་བཤད་པ་མི་འཐད་པར་ཐལ། དེའི་གནས་སྐབས་སུ་ཐབས་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་ཐོབ་པ་གང་ཞིག ། དེ་ཕྱིར་མི་ལྡོག་པའི་རྟགས་ཡིན་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་ཏེ། དེའི་གནས་སྐབས་སུ་རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་རྟགས་གཟུང་སླ་བ་མ་ཐོབ་པས་དེའི་རྒྱུད་ཀྱི་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་གཉིས་ནི་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ནོ། །འོ་ན་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཆོས་ཅན། མཐོང་ལམ་ཕྱིར་ལྡོག་པའི་རྟགས་མ་ཡིན་པར་ཐལ། འདོད་ན། རྣམ་བཤད་ལས། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་འདི་རྣམས་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ན་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ནོ། །ཞེས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་མཉམ་གཞག་གནས་སྐབས་སུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་དྲངས་པའི་རྗེས་ཐོབ་སྐད་ཅིག་མ་བཅུ་དྲུག་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་གིས་བཏགས་ནས་མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པ་ལས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པ་མིན་ནོ། །
དེས་ན་ཕྱིར་མི་ལྡོག་པའི་རྟགས་ལ་ནང་རྟགས་དང་ཕྱི་རྟགས་གཉིས་ལས། ཕྱི་རྟགས་ལས་ནང་རྟགས་དཔོག་པ་འབྲས་རྟགས་དང་། ནང་རྟགས་ལས་རང་གང་ལ་ལྡན་པའི་བྱང་སེམས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་དཔོག་པ་རང་བཞིན་གྱི་རྟགས་སོ། །འོ་ན། ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ལས་ཐབས་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་དཔོག་པ་དེ། བྱང་སེམས་ཚོགས་ལམ་ན་མེད་པར་ཐལ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ས་མཚམས་སྦྱོར་ལམ་དྲོད་ནས་འཇོག་དགོས་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་ཚོགས་ལམ་ན་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཡོད་པའི་ཕྱིར་ཏེ། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་སོ་སོ་སྐྱེ་བོ་ལས་དང་པོ་བའི་དུས་ནའང་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ན་མཆི་མས་མིག་བརླན་པ་དང་ལུས་ཀྱི་བ་སྤུ་ལྡང་བ་དང་། སྐབས་བཞི་པའི་སྤྱི་དོན་ཐར་བ་ཆ་མཐུན་སྒྲུབ་པའི་སྐབས་སུ་ཐར་པ་ཆ་མཐུན་ཐོབ་པའི་རྟགས་ལ་མི་རྟག་པར་དང་བདག་མེད་པར་དང་འཁོར་བའི་ཉེས་མིག་མཐོང་བ་ན་ལུས་ལ་བ་སྤུ་ལྡང་བ་དང་མིག་ལ་མཆི་མ་འཁྲུགས་པ་སོགས་བཤད་པའི་ཕྱིར་ཟེར་ན། དེའི་སྐབས་སུ་ལུས་ངག་གི་རྟགས་ཐོབ་ཀྱང་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་གྱི་རྟགས་མ་ཐོབ་ཟེར་དགོས་སྙམ་སྟེ། ཚིག་གསལ་ལས། རིགས་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོ་མཛད་པ་ཞིག་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་ཀྱང་། རང་གི་རྟོགས་པ་དང་འཚམས་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་ཕྱིར་དང་། རང་ལ་དངོས་པོ་ངེས་ཀྱང་ངེས་པར་བྱེད་པའི་རྟགས་གཟུང་སླ་བ་ཡང་མེད་པའི་ཕྱིར། ཞེས་དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཅིང་། དེས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པ་བཤད་པའི་ཕྱིར་རོ། །
ཡིག་ཆར། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་རང་རྒྱུད་ལ་ཐོབ་པའི་སེམས་དཔའ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད་དུ་གསུངས་ལ། ནམ་རྒྱུན་ཆོས་རའི་ནང་། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་པའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་བར་ལ་བདེན་ཞེན་མངོན་འགྱུར་བ་ལྡོག་པའི་དོན་དུ་བཤད་ཀྱང་། རྒྱལ་ཚབ་རིན་པོ་ཆེའི་ལམ་རིམ་ཐེག་མཆོག་སྒོ་འབྱེད་ལས། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་མདོར་བསྟན་རྒྱས་བཤད་ཀྱིས་བཤད་པ་རྣམས་ཏེ། ཁ་ཅིག་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པ་དགོས་པར་འདོད་པ་ནི་མི་འཐད་དེ། བདེན་འཛིན་མངོན་གྱུར་བ་ས་བདུན་པའི་བར་གྱི་རྗེས་ཀྱི་གནས་སྐབས་སུ་འཇུག་པའི་ཕྱིར་རོ། །དེས་ན་སྔར་བཤད་པ་ལྟར་སྟོང་ཉིད་ལ་མཉམ་པར་བཞག་པའི་ཚེ། སྐྲག་པ་ཕལ་ཆེར་མི་འབྱུང་བའི་དོན་ནོ། །ཞེས་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ། ཞེས་པའི་ལུས་མདོར་བསྟན་གྱི་སྐབས་སུ་རྣམ་བཤད་ལས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱིས་བསྡུས་པའི་དགེ་འདུན་གྱི་མཚན་ཉིད། གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་རྟགས་གང་རུང་ཐོབ་པའི་སེམས་དཔའ། ཞེས་གཟུགས་སོགས་ཀྱི་འདུ་ཤེས་ལྡོག་ཞེས་པ་གཟུགས་སོགས་ཀྱི་ཆོས་ཉིད་ལ་སྐྲག་པའི་འདུ་ཤེས་མངོན་འགྱུར་བ་ལྡོག་པར་བཤད་ན། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གཞུང་གི་དགོངས་པ་དང་མཐུན་ཤས་ཆེ་བས་མཐའ་གཅིག་ཏུ་གཟུགས་སོགས་ལ་བདེན་ཞེན་མངོན་འགྱུར་ལྡོག་པར་སྦྱར་དགོས་པ་མ་མཐོང་ངོ་། གཞན་ཡང་ཡིག་ཆར། སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ་འཇོག་སྐབས་རང་གང་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་དབང་འབྲིང་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པའི་སྒྲུབ་བྱེད་རྣམ་དག་ཅེས་མཐོང་ལམ་ལ་དབང་པོའི་ཁྱད་པར་དངོས་སུ་སྦྱར་ཞིང་ཐོག་མཐའ་གཉིས་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་དངོས་སུ་མ་གསུངས་ཀྱང་བར་བ་ལ་དངོས་སུ་བཤད་པས་ཤུགས་ལ་ཐོག་མཐའ་གཉིས་ལ་གོ་དགོས་པ་ཡིན་ནོ། །དེས་ན་སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་གང་རུང་གཅིག་ཐོབ་ན་གཅིག་ཤོས་མ་ཐོབ་པའི་ཁྱབ་ཅིང་། དེ་ཡང་ཐེག་ཆེན་རིགས་ཅན་དབང་པོ་རྣོ་འབྲིང་རྟུལ་གསུམ་ཕན་ཚུན་འགལ་བས་སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་དག་ནང་ཕན་ཚུན་འགལ་བ་ཁོ་ན་ཡིན་ལ། བྱང་སེམས་སྦྱོར་ལམ་པ་དྲོད་དབང་རྣོན་དེས་དུས་ནམ་ཡང་མཐོང་སྒོམ་གྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མི་སྲིད་དོ། །
གསུམ་པ་ཕྱིར་མི་ལྡོག་པའི་རྟགས་འདི་དག་ལ་ཚུལ་གསུམ་ཚང་བའི་རྟགས་ཀྱི་རྣམ་གཞག་བྱར་རུང་སྟེ། མདོ་ཉིད་ལས། རྣམ་པ་དེ་དག་དང་རྟགས་དེ་དག་མཚན་མ་དེ་དག་དང་ལྡན་པ་ཞེས་པས་རྟགས་དང་། བྱང་ཆེན་ཞེས་པས་ཆོས་ཅན་དང་། ཕྱིར་མི་ལྡོག་པ་ཉིད་དུ་གཟུང་བ་བྱའོ་ཞེས་པས་བསྒྲུབ་བྱའི་ཆོས་བསྟན་ཞིང་། རྒྱན་སྣང་ལས། རྣམ་པ་ནི་ལུས་ཀྱི་དགའ་བའི་ཁྱད་པར་ཏེ་བ་སྤུ་ལྡང་བ་དང་མཆི་མ་འཛག་པ་ལ་སོགས་པའོ། །རྟགས་ནི་ངག་གྱི་ཁྱད་པར་ཏེ་དགའ་བས་གསོལ་བ་འདེབས་པ་ལ་སོགས་པའོ། །མཚན་མ་ནི་ཉམས་སུ་ལེན་པའི་ཁྱད་པར་ཏེ་ཉན་པ་དང་འཛིན་པ་དང་ཀློག་པ་དང་མཆོད་པ་ལ་སོགས་པའོ། །ཞེས་རྣམ་པ་ལུས་ཀྱི་ཁྱད་པར་དང་། རྟགས་ངག་གི་ཁྱད་པར་དང་། མཚན་མ་ཉམས་ལེན་གྱི་ཁྱད་པར་ལས་བྱང་ཆེན་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་དཔོག་པར་བཤད་ལ།
རྣམ་བཤད་དང་རྟོགས་སྣང་གཉིས་ལས་ཀྱང་། གཏན་ཚིགས་ཀྱི་རྣམ་གཞག་མང་པོ་བཀོད་ཅིང་རང་བཞིན་གྱི་གཏན་ཚིགས་སུ་བཤད་པ་དེ་དག་རྒྱན་སྣང་ལས་འབྲས་བུ་འབྱུང་རུང་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་སུ་གསུངས་པ་ལྟར་བཞེད་དེ། མདོ་ལས། རྣམ་པ་དེ་དག་དང་རྟགས་དེ་དག་མཚན་མ་དེ་དག་དང་ལྡན་པའི་བྱང་ཆེན་ཕྱིར་མི་ལྡོག་པ་ཉིད་དུ་གཟུང་བ་བྱའོ་ཞེས་པའི་འགྲེལ་ཆེན་ལས། གཟུང་བ་བྱའོ་ཞེས་བྱ་བ་ནི། ནུས་པའི་རྒྱུ་ལས་འབྲས་སྐྱེ་བར། ། རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རིམ་བཞིན་ཡིན་པར་བརྗོད། །ཅེས་རང་བཞིན་གྱི་གཏན་ཚིགས་སུ་བཤད་དོ། །
འོ་ན་གསེར་ཕྲེང་ལས། འདི་དག་ལ་ཚུལ་གསུམ་ཚད་མས་ངེས་བའི་རྟགས་ཀྱི་རྣམ་གཞག་བྱ་མི་རུང་སྟེ། གཞན་རྒྱུད་ཇི་ལྟ་བ་བཞིན་མཁྱེན་པའི་རྣལ་འབྱོར་པ་ལ་ནི་རྟགས་ཀྱི་སྒྲུབ་པ་ལ་དགོས་པ་མེད་ལ་རྟོགས་པ་དམའ་བ་དག་གིས་ནི་ལུས་ངག་གི་ཐ་སྙད་ཙམ་ཞིག་ལས་དཔོག་ན་འཁྲུལ་ཞིང་། ཐ་སྙད་ཁྱད་པར་ཅན་ཕྱིར་མི་ལྡོག་གི་རྟོགས་པ་ལ་མི་འཁྲུལ་བ་ནི་མ་ངེས་ཏེ། ཕྱིར་མི་ལྡོག་པའི་ནང་གི་རྟོགས་པ་ནི་གང་ཟག་དེ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པས་སོ། །ཞེས་གསུངས་བ་དང་འགལ་ལོ་ཞེ་ན། དེའི་དོན་ནི། ལུང་ལ་མ་བརྟེན་པར་དངོས་སྟོབས་ཀྱི་རྟགས་རྐྱང་པ་ལ་བརྟེན་ནས་ཚུལ་གསུམ་ཚང་བའི་རྟགས་ཀྱི་རྣམ་གཞག་བྱ་མི་རུང་ཞེས་པའི་དོན་ཡིན་པའམ། ཡང་ན་ཕར་ཕྱིན་ལམ་བསྒྲིགས་ལས། དེ་ཡང་དབང་པོ་རྣོན་པོས་སྦྱོར་ལམ་དྲོད་ནས་དང་། འབྲིང་པོས་མཐོང་ལམ་ནས་དང་། ཇི་ལྟར་དབང་པོ་རྟུལ་ཡང་ས་བརྒྱད་པ་ནས་ཐོབ་པ་སོགས་ནི་ལུང་ལ་བརྟེན་ནས་དཔག་པར་བྱ་བ་ཡིན་གྱི་སོ་སོ་སྐྱེ་བོ་ལམ་དུ་མ་ཞུགས་པ་རྣམས་ཀྱིས་དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་རྟོགས་ནུས་པ་མིན་ནོ། །ཞེས་གསུངས་བ་ལྟར་ལམ་མ་ཞུགས་ཀྱི་གང་ཟག་གི་ངོར་ཚུལ་གསུམ་ཚང་བའི་རྟགས་ཀྱི་རྣམ་གཞག་བྱ་མི་རུང་ཞེས་པའི་དོན་ཡིན་པ་ལས་ཚུལ་གསུམ་ཚང་བའི་རྟགས་ཀྱི་རྣམ་གཞག་མི་འདོད་པ་མིན་ནོ། །
དེ་ལྟ་མིན་ན་འཇུག་པ་ལས། སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་པའི་སྐབས་སུ་འཇུག་པ་རང་འགྲེལ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་སྣང་རུང་མ་ཡིན་པས་རྟོགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གཏོང་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ལས་གསལ་བར་དཔོག་པར་བྱེད་པ་ཡིན་ཏེ། དུ་བ་ལ་སོགས་པ་ལས་མེ་ལ་སོགས་པ་དག་བཞིན་ནོ། །ཞེས་དང་། དེའི་ཐད་ཀྱི་དབུ་མ་དགོངས་པ་རབ་གསལ་ལས། གང་ཟག་གཞན་ཕལ་ཆེ་བ་ལ་སྣང་དུ་མི་རུང་བའི་ནང་གི་ས་ཐོབ་པ་སོགས་དཔོག་པའི་རྒྱུར་ཏེ་གཏན་ཚིགས་སུ་འགྱུར་ཏེ། དུ་བ་སོགས་ལས་མེ་ལ་སོགས་པ་དཔོག་པ་བཞིན་ནོ། །ཞེས་གསུངས་བ་མི་འཐད་པར་ཐལ་ལོ། །དེས་ན་དུ་བ་ལས་མེ་དཔོག་པའི་རྟགས་ལྟར་དུ་ཕྱིའི་ཡོ་བྱད་སྟེར་བ་ལ་གུས་པ་དང་སློང་བ་ལ་རང་གི་ཤ་སྟེར་བ་ལའང་ཆེས་གུས་པར་བྱས་པ་དེ་ཡིས་ནང་གི་ས་ཐོབ་པ་དཔོག་པའི་རྒྱུར་ཏེ་གཏན་ཚིགས་སུ་འགྱུར་བ་བཞིན་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ལས་ནང་གི་རྟོགས་པ་དཔོག་པའི་རྒྱུར་ཏེ་གཏན་ཚིགས་སུ་འཐད་དོ་སྙམ་ཏེ། གསེར་ཕྲེང་རང་ལུགས་ལ་འོག་ཏུ་དངོས་པོ་སྟོབས་ཤུགས་ཀྱི་རྟགས་བཞིན་དུ་རྣམ་གཞག་བྱེད་པ་ནི་རིགས་པའི་དབང་ཕྱུག་གི་བཞེད་པ་མ་གོ་བར་གསལ་བ་བྱེད་པའོ། །ཞེས་དངོས་སྟོབས་ཀྱི་རྟགས་དང་སྦྱར་ནས་གསུངས་བའི་ཕྱིར་དང་། དེས་ན་འདི་དག་གིས་སྦྱོར་བའི་དོན་གསུམ་ལུང་འབའ་ཞིག་ལས་འགྲུབ་ཅིང་། ལུང་ཡང་ཁས་བླངས་པ་ལས་ཚད་མར་འགྲོ་བའི་ཕྱིར། ཞེས་གསུངས་པས་སྦྱོར་བ་བཀོད་པ་མེད་ན་སྦྱོར་བའི་དོན་གསུམ་ལུང་ལས་གྲུབ་པར་མེད་པས་སྦྱོར་བའི་རྣམ་གཞག་བྱེད་པ་གསལ་ལོ། །
ཞར་བྱུང་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་སྐོར།
ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དབང་པོ་རྣོ་འབྲིང་རྟུལ་གསུམ་ལས་འཕྲོས་ནས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་དོན་བཤད་པ་ལ། སྤྱིར་དབང་པོ་རྣོ་རྟུལ་གྱི་ཐ་སྙད་ལ་གཞུང་ལས་ཐེག་ཆེན་རིགས་ཅན་དབང་པོ་རྣོ་རྟུལ། རང་བཞིན་གྱིས་དབང་པོ་རྣོ་རྟུལ། ཐེག་པ་གསུམ་གྱི་དབང་པོ་རྣོ་རྟུལ། སྤྱིར་བཏང་དབང་པོ་རྣོ་རྟུལ་ཞེས་ཐ་སྙད་འཇུག་ས་བཞི་ཡོད་ལ། ཐེག་ཆེན་རིགས་ཅན་དབང་པོ་རྣོ་རྟུལ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །ཞེས་སོགས་རྫོགས་པའི་བྱང་ཆུབ་སྒྲུབ་པའི་རྟོགས་པ་བུལ་ཤོས་དེ་རྟུལ་པོ་དང་། མྱུར་ཤོས་དེ་རྣོན་པོ་དང་། དེའི་གཉིས་བར་ནི་དེ་འབྲིང་དང་། ཡང་ན། རྗེ་བླ་མའི་བདེ་སྨོན་རང་འགྲེལ་ལས། དབང་པོ་རྣོན་པོ་ཤ་སྟག་ཏུ་སྐྱེ་བ་འགྱུར་ཅིག ། ཅེས་པའི་སྐབས་སུ་བཤད་པ་ལྟར་ཤེས་རབ་ཆེ་བ་ཟབ་པ་མྱུར་བ་གསལ་བ་བཞི་ལྡན་དེ་ཐེག་ཆེན་རིགས་ཅན་དབང་རྣོན་གྱི་དོན་དང་། བཞི་ལས་གཅིག་ཙམ་མ་ཚང་བ་འབྲིང་དང་། གཅིག་ཙམ་ལྡན་མཁན་དེ་ལ་རྟུལ་པོ་འཇོག་པ་གང་བྱས་ན་འགྲིག་ལ་སྤྱིར་བཏང་དེ་གསུམ་ཀ་དབང་པོ་རྣོན་པོ་ཡིན་ནོ། །
རང་བཞིན་གྱིས་དབང་པོ་རྣོ་རྟུལ་ནི། ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ་ལ་རང་བཞིན་གྱིས་དབང་པོ་རྟུལ་འབྲིང་རྣོ་གསུམ་ལ་བཤད་པ་ཡིན་ཏེ། རྗེ་བཙུན་གྱི་སྦྱོར་ལམ་སྤྱི་དོན་ལས། ཉན་ཐོས་ཡིན་ན་རང་བཞིན་གྱིས་དབང་རྟུལ་དང་། རང་རྒྱལ་ཡིན་ན་རང་བཞིན་གྱིས་དབང་འབྲིང་དང་། བྱང་སེམས་ཡིན་ན་རང་བཞིན་གྱིས་དབང་རྣོན་ཡིན་དགོས་ཏེ། ཞེས་དང་། མཁས་གྲུབ་ཊཱིཀ་ཆེན་ལས་དེ་བཞིན་བཤད་དོ། །
འོན་ཀྱང་། སྐབས་དང་པོའི་སྤྱི་དོན་ལས། སྦྱོར་ལམ་དྲོད་སོགས་བཞིའི་དབྱེ་བ་འབྱེད་སྐབས་ཉན་ཐོས་རྒྱུད་ཀྱི་སྦྱོར་ལམ་དེ་དབང་རྟུལ་རྒྱུད་ཀྱི་སྦྱོར་ལམ་ལ་བཤད་ཀྱང་དེའི་སྐབས་སུ་རང་བཞིན་གྱིས་དབང་རྟུལ་དང་སྤྱིར་དབང་རྟུལ་གཉིས་ཁྱད་མེད་དུ་བྱས་ནས་འགོག་པར་མཛད་པ་ཡིན་པ་ལས་སྤྱིར་དབང་རྟུལ་ཡིན་པ་ཁས་མི་ལེན་ནོ་སྙམ་མོ། །
ཐེག་པ་གསུམ་གྱི་དབང་པོ་རྣོ་རྟུལ་ནི། ཐེག་ཆེན་ལ་ལྟ་བ་རབ་དབུ་མའི་ལྟ་བ་དང་། ཐེག་འབྲིང་ལ་ལྟ་བ་འབྲིང་སེམས་ཙམ་གྱི་ལྟ་བ། ཐེག་ཆུང་ལ་ལྟ་བ་ཐ་མ་གང་ཟག་གི་བདག་མེད་ཐུན་མོང་བའི་ལྟ་བ་བཞག་པའི་སྒོ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་ལ། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་འཇོག་ན་སྐབས་འདིར་འཐད་ལ། ཐལ་འགྱུར་བའི་ལུགས་ལ་ཐེག་པ་གསུམ་གྱི་བསྒོམ་བྱའི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པས་མི་འཐད་དོ། །དེས་ན་ཐལ་འགྱུར་བའི་ལུགས་ལ་དེ་ཁོ་ན་ཉིད་མྱུར་དུ་གཏིང་དཔོག་མི་དཔོག་སྒོ་ནས་འཇོག་ཏེ། རྗེ་བཙུན་གྱི་དབུ་མའི་སྤྱི་དོན་ལས། དེ་ཁོ་ན་ཉིད་མྱུར་དུ་གཏིང་དཔོག་མི་དཔོག་གྱི་སྒོ་ནས་དབང་པོའི་རིམ་པ་མི་འདྲ་བ་གསུམ་གྱི་རྣམ་གཞག་འབྱེད་པའི་ཕྱིར། སྐབས་འདིའི་ཊཱིཀ་ཆེན་གྱི་དོན་འདི་ཁོ་ན་ཡིན་གྱི། འདི་ལས་གཞན་དུ་འཆད་པ་ནི་དགོངས་པ་མ་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་མྱུར་དུ་གཏིང་དཔོག་མི་དཔོག་སྒོ་ནས་ཐེག་པ་གསུམ་གྱི་དབང་པོའི་རིམ་པ་བཤད་དོ། །
སྤྱིར་བཏང་དབང་པོ་རྣོ་རྟུལ་ནི། ཐར་གསལ་ལེའུ་དང་པོ་ལས། དེ་ཡང་དབང་པོ་རྣོ་འབྲིང་རྟུལ་གསུམ་ནི་སྒྲོ་འདོགས་གཅོད་པའི་བྱེད་པ་རྣོ་མི་རྣོའི་ཁྱད་པར་ཡིན་ལ། ཞེས་པ་ལྟར་གསུང་རབ་ཀྱི་དོན་ལ་སྒྲོ་འདོགས་གཅོད་པའི་བྱེད་པ་ཤིན་ཏུ་རྣོ་བ་དེ་རྣོན་པོའི་དོན་དང་། སྒྲོ་འདོགས་གཅོད་པའི་བྱེད་པ་ཤིན་ཏུ་བུལ་བ་དེ་རྟུལ་པོ་བ་དང་། དེ་གཉིས་ཀྱི་བར་ན་གནས་པ་དེ་འབྲིང་ལ་འཇོག་ན་འཐད་དོ། །
འོ་ན། རྒྱུད་བླ་དར་ཊཱིཀ་ལས། ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ནི། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་དགོས་པ་དང་ཐོབ་ནུས་པ་གཉིས་ཚད་མས་ལེགས་པར་གྲུབ་ནས་དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པའི་དམ་བཅའ་འཇོག་པ་ཡིན་གྱི། རྒྱུ་མཚན་ཡང་དག་མ་མཐོང་བར་དམ་འཆའ་བ་དབང་པོ་རྟུལ་པོའི་ལུགས་ཡིན་པའི་ཕྱིར་རོ། ། ཞེས་དང་། རྗེ་བླ་མའི་ཚད་མའི་ལམ་བསྒྲིགས་ལས། ཡིད་ཆེས་ཚད་མར་མི་རུང་ན། ཤིན་ཏུ་ལྐོག་གྱུར་གྱི་དོན་ཡོད་པ་རྟོགས་ལྡན་གྱིས་དམ་བཅའ་མི་རིགས་པར་ཐལ་ལོ། །ཚད་མས་མ་གྲུབ་ཀྱང་དམ་བཅའ་ན་རྟོགས་ལྡན་དུ་མི་འགྱུར་ཏེ། དེ་མེད་པར་ནི་དངོས་པོ་དང་། །དངོས་མེད་རྣམ་གཞག་གང་གིས་ནུས། །ཞེས་བཤད་པ་ལྟར་རོ། །ཞེས་གསུངས་བ་དང་འགལ་ལོ་ཞེ་ན། ལུང་ཚིག་དེ་གཉིས་ཀྱིས་དམ་བཅའི་ཡུལ་ཚད་མས་མ་གྲུབ་ན་དམ་མི་བཅའ་བ་དེ་ཐེག་ཆེན་རིགས་ཅན་དབང་པོ་རྣོན་པོའི་ཁྱད་ཆོས་བཤད་ཀྱང་དེ་ཡིན་ན་ཁྱད་ཆོས་དེ་དང་ལྡན་པའི་མ་ཁྱབ་ཟེར་དགོས་སྙམ་སྟེ། དཔེར་ན། སྤྱོད་པ་ཞི་ཞིང་དུལ་བ་དེ་ཉན་ཐོས་ཀྱི་ཁྱད་ཆོས་ཡིན་ཡང་ཉན་ཐོས་ཡིན་ན་དེ་དང་ལྡན་པའི་མ་ཁྱབ་པ་བཞིན་ཡིན་པ་ལས་དེ་ལྟ་མིན་པར་ཐེག་ཆེན་རིགས་ཅན་དབང་རྣོན་ལ་དམ་བཅའི་ཡུལ་ཚད་མས་མ་གྲུབ་པར་དམ་མི་བཅའ་བས་ཁྱབ་པར་འདོད་ན། སྐབས་འདིར་རང་རྒྱུད་པའི་ལུགས་ཡིན་པས། རང་སྡེ་གྲུབ་མཐའ་སྨྲ་བ་གཞན་རྣམས་ཀྱི་སློབ་དཔོན་དང་དཔལ་ལྡན་ཟླ་བ་སོགས་དབང་པོ་རྣོན་པོ་མིན་པར་ཁས་བླངས་ན་དེ་ལ་སྐུར་འདེབས་ཆེན་པོ་མཐོང་ཞིང་། གསེར་ཕྲེང་ལས། འབྲེལ་བ་བཞི་ཕལ་ཆེར་མེད་དམ་སྙམ་པའི་དོན་མི་འགྱུར་གྱི་དོགས་པ་བཞི་བསལ་ནས། དེ་བཞི་ཕལ་ཆེར་ཡོད་ལས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བཞི་སྐྱེད་དེ་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་སྟེ། ཆོས་མཆོག་གི་ཚད་མ་བརྟགས་པ་ལས། ཞེས་སོགས་རྒྱན་གྱི་ཆེད་དུ་བྱ་བའི་འདུལ་བྱས་བསྟན་བཅོས་མངོན་རྟོགས་རྒྱན་ལ་ཐེ་ཚོམ་གྱི་སྒོ་ནས་འཇུག་པ་གསུངས་པ་དག་ལས་ཤེས་ནུས་སོ། །
རེ་ཞིག་དེ་ཙམ་གྱིས་ཆོག་པས་མཇུག་བསྡུ་དང་འབྲེལ། ད་ལན་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་དཔྱད་རྩོམ་འདི་རྗེ་བླ་མས་ལྟ་གྲུབ་ཀྱི་དོན་གང་ཞིག་གསུངས་ནའང་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་སོགས་ཀྱི་གསུང་ལ་ཁུངས་བཅོལ་ནས་གསུངས་ཡོད་ཅིང་། རྗེ་བླ་མའི་གསུང་རྣམས་ཡིག་ཆ་བྱེ་བྲག་དག་ལ་མར་ཁུངས་བཅོལ་བ་མ་ཡིན་པར་དེ་དག་གི་གསུང་དང་ཡར་གུང་བསྒྲིགས་གང་ནུས་བྱས་ནས་བྲིས་པའི་ཁུལ་ཡིན། འདི་ལ་ཚིག་དོན་གྱི་ཆ་ལ་ནོར་འཁྲུལ་གང་ཞིག་ཡོད་པ་དག་མཁས་མང་འདུས་པའི་དབུས་སུ་མཐོལ་བཤགས་བཟོད་གསོལ་ཞུ་རྒྱུ་དང་། ལེགས་ཆ་ཇི་སྙེད་མཆིས་པའི་རྣམ་དཀར་གྱི་དགེ་བ་ཀུན་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག ། ། །
ཅེས་སེར་བྱེས་སློབ་གཉེར་བའི་མིང་འཛིན་འཇང་པ་ཐུབ་བསྟན་རྣམ་དག་པས། ༢༠༢༥་༠༧་༠༦ སྐུའི་གོ་སྟོན་འཁྲུངས་སྐར་དགེ་བའི་ཉིན་མཇུག་ལེགས་པར་གྲུབ་པ་དགེའོ། །
