འབྲས་རྟགས་ཡང་དག

འབྲས་རྟགས་ཡང་དག་གི་རྨང་གཞིའི་ཤེས་བྱ།

ཀུན་གཅེས།

དང་པོ། ཀླད་ཀྱི་གཏམ།

ཐོལ་བྱུང་གི་ཚོར་སྣང་ཞིག་གིས་རྩོམ་ཡིག་འབྲི་བར་དེ་ཙམ་ཁག་པོ་མིན་ཡང་། རང་གི་བསམ་གཞིག་དང་རང་གི་དཔྱད་པ། རང་གི་ལྟ་ཚུལ་དང་འབྲེལ་བའི་ཞིབ་འཇུག་གི་རྩོམ་ཡིག་འབྲི་བར་ལས་སླ་པོ་ཞིག་གཏན་ནས་མི་འདུག་སྟེ། ད་ལོར་ཆེད་སྦྱོང་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་གྱི་མཛད་སྒོ་དང་བསྟུན་ཏེ། གཞུང་ཆེན་དོགས་དཔྱོད་དང་འབྲེལ་བའི་རྩོམ་ཡིག་དེབ་ཅིག་འདོན་འཆར་ཡོད་པར། ང་ཚོའི་སྡེ་ཚན་འགོ་འཁྲིད་ཀྱིས་ང་ལ་བུང་བ་གསེར་གཟིགས་ཀྱི་ཚུལ་དུ་དེ་འབྲི་རོགས་ཞེས་བརྗོད་པས། ངས་ཀྱང་དེ་ལྟར་དུ་ཁས་བླངས་པ་ཡིན་མོད། རྩོམ་ཡིག་འབྲི་བའི་སྟ་གོན་གྱི་ཚུལ་དུ་རྩོམ་ཡིག་གི་རྨང་གཞི་བཏིངས་དུས་ད་གཟོད་རང་ཉིད་ལ་ཞིབ་འཇུག་གི་རྩོམ་ཡིག་དེ་ལྟ་བུ་འབྲི་བའི་ཁྱད་ཆོས་མ་ཚང་བ་གཞི་ནས་ཤེས། འོན་ཀྱང་། ཁོང་གིས་རེ་བ་ལྟར་ཁས་ལེན་ཟིན་པས་ཞིབ་འཇུག་གི་རྩོམ་ཡིག་མིན་པའི་རྩོམ་ཡིག་འདི། དམའ་རིམ་སློབ་ཚན་ནམ་རྨང་གཞིའི་ཤེས་བྱ་ཞིག་གི་ཚུལ་དུ་འབྲི་བར་འགོ་བརྩམས་པ་ཡིན།

 

གཉིས་པ། འབྲས་རྟགས་ཀྱི་བྱུང་བ་བརྗོད་པ།

གལ་ཏེ་ཆུ་འགོ་གངས་ལ་ཐུག་པ་ལྟར། འབྲས་རྟགས་ཡང་དག་གི་བྱུང་བ་བརྗོད་དགོས་ཚེ། ནང་པ་སངས་རྒྱས་པའི་ལུགས་ལ་ཚད་མའི་གཞུང་དུ་ཁ་གཅིག་གྲགས་ཀྱིས་བདག་ཅག་གི་སྟོན་པས། དུ་བ་ལས་ནི་མེ་ཡོད་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་གསུངས་པའི་མདོ་ལ་གཏུགས་པ་དང་། མདོ་དེ་དག་ཁུངས་སུ་བྱས་ཏེ་ཕྱོགས་གླང་ཡབ་སྲས་གཙོས་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་འབྲས་རྟགས་ཡང་དག་གསལ་བར་གསུངས་ལ། རི་བོ་དགེ་ལྡན་པར་མཚོན་ན་རྗེ་ཡབ་སྲས་གསུམ་ཀའི་ཚད་མའི་གཞུང་དུ་འབྲས་རྟགས་ཡང་དག་སྐོར་རྒྱས་པར་གསུངས་ཤིང་། སྐབས་བབ་ཡོངས་འཛིན་རྟགས་རིགས་ཀྱི་ནང་དུ་ཡང་དགག་གཞག་སྤོང་གསུམ་གྱི་ཐོག་ནས་ཧ་ཅང་གོ་བདེ་ཞིང་མདོར་བསྡུས་ཏེ་འབྲས་རྟགས་ཡང་དག་བཀོད་ཡོད།

 

གསུམ་པ། འབྲས་རྟགས་ཡང་དག་ལ་ཞིབ་འཇུག་ཅི་ལྟར་བྱེད་དགོས།

 

འབྲས་རྟགས་ཡང་དག་ལ་ཞིབ་འཇུག་བྱེད་པར་ཁུངས་གཏུགས་སའི་བདག་ཅག་གི་སྟོན་པའི་མདོ་དང་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ཡོད་པ་དང་། བོད་རང་གི་མཁས་པ་སྔ་མ་རྣམས་ཀྱི་ཚད་མའི་གཞུང་གི་ནང་དུ་འབྲས་རྟགས་ཡང་དག་རྒྱས་པར་གསུངས་ཤིང་། རྒྱུན་ལྡན་ཆོས་རའི་ནང་དུ་ཡང་དེའི་ཐོག་རྩོད་པ་དང་རྟགས་གསལ་གྱི་ལུང་རིགས་ཇི་སྙེད་ཡོད་པས། འབྲས་རྟགས་ཡང་དག་ཞིབ་འཇུག་བྱེད་པའི་རྩོམ་ཡིག་ཅིག་རྩོམ་སྒྲིག་པས་རེ་སྐུལ་ལྟར་ལེགས་རྩོམ་ཞིག་དགོས་ངེས་རེད་མོད།

འོན་ཀྱང་། དེ་ལྟ་བུ་རྩོམ་ཡིག་གི་རྒྱུ་ཆ་ཇི་ཙམ་ཡོད་ཀྱང་འགན་འཁྲིའི་མདུན་དུ་དྲང་བདེན་གལ་ཆེ་བའི་ཐོགརང་ཉིད་ཀྱིས་འབད་རྩོལ་ལ་བརྟེན་ནས་མ་བྱུང་བའི་རྩོམ་ཡིག་གི་རྒྱུ་ཆ་གལ་ཆེ་ཇི་ཙམ་ཡོད་ཀྱང་། དེ་རྣམས་རང་ཉིད་ཀྱི་ཞིབ་འཇུག་རྩོམ་ཡིག་གི་རྒྱུ་ཆ་བྱས་ཏེ་བྲིས་པ་ཡིན་ན། མ་མཐའ་ཡང་ཡི་གེ་འབྲི་མཁན་ཞིག་གི་ཀུན་སྤྱོད་དང་འགལ་འགྲོ་བས། འདིར་རྒྱུན་ལྡན་གྱི་འབྲས་རྟགས་ཡང་རྟགས་ལྟར་ལུང་དང་རིགས་པ་མང་བའི་རྩོམ་ཡིག་ཅིག་ངས་འབྲི་ཤེས་མ་སོང་།

དེ་ལྟ་ན་ཡང་། འཇིག་རྟེན་གྱི་ཆོས་གང་ལ་ཡང་ཕྱོགས་མང་པོ་ནས་ལྟ་ཆོག་པ་ཇི་བཞིན། ངས་ཀྱང་ཕྱོགས་གཞན་ཞིག་ནས་འབྲས་རྟགས་ཡང་རྟགས་གླེང་བར་བྱ་སྟེ། འབྲས་རྟགས་ཡང་རྟགས་བཀོད་པའི་དགོས་པ་ནི། མ་འོངས་པར་རྗེས་འཇུག་འདུལ་བྱ་རྣམས་རི་དང་ལུང་པ་བརྒལ་སྟེ་རྒྱལ་ཁམས་འགྲིམ་པའམ་གནས་སྐོར་དུ་འགྲོ་བའི་ཚེ། ལམ་བར་དུ་གནས་ཚང་དང་ཁ་ལག་མི་རག་པའི་དུས་སྐབས་བྱུང་ཚེ་གང་དུ་དུ་བ་ཡོད་ན་དེར་མེ་ཡོད་ཅེས་གདམས་པ་མིན་ལ། མི་ཚེ་ཧྲིལ་པོར་དུ་ལྡན་ལ་རུ་མེ་དུ་གཉིས་བསྒྲུབ་པར་འབད་པའི་ཆེད་དུ་དེ་བས་མིན། དེས་ན་འདིར་གནས་སྐབས་ཀྱི་དགོས་པ་དང་མཐའ་ཐུག་གི་ཉིང་དགོས་དམིགས་བསལ་བཅས་ཡོད་པར་གཞུང་ལས་གསལ་པོར་གསུངས་པས། ང་ཚོས་ཀྱང་ཆེས་དམའ་ས་ཞིག་གམ་ངེས་པར་དུ་དོ་སྣང་སྤྲོད་དགོས་པའི་རྨང་གཞིའི་ཤེས་བྱ་ཞིག་ལས་འགོ་བརྩམ་པར་བྱའོ། །

 

བཞི་པ། འབྲས་རྟགས་ཡང་དག་གི་རྨང་གཞིའི་ཤེས་བྱ།

 

གང་དུ་དུ་བ་ཡོད་ན་དེ་རུ་མེ་ཡོད་པ་དང་། མེ་མེད་པར་དུ་བ་གཏན་ནས་མི་འབྱུང་བའི་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་འདིས། དངོས་པོ་ཀུན་རང་གི་རྒྱུ་ལས་འབྱུང་བ་དང་། རྒྱུ་དེ་ཡང་མཐུན་པའི་རྒྱུ་ལས་མ་གཏོགས། མི་མཐུན་པའི་རྒྱུ་ལས་མི་འབྱུང་སྟེ། རྒྱུ་དངོས་སྒྲུབ་དང་རྒྱུ་སྔོན་སོང་སྒྲུབ། རྒྱུ་སྤྱི་སྒྲུབ། རྒྱུ་ཁྱད་པར་སྒྲུབ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་བཅས་ཡོངས་འཛིན་རྟགས་རིགས་གཙོས་ཚད་མའི་གཞུང་གཞན་དུ་སུས་ཀྱང་མིག་གིས་མངོན་སུམ་དུ་མཐོང་ཐུབ་པའི་མེ་དུ་གཉིས་ལྟ་བུ་སོགས་དཔེ་རུ་བཀོད་དེ་རྒྱུ་འབྲས་ཀྱི་རྣམ་གཞག་ཞིབ་པར་གསུངས་ཡོད།

དུ་བ་ཡོད་ན་མེ་ཡོད་དགོས་པ་ནི་དུ་བ་མེ་ལས་སྐྱེས་པ་དང་། མེ་དུ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་དམིགས་བསལ་ཞིག་ཡོད་པས་ཡིན། བུམ་པ་ཡོད་ན་མེ་ཡོད་མི་དགོས་པ་ནི། མེ་བུམ་གཉིས་འབྲེལ་མེད་དོན་གཞན་སྟེ། མེ་སྐྱེས་པ་དང་ཡོད་པ་སོགས་བུམ་པར་མི་ལྟོས་པ་དང་། བུམ་པ་འབྱུང་བ་དང་ཡོད་པ་སོགས་མེར་མི་ལྟོས་པ་སྟེ། རང་རང་སྐྱེ་འཇིིག་གནས་གསུམ་ཕན་ཚུན་མི་ལྟོས་པར་གྲུབ་པའམ་ཡོད་པས་ཡིན། འདི་ནི་རྒྱུ་འབྲས་འབྲེལ་བ་ཡོད་པའི་མེ་དུ་གཉིས་དང་འབྲེལ་མེད་དོན་གཞན་མེ་བུམ་གཉིས་ཙམ་མིན་པར་འཇིག་རྟེན་གྱི་བྱ་དངོས་ཀུན་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ལྟར་དུ་ཡོད་པ་ནི་འབྲས་རྟགས་ཡང་རྟགས་ཀྱི་རྨང་གཞིའི་ཤེས་བྱ་དང་། དེ་རིང་ངས་གླེང་བར་བྱ་བའི་བརྗོད་གཞི་གཙོ་བོ་དེ་ཡིན།

 

འདིར་ང་ཚོས་དཔེ་གཉིས་ཀྱི་ཐོག་ནས་འབྲས་རྟགས་ཡང་རྟགས་རྨང་གཞིའི་ཤེས་བྱ་དང་འབྲེལ་ནས་གླེང་བ་བྱ་སྟེ།

དང་པོ། གལ་ཏེ་ང་ཚོས་རང་གི་ཕུགས་བསམ་ཞིག་མངོན་འགྱུར་བྱེད་པ་དང་། དམིགས་ཡུལ་ཞིག་འགྲུབ་པར་བྱེད་དགོས་ན། ཕུགས་བསམ་དེ་དང་དམིགས་ཡུལ་དེའི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྒྱུ་མང་པོ་ཞིག་ཚོགས་ཏེ་མངོན་འགྱུར་བྱེད་དགོས་ཏེ། དེ་ལྟར་མིན་པར་ཕུགས་བསམ་ཡོད་པ་དང་དམིགས་ཡུལ་ཡོད་པ་ཙམ་གྱིས་སྒྲུབ་མི་ཐུབ་ལ། དེར་རེ་བ་དང་སྨོན་ལམ་ཙམ་གྱིས་དེ་བས་བསྒྲུབ་མི་ཐུབ་སྟེ། དཔེར་ན། རང་ཉིད་འཆད་རྩོད་རྩོམ་གསུམ་ལ་མཁས་པ་འགྱུར་འདོད་ཚེ། ལོ་ནས་ལོར་མཐུད་དེ་འཆད་པའི་ཐོག་ལ་སྦྱོང་བརྡར་དང་། རྩོད་པའི་ཐོག་དཔེ་ཆ་ཀློག་པ་དང་དཔེ་ཁྲིད་འགྲོ་བ། རྩོད་པ་བརྒྱབ་པ། བློ་འཛིན་བྱེད་པ་སོགས་དང་། རྩོམ་པའི་ཐོག་སུམ་རྟགས་དག་གསུམ་གཙོས་རྩོམ་འབྲིའི་ཤེས་བྱ་ཇི་སྙེད་ཅིག་འབད་བརྩོན་བྱས་ཏེ་ལག་ལེན་དངོས་ཀྱི་ཐོག་ནས་དཀའ་བ་སྤྱད་དེ་འབྲས་བུ་དེ་ལྟར་ཡོང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་གསོག་དགོས་པ་ལས། དེ་ལས་གཞན་ཐབས་ལམ་མེད་པའི་ཕྱིར།

 

གཉིས་པ། ད་ལྟ་ང་ཚོའི་རྒྱལ་ཁབ་གཞན་ལག་ཏུ་ཤོར་བ་དང་། བོད་གཞིས་བྱེས་གཉིས་སུ་ཁ་བྲལ་བ། བོད་ཀྱི་ཆོས་དང་རིག་གཞུང་འཇིག་ལ་ཉེ་བ། ཧ་ཅང་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སྟངས་སྡུག་པོ་འདི་འདྲ་རྒྱུ་གང་ཞིག་དང་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ། དྲི་བ་འདི་དག་འབྲས་རྟགས་ཡང་རྟགས་ཀྱི་རྨང་གཞིའི་ཤེས་བྱའི་ཐོག་ནས་འདྲི་དགོས་ངེས་རེད་ལ། དེའི་ཐོག་ཏུ་ང་ཚོས་ཀྱང་ངེས་པར་དུ་བསམ་བློ་མང་པོ་གཏོང་དགོས་ངེས་རེད། རྒྱུ་མཚན་ནི། ད་ལྟ་ང་ཚོའི་འཚོ་བའི་ནང་དུ་དངོས་སུ་གནས་ཚུལ་སྡུག་པོ་དེ་རྣམས་བྱུང་ཡོད་པས། ང་ཚོས་གནས་ཚུལ་དེ་དག་རྒྱུ་དང་རྐྱེན་གང་ཞིག་གིས་བྱུང་མིན་ཤེས་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེ་ཞིག་རེད།

 

ངས་བལྟས་ན། ང་ཚོར་འདི་ལྟ་བུའི་གནས་ཚུལ་སྡུག་པོ་ཞིག་བྱུང་བ་ནི་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བ་ཡོད་ཀྱང་། གཙོ་བོ་ནང་གི་གཙོ་བོའི་རྒྱུ་སྟེ་དུས་རབས་ཀྱི་ཤེས་ཡོན་པ་མེད་པ་དེ་རེད་འདུག་སྙམ་སྟེ། ད་ལྟ་རྒྱལ་ཁབ་དང་མི་རིགས་གང་སྔོན་ཐོན་དང་རྗེས་ལུས་ཞེས་པ་དུས་རབས་ཀྱི་ཤེས་ཡོན་གྱི་ཐོག་ནས་འཇོག་གི་ཡོད་པ་ལས། ཆོས་ཁས་ལེན་མིན་གྱི་ཐོག་ནས་ནམ་ཡང་བཞག་གི་མེད།

ལར་ང་ཚོ་ལ་ཡང་སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་པ་དང་། སྟོབས་འབྱོར་མངའ་ཐང་ལྡན་པའི་དུས་ཚོད་ཅིག་བྱུང་མྱོང་ཡོད་པར་བདེན་དུ་ཆུག་ཀྱང་། དེ་ནི་སྐབས་དེ་དང་དེའི་ཚེ་དེ་ལྟར་བྱུང་བ་ཡིན་ཅིང་ད་ལྟ་དེ་བཞིན་མེད་པ་ནི་དངོས་ཡོད་རེད། དེ་མ་ཚད་ང་ཚོར་རིན་ཐང་བྲལ་བའི་ཆོས་ལུགས་ཡོད་པ་ཡིན་ན་ཡང་། ཆོས་ལུགས་གཅིག་པུས་རྒྱལ་ཁབ་སྐྱོང་མི་ཐུབ་པ་ནི་ད་ལྟའི་ང་ཚོའི་གྲུབ་འབྲས་འདིར་བལྟས་ན་ཡང་ཤེས་ཐུབ་པ་ཞིག་རེད།

 

འོ་ན། ང་ཚོས་ཅི་ཞིག་བྱེད་དགོས་སམ། ང་ཚོས་ཅི་ཞིག་བྱེད་ཐུབ་བམ། ང་ཚོས་མེ་དུ་གཉིས་རྒྱུ་འབྲས་ཡིན་པར་ཤེས་ཀྱང་དེ་ཙམ་གྱིས་ཅི་ཕན། ང་ཚོས་རང་གི་རྒྱལ་ཁབ་དང་མི་རིགས། རང་ཉིད་དང་བཅས་པ་འབྲས་རྟགས་ཡང་དག་ཀྱི་རྨང་གཞིའི་ཤེས་བྱའི་ཐོག་ནས་ཆེས་རྗེས་ལུས་དང་གནས་སྟངས་སྐྱོ་པོ་ཞིག་ཡིན་པར་ཧ་གོ་ཡང་དེ་ཙམ་གྱིས་ཡར་རྒྱས་འགྲོ་མི་ཐུབ། དེས་ན་ང་ཚོས་རང་ནུས་གང་ཡོད་ཀྱིས་ཆེས་ཡར་རྒྱས་ཡོང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་མང་པོ་བསྒྲུབ་དགོས་པ་ནི་བཤད་མི་དགོས་ཀྱང་། རྒྱུ་ཅི་ཞིག་བསྒྲུབ་དགོས་སམ། དེ་ནི་ཆེས་བསམ་གཞིག་གཏོང་རིན་ཆོག་པའི་རྨང་གཞིའི་ཤེས་བྱ་ཞིག་རེད།

ངས་བལྟས་ན། ང་ཚོ་མི་སྒེར་རེ་རེས་སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་བའི་ཐོགདུས་རབས་ཀྱི་ཤེས་ཡོན་ཆབ་དཔལ་རིག་གསུམ་གཙོས་པའི་ད་ལྟའི་སྤྱི་ཚོགས་དང་འཚོ་བ་དངོས་ལ་དགོས་མཁོ་ཆེ་བའི་སློབ་སྦྱོང་སོགས་ང་ཚོས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་འབད་བརྩོན་བྱེད་དགོས་པ་དང་། རང་གི་བསམ་བློ་དང་རང་གི་ལྟ་ཚུལ། རང་གི་འཚོ་བ་བཅས་ལ་ཡང་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྱུར་ལྡོག་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་མཐོང་སྟེ། བསམ་བློའི་འཆར་སྒོ་གཅིག་དང་ལྟ་ཚུལ་ཉི་ཚེ་བ་ཙམ། འཚོ་བའི་གོམས་གཤིས་གཅིག་གིས་ང་ཚོ་ནམ་ཡང་ཡར་བསྐྱོད་མེད་པར་རྗེས་སུ་ལུས་བཅུག་གི་འདུག་པས། ཐོག་མར་ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་དེང་གི་འཚོ་བ་དང་མཐུན་པའི་སློབ་སྦྱོང་ལ་འབད་པར་བྱེད་དགོས་པ་ནི་གལ་འགངས་ཆེན་པོ་ཞིག་ཏུ་མཐོང་།

 

 

ལྔ་པ། འབྲས་རྟགས་ཡང་དག་གི་གྲུབ་འབྲས།

 

གལ་ཏེ་ང་ཚོས་འབྲས་རྟགས་ཡང་དག་རྩོད་ནས་དུ་བ་མེ་ལས་སྐྱེས་པར་རྟོགས་ལ། མེ་དུ་གཉིས་ལྟ་བུའི་དངོས་པོ་ཀུན་རྒྱུ་འབྲས་རྟེན་འབྱུང་གི་འབྲེལ་བའི་ཐོག་ནས་གནས་པར་ཤེས་ན་ཡང་། དུ་བ་དུ་ལྡན་ལ་རུ་མེ་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་རེད་ཅེས་དང་། མེ་མེད་ན་དུ་བ་མི་འབྱུང་ཞེས་ཡོངས་འཛིན་རྟགས་རིགས་ཧྲིལ་པོ་བློར་བཟུང་སྟེ་རྩོད་པ་ཙམ་ལས། རང་ཉིད་སྔར་བཞིན་བྱ་དངོས་གང་ལའང་འགོ་མི་རྩོམ་པ་དང་འབད་རྩོལ་མི་བྱེད་པར་བསྡད་པ་ཡིན་ན། ལུང་རིགས་ཇི་ཙམ་ཞིག་གིས་འབྲས་རྟགས་ཡང་དག་རྩོད་ན་ཡང་། དེར་འབྲས་རྟགས་ཡང་དག་བཀོད་པའི་གནས་སྐབས་དང་མཐའ་ཐུག་གི་ཉིང་དགོས་གཉིས་ཀ་འགྲུབ་མེད་པའི་ཐོགམཐའ་ན་འབྲས་རྟགས་ཀྱི་རྨང་གཞིའི་ཤེས་བྱ་ཙམ་ལའང་གོ་བ་སྐྱེས་མེད་པས། དེ་འདྲ་བའི་མི་དེས་རི་དང་ལ་ལུང་ཉུང་བའི་རྒྱ་གར་ལྷོ་ཕྱོགས་འདིར་མི་ཞིག་གིས་སློབ་སྦྱོང་བྱེད་འདུག་ཅེས་བརྗོད་པ་ལས། བསྐྱར་པར་ཆས་སམ་ནེ་ཙོ་ཞིག་གིས་འདྲ་བཤུས་བྱེད་ཀྱིན་འདུག་ཅེས་བརྗོད་ན་དོན་ལ་གནས་ཤིང་འོས་ཤིང་འཚམས་པའི་གནས་ཚུལ་ཞིག་ལས་འུར་ཤོབ་གཏན་ནས་འགྱུར་མི་སྲིད་དོ།  །

 

རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་ནས་ཀུན་གཅེས་ཞེས་འབོད་པས།

12/7/2025ཉིན། རྩོམ་གྱི་རྨང་གཞི་བཏིང་།

24/7/2025ཉིན། ཞུ་དག་དང་བཅས་བྲིས་ཚར་བ་བྱས།

 

 

མཇུག་མཆན། Endnote

1 འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས།

2 རྗེ་བཙུན་རེ་མདའ་བའི་ཀུན་ལས་བཏུས་པའི་རྒྱ་ཆེན་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ།

Leave a Reply

Your email address will not be published. Required fields are marked *