རྣམ་རྫོགས་སྦྱོར་བའི་སྐོར་ལ་དཔྱད་པ།

རྣམ་རྫོགས་སྦྱོར་བའི་སྐོར་ལ་ཅུང་ཟད་དཔྱད་པ།

ཚ་བློ་བཟང་བརྩོན་འགྲུས།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་གཟུགས་སུ་བསྒྱུར་བ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་ཀུན་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབ་ཏུ་གསོལ།

 

གང་ཞིག་ཡིད་ལ་དྲན་པས་ཀྱང་། །སྲིད་ཞིའི་གདུང་སེལ་ཟླ་བ་མཆོག །

སྣང་སྟོང་ཟུང་འཇུག་སྨྲ་བའི་གཉེན། །སྟོན་མཆོག་དོན་ཀུན་གྲུབ་པར་བཏུད། །

 

སེམས་འཇོམས་རྨོངས་པ་གསལ་བའི་མཆོག །རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཏེར། །

ཤེས་རབ་མཆོག་སྩོལ་ལྷག་པའི་ལྷ། །འཇམ་པའི་དབྱངས་ཀྱིས་ཤིས་པར་སྒྲུབས། །

 

འཚེ་མེད་རྟེན་ཅིང་འབྲེལ་འབྱུང་ཚུལ། །བྱམས་བརྩེའི་འཛུམ་གྱིས་འཆད་མཁས་པའི། །

ཞི་བའི་དེད་དཔོན་བླ་ན་མེད། །སྟོན་པ་སྤྱན་རས་གཟིགས་ལ་འདུད། །

 

བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད། །གསལ་བྱེད་རྒྱན་གྱི་སྐབས་བཞི་པའི། །

བསྡུས་སྒོམ་དོན་ལ་ཆུ་ཐིག་ཙམ། །ལུང་རིགས་ཟུང་གིས་རྩེད་གར་རོལ། །

 

དེ་ལ་འདིར་གང་འཆད་པར་བྱ་བ་ནི། མངོན་རྟོགས་རྒྱན་གྱི་སྐབས་དང་པོ་གསུམ་གྱིས་ཉམས་སུ་བླངས་བྱ་མཁྱེན་པ་གསུམ་བསྟན་ནས། སྐབས་ཕྱི་མ་བཞིས་ཉམས་སུ་ལེན་པའི་སྦྱོར་བ་བསྟན་ལ། སྦྱོར་བ་ལ་ཡང་དབང་དུ་བྱ་བའི་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས་ལས། འདིར་དབང་དུ་བྱ་བའི་རྒྱུ་རྣམ་རྫོགས་སྦྱོར་བའི་སྐོར་ལ་ཅུང་ཟད་དཔྱད་ན། འགྲེལ་པ་དོན་གསལ། རྣམ་རྫོགས་སྦྱོར་བའི་མཚམས་སྦྱར་དུ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། དབང་དུ་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དང་། ལམ་དང་། གཞི་ཤེས་པ་བསྡུས་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་གསུངས།

སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་བསྟན་ཟིན་པས། སྐབས་བཞི་པར་སླར་ཡངབསྟན་ན་ཟློས་པར་འགྱུར་ཞེས་རྩོད་པ་དངོས་སུ་མེད་ཀྱང་།  རྩོད་པ་ཁོང་ནས་བསུས་ཏེ། དེའི་ལན་སྟོན་པ་ལ་མཚམས་སྦྱོར་གྱི་གཞུང་འདི་བྱུང་། དེ་ཡང་སྐབས་དང་པོ་གསུམ་གྱིས་མཁྱེན་གསུམ་གྱི་རྣམ་པ་རྣམས་འདིའི་མཇུག་ཐོགས་སུ་འདི་སྒོམ་ཞེས་གོ་རིམ་མཐར་ཆགས་སུ་སྒོམ་ཚུལ་མ་བསྟན་ལ། སྐབས་འདིར་དཀྱུས་ཐོག་གཅིག་ལ་ཇི་ལྟར་སྒོམ་ཚུལ་གོ་རིམ་མཐར་ཆགས་སུ་བསྒྲིགས་ཏེ། སྒོམ་ཚུལ་བསྟན་པས་ཟློས་སྐྱོན་མེད་ཅེས་པའོ། །

དེ་ལྟར་སྒོམ་པའི་དགོས་པ་ནི། དབང་དུ་བྱ་བའི་ཕྱིར་ཞེས་གསུངས་ལ། དེ་ཡང་ཐོས་བསམ་སྒོམ་གསུམ་ལས། ཐོས་བསམ་གཉིས་ཡོན་ཏན་རང་དབང་ཅན་མ་ཡིན་པས། སྒོམ་བྱུང་གིས་རང་དབང་བྱ་བའི་ཆེད་ཡིན་པར་གསེར་ཕྲེང་ལས་གསུངས། དེ་ཡང་རྣམ་པ་བརྒྱ་དོན་གསུམ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་བྱུང་གི་མྱོང་བ་ཐོབ་པའི་དོན་དུའོ། །

འོ་ན། ཐོས་བསམ་གཉིས་རང་དབང་ཅན་མ་ཡིན་པ་དང་། སྒོམ་བྱུང་གི་ཤེས་རབ་ཡོན་ཏན་རང་དབང་ཅན་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཐོས་བསམ་གཉིས་ནི་རང་གི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱིས་ཟིན་པ་མེད་པས་མི་བརྟན་པ་དང་རང་དབང་ཅན་མ་ཡིན་ལ། ཞི་ལྷག་ཟུང་འབྲེལ་གྱི་སྒོམ་བྱུང་ནི་དེ་ལས་ལྡོག་པས་བརྟན་པ་དང་ཡོན་ཏན་རང་དབང་ཅན་ཡིན་ཞེས་གསུངས་པ་ཡིན་སྙམ། མཁས་གྲུབ་ཐམས་ཅད་མཁྱེན་པས་གོང་དུ་བཤད་ཚུལ་དེ་དང་ཅུང་མི་འདྲ་བར་གསུངས་པ་ནི། དབང་དུ་བྱ་བའི་དོན། རང་རྒྱུད་ལ་སྐྱེས་པའི་སྒོ་ནས་མྱོང་བ་དང་། བསྡུས་སྒོམ་གྱི་དོན། གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་གྱི་འཛིན་སྟངས་ཀྱི་རིགས་ཇི་སྙེད་ཡོད་པ་ཐམས་ཅད་རྣམ་པ་བརྒྱ་དོན་གསུམ་དུ་བསྡུ་བའི་དོན་དུ་འགྲེལ་ཏེ། ཕར་ཕྱིན་རྟོགས་དཀའི་སྣང་བ་ལས། གང་གི་ཕྱིར་སྒོམ་ན་ཐོས་བསམ་གྱིས་མཁྱེན་གསུམ་གྱི་རྟོགས་པའི་མཚན་ཉིད་སོགས་ཤེས་པར་མ་ཟད་དེ་དག་གི་རྟོགས་པ་རང་རྒྱུད་ལ་མྱོང་བའི་སྒོ་ནས་དབང་དུ་བྱ་བའི་ཕྱིར་ཡང་ངོ་། །ཇི་ལྟར་སྒོམ་ན། རྣམ་པ་དང་ལམ་དང་གཞི་ཤེས་པ་རྣམས་མཚན་ཉིད་དང་དབྱེ་བའི་རྒྱུ་ལ་སོགས་པའི་སྒོ་ནས་སྤྲོས་པ་མིན་པར་ཡེ་ཤེས་རང་རང་གི་འཛིན་སྟངས་ཀྱི་རིགས་ཐམས་ཅད་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་དུ་བསྡུ་བའི་སྒོ་ནས་སོ། །ཞེས་གསུངས་སོ། །

 

འོ་ན། མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པ་དང་། རྩེ་སྦྱོར་ཐོབ་པ། བྱང་སེམས་ཀྱི་སྦྱོར་ལམ་ཐོབ་པ་རྣམས་དོན་གཅིག་པས། དགྲ་བཅོམ་རྟོགས་པ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པས། རྩེ་སྦྱོར་ཐོབ་པར་འགྱུར་ཏེ། དེས་མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པའི་ཕྱིར་ཏེ། དེས་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་བྱུང་གི་བློ་ཐོབ་པ་ཡིན་ལ། དེ་བཞིན་དུ་རྣམ་པ་བརྒྱ་དོན་གསུམ་ལས་དེས་སྒོམ་བྱུང་མ་ཐོབ་པ་གཅིག་ཀྱང་མེད་པའི་ཕྱིར་ཞེ་ན། འདི་ལ་དོགས་པའི་གནས་ཅུང་ཟད་ཡོད་མོད། སྐྱོན་མེད་དེ། དེ་ལྟ་བུ་བྱང་སེམས་དེས་རྣམ་པ་རེ་རེ་ནས་བརྩིས་ན་སྒོམ་བྱུང་མ་ཐོབ་པ་ཞིག་འཇོག་རྒྱུར་དཀའ་མོད། དེ་ཙམ་གྱིས་མི་ཆོག་པ་ཆེད་དུ་བྱ་བ་མཁྱེན་གསུམ་ཐོབ་པའི་སླད་དུ་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་སྟོབས་ཀྱིས་དྲངས་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ནམ་འདྲེན་པ་ན་མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པ་་དང་རྩེ་སྦྱོར་ཐོབ་པ་ཞེས་བྱ་བས། ཉན་རང་གི་རྟོགས་པ་སྔོན་སོང་ལའང་དེ་འདྲའི་སྒོམ་བྱུང་དེ་གཏན་ནས་ཐོབ་པ་མེད་པས་ཉེས་པ་མེད་དོ། །

 

འདིར་དབང་དུ་བྱ་བའི་དོན་དུ་བསྡུས་སྒོམ་བྱེད་པར་གསུངས་ན། བསྡུས་སྒོམ་གྱི་དོན་དེ་གང་ཡིན་སྙམ་ན། འདི་ལ་རང་རེའི་ཆོས་རྭའི་ནང་གི་ཞིབ་ཆ་འགའ་ཞིག་དང་རང་གི་བསམ་ཚུལ་མདོར་ཙམ་བརྗོད་པ་ལ།

༡༽ ཁ་ཅིག་བསྡུས་སྒོམ་གྱི་དོན། རྣམ་པ་བརྒྱ་དང་དོན་གསུམ་རེ་རེ་ནས་སྒོམ་མི་དགོས་པ་རྣམ་པ་མཐའ་དག་དམིགས་འོག་ཏུ་ཚུད་པའི་ཚུལ་གྱིས་སྒོམ་དགོས་ཤིང་། དེ་ཡང་དཔེར་ན། ཕྱུགས་རྫིས་ཕྱུགས་ཟོག་རེ་རེ་ནས་ལྟ་འཚོལ་མི་བྱེད་པ་ཕྱོགས་ཡོངས་ནས་ཕྱུགས་ལ་བལྟ་བ་ལྟ་བུའོ་ཞེས་ཟེར།

༢༽ ལ་ལས། བསྡུས་བསྒོམ་ལ་ངེས་པར་དུ་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་སྒོམ་དགོས་ལ། དེ་ཡང་དཀྱུས་ཐོག་གཅིག་ལ་རྣམ་པ་བརྒྱ་དོན་གསུམ་གོ་རིམ་མཐར་ཆགས་སུ་བསྒོམས། དེ་དག་འགོ་མཇུག་ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་རྒྱུན་ལྡན་གྱི་ཤེས་པ་ཞིག་ལ་བསྡུས་སྒོམ་ཟེར། དེ་འདྲའི་ཆ་ཤས་རེ་རེ་ནི་བསྡུས་སྒོམ་མ་ཡིན་ཀྱང་རྒྱུན་ལྡན་གྱི་ཤེས་པ་སྤྱི་ཙམ་པ་དེ་ཡིན་ཆོག་ཟེར།

༣༽ གཞན་དག ། བསྡུས་ནས་སྒོམ་པ་ཡིན་པས་རྣམ་པ་མཐའ་དག་སྒོམ་མི་དགོས་ཏེ། གལ་ཏེ་ཐམས་ཅད་སྒོམ་དགོས་ན་བསྡུས་སྒོམ་གྱི་དོན་མི་ཚང་ཟེར།

༤༽ ལ་ལས། རྣམ་པ་བརྒྱ་དོན་གསུམ་གོ་རིམ་མཐར་ཆགས་སུ་སྒོམ་པའི་རེ་རེ་ནི་བསྡུས་སྒོམ་ཡིན་ཟེར།

༥༽ ཡང་ཁ་ཅིག ། རྣམ་པ་ཐམས་ཅད་རེ་རེ་ནས་སྒོམ་མི་དགོས་ཀྱང་མཁྱེན་པ་གསུམ་ཁའི་རྣམ་པ་ཚང་བ་སྒོམ་དགོས་ཅེས་ཞིབ་ཆ་བྱེད། དེ་ལྟར་ཆོས་རྭའི་ནང་གི་གསུང་སྒྲོས་འགའ་ཞིག་བཀོད་ནས་དེ་དག་གི་དོན་ལ་ཅུང་ཟད་དཔྱད་པ་ལ།

 

དང་པོ་འདི་ལ་དཔེ་གསལ་པོ་ཞིག་ཡོད་ཀྱང་དོན་ལ་འདི་ལྟར་ཡིན་ཞེས་བློ་ལ་འཆར་རྒྱུ་གཏན་ནས་མེད་པས་འཐད་པར་དཀའ་སྟེ། འདི་དག་ནི་སྒོམ་རིམ་ཡིན་པས་ཆོས་རྭའི་ནང་ལན་ཐེབས་པ་ཙམ་གྱིས་མི་ཆོག་གི་རང་ཉིད་ཀྱི་སེམས་ནང་འདི་ལྟར་ཡིན་ཞེས་བློ་ངོར་ར་འཕྲོད་རྒྱུ་ཡོད་པ་ཞིག་དགོས་པ་ལས། སྒོམ་ཚུལ་འདི་ནི་གང་ཟག་ལས་དག་འགའ་ཞིག་ལ་གསང་བའི་ཐོག་ནས་མན་ངག་ཆིག་བརྒྱུད་བྱེད་རྒྱུ་ཞིག་ཡོད་ན་མ་གཏོགས་མནོ་བསམས་ཇི་ཙམ་བཏང་ཀྱང་བློར་འཁོར་རྒྱུ་ཡོད་ཚོད་མི་སྣང་ངོ་། །

སྒོམ་ཚུལ་གཉིས་པ་ལྟར་ན། བྱང་སེམས་ཡིན་ན་སྟོང་ཉིད་རྟོགས་དགོས་པའི་ཐལ་བ་ཡོད་དེ། བྱང་སེམས་ཡིན་ན་བསྡུས་སྒོམ་བྱས་པས་ཁྱབ་ཅིང་། རྣམ་མཁྱེན་གྱི་དེ་བཞིན་ཉིད་ཀྱི་རྣམ་པ་ལྟ་བུ་བསྒོམ་པ་ལ་སྟོང་ཉིད་རྟོགས་དགོས་པའི་ཕྱིར་རོ། །དེ་བཞིན་དུ་བྱང་སེམས་སུ་གྱུར་པའི་བྱེ་བྲག་སྨྲ་བ་སོགས་ཡོད་པས་དེ་དག་གིས་རྣམ་པ་བརྒྱ་དོན་གསུམ་སྒོམ་དགོས་པའི་རྒྱུ་མཚན་བཤད་པ་དཀའ་སྟེ། སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་སྦྱངས་ནས་བཅོས་མིན་གྱི་མྱོང་བ་ནམ་ཐོན་པ་ན་བྱང་སེམས་སུ་འཇོག་དགོས་པས་དེ་ལ་ངེས་པར་དུ་རྣམ་པ་བརྒྱ་དོན་གསུམ་གོ་རིམ་མཐར་ཆགས་སུ་སྒོམ་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དོ། །

བཤད་ཚུལ་གསུམ་པ་འདིས་ནི་བསྡུས་སྒོམ་གྱི་བསྡུས་ཅེས་པའི་དོན་ཉུང་ངུར་བཏང་སྟེ་སྒོམ་དགོས་པའི་དོན་དུ་གོ་འདུག་པས་ཚིག་རིས་ཀྱི་གོ་ཐོབ་བྱས་པ་ཙམ་ལས་གཞུང་དོན་ལ་བསམ་གཞིགས་བྱེད་པའི་གཏམ་དུ་མི་སྣང་ཞིང་གོ་སྒྲུབ་ཀྱི་དྲུག་ཚན་དྲུག་གི་བསྡུས་པའི་དོན་ཡང་དེར་ཐལ་བ་བཟློག་ཏུ་མེད་དོ། །

བཤད་ཚུལ་བཞི་པ་ནི། རྣམ་པ་རེ་རེ་ནི་བསྡུས་སྒོམ་དུ་འདོད་པ་ནི་ཚིག་དོན་གང་གི་ཆ་ནས་ཀྱང་མི་འཐད་དེ། རེ་རེ་བ་ཙམ་ལ་བསྡུས་ནས་སྒོམ་ཚུལ་མི་སྣང་བའི་ཕྱིར་ཏེ། བསྡུས་ནས་སྒོམ་ཞེས་པའི་གང་བསྡུ་རྒྱུའི་རྣམ་པ་ལ་མཁྱེན་པ་གསུམ་གྱི་དོན་རྣམ་འཇོག་པས། དཔེར་ན། ཕུང་པོ་མི་རྟག་པར་སྒོམ་པའི་བློ་ལྟ་བུ་ཞིག་ལ་མཁྱེན་པ་གསུམ་གྱི་རྣམ་པ་བསྡུས་ཚུལ་མེད་པའི་ཕྱིར་རོ། །

 

དེ་ལྟར་བཤད་པའི་རྣམ་གྲངས་འགའ་ཞིག་ཕྱོགས་སྔའི་ཚུལ་དུ་བཀོད་དེ། རང་གི་བསམ་ངོར་བཤད་ཚུལ་ལྔ་པ་འདི་ཉིད་རེ་ཞིག་ཁས་ལེན་ཟིན་མཚམས་སྐྱོང་བདེ་བར་སྣང་བས་ཚུལ་འདི་འཆད་པ་ལ། བསྡུས་ནས་སྒོམ་པ་ལ་ངེས་པར་དུ་མཁྱེན་པ་གསུམ་གའི་རྣམ་པ་བསྡུས་ཏེ་སྒོམ་དགོས་པས་གསུམ་གའི་རྣམ་པ་ཚང་བ་དགོས་མོད། འོན་ཀྱང་རྣམ་པ་བརྒྱ་དོན་གསུམ་ཐམས་ཅད་རེ་རེ་ནས་སྒོམ་མི་དགོས་སོ། །གོ་རིམ་མཐར་ཆགས་སུ་རེ་རེ་ནས་སྒོམ་པ་ནི། མཐར་སྦྱོར་གྱི་སྒོམ་ཚུལ་ལས་རྣམ་ཀུན་གྱི་སྒོམ་ཚུལ་མ་ཡིན་ཏེ། གཞན་དུ་ན་རྣམ་ཀུན་དང་མཐར་གྱི་སྦྱོར་བ་སྒོམ་ཚུལ་ལོགས་སུ་མེད་པར་འགྱུར་ཞིང་དེ་ལྟར་ན་སྒོམ་པའི་འབྲས་བུ་ཡང་སོ་སོར་མེད་པར་གྱུར་ཏེ། མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པ་དང་བརྟན་པ་ཐོབ་པ་གཉིས་ཀྱང་དུས་མཉམ་པར་འགྱུར་རོ། །མཐར་གྱིས་པ་ཞེས་པས་གོ་རིམ་མཐར་ཆགས་སུ་སྒོམ་པ་དང་། བསྡུས་སྒོམ་ཞེས་པས་མཁྱེན་པ་གསུམ་གའི་རྣམ་པ་ཚང་བར་བསྡུས་ནས་སྒོམ་དགོས་པ་གཞུང་གི་ཚིག་རིས་ལས་ཀྱང་གསལ་བའི་ཕྱིར་རོ། །

དེས་ན་བསྡུས་སྒོམ་གྱི་དོན་ནི། ལེགས་བཤད་གསེར་ཕྲེང་ལས། དེས་ན་ཐོས་བསམ་གྱིས་གཏན་ལ་འབེབས་པ་ན་དེ་གསུམ་སོ་སོའི་མཚན་ཉིད་རེ་རེ་ནས་མ་འདྲེས་པར་དཔྱོད་པ་དེ་ལྟ་བུ་མིན་པར་སྒོམ་པའི་ཚེ། གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་རྟོགས་པའི་རྟོགས་པ་གསུམ་པོ་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་པའོ། །ཞེས་བསྡུས་སྒོམ་བྱེད་པ་ལ་མཁྱེན་པ་གསུམ་གའི་རྣམ་པ་སྒོམ་པའི་སྦྱོར་བ་གསུམ་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་དགོས་པར་གསུངས་པས། རེ་རེ་ནས་སྒོམ་པ་དང་མཁྱེན་པ་གསུམ་གའི་རྣམ་པ་སྒོམ་པ་མ་བྱུང་ན་བསྡུས་སྒོམ་དུ་མི་འགྱུར་བར་གསལ་བར་གསུངས་སོ། །

རྣམ་བཤད་སྙིང་པོ་རྒྱན་ལས། དེས་ན་བསྡུས་ནས་སྒོམ་པའི་དོན་ནི། མཚམས་སྦྱར་དུ་འབྱུང་བ་ལྟར། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣམ་འབྱོར་པའི་ཉམས་ལེན་དུ་བསྡུ་བའི་དོན་ནོ། །ཞེས་དང་། རྒྱལ་ཚབ་རྗེའི་གསུང་། མངོན་རྟོགས་རྒྱན་ཉམས་སུ་ལེན་ཚུལ་ཐེག་མཆོག་སྒོ་འབྱེད་ལས། མཁྱེན་པ་གསུམ་གྱི་རྣམ་བརྒྱ་དང་བདུན་ཅུ་རྩ་གསུམ་པོ་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་གི་ཉམས་སུ་བླངས་བྱར་མ་ཚང་བ་མེད་པར་བསྡུས་ནས་སྦྱོར་བའི་འཛིན་སྟངས་ཀྱི་རྣམ་པ་ཤར་ནས་སྒོམ་པའི་ཚུལ་ལོ། །ཞེས་འབྱུང་། རྒྱལ་ཚབ་རིན་པོ་ཆེའི་ལུང་སྔ་ཕྱི་འདི་གཉིས་ཀྱིས། བསྡུས་ནས་སྒོམ་ཞེས་པའི་དོན། མཁྱེན་པ་གསུམ་གྱི་རྣམ་པ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་གི་ཉམས་སུ་བླངས་བྱར་བསྡུས་ཏེ། གཅིག་ཀྱང་འདོར་དུ་མེད་པ་དེ་ཐམས་ཅད་ཉམས་སུ་ལེན་དགོས་ཞེས་པ་ལྟ་བུ་ཞིག་མངོན།

 

དེས་ན་རང་གི་བསམ་ཚུལ་ནི། དང་པོ་སྦྱོར་བའི་སྐབས་སུ་མཁྱེན་པ་གསུམ་ཀའི་རྣམ་པ་ཚང་བར་བསྒོམས་ཏེ་སྡུག་བདེན་གྱི་རྣམ་པ་མི་རྟག་པ་ལྟ་བུ་ཞིག་མཁྱེན་པ་གསུམ་ཀའི་རྣམ་པའི་ཁྱད་པར་དུ་བྱས་ཏེ་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་པ་ལྟ་བུ་ཞིག་ལ་བསྡུས་སྒོམ་དུ་འཇོགདེ་ལྟ་བུའི་སྦྱོར་བ་དེ་མཁྱེན་པ་གསུམ་ཀའི་ཉམས་ལེན་གྱི་སྦྱོར་བ་ཡིན་པས་གཞི་ཤེས་ཀྱི་རྣམ་པ་ཡང་ཤར་ལ། དེ་བཞིན་དུ་ལམ་ཤེས་དང་རྣམ་མཁྱེན་གཉིས་ཀྱི་རྣམ་པ་ཡང་ཤར་ནས་བསྒོམས་པས་བསྡུས་སྒོམ་གྱི་དོན་ཚང་ངོ་། །

མཁྱེན་གསུམ་བསྡུས་སྒོམ་ལ་མཁྱེན་པ་གསུམ་གའི་རྣམ་པ་སྒོམ་དགོས་པ་ནི་གོང་དུ་དྲངས་མ་ཐག་པའི་གསེར་ཕྲེང་ལས་གསལ་ཏེ། ལུང་དེས་མཁྱེན་པ་གསུམ་ཀའི་སྦྱོར་བ་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་དགོས་པ་གསུངས་པ་གང་ཞིག་སྦྱོར་བ་གསུམ་པོ་དེ་རྫས་ཐ་དད་ཡིན་ན་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་པ་འཇོག་དཀའ་བའི་ཕྱིར་རོ། །མདོར་ན་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་ལ་གཞི་ཤེས་ཀྱི་རྣམ་པ་ཡང་སྒོམ་དགོས་པར་བླ་མ་རྗེ་བཙུན་པས་ཀྱང་གསུངས་པས། མཁྱེན་གསུམ་བསྡུས་སྒོམ་གྱི་བློ་ཡིན་ན་མཁྱེན་པ་གསུམ་ཁའི་སྦྱོར་བ་ཡིན་པས་ཁྱབ་སྙམ་མོ། །འདི་དག་ནི་འགྲེལ་བ་དོན་གསལ་ལས། རྣམ་པ་ཐམས་ཅད་དང་། ལམ་དང་། གཞི་ཤེས་པ་བསྡུས་བའི་སྒོ་ནས་ཞེས་པ་དང་། གསེར་ཕྲེང་ལས་མཁྱེན་གསུམ་གྱི་སྦྱོར་བ་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་དགོས་ཅེས་པ་དང་། རྒྱལ་ཚབ་རྗེའི་གསུང་སོགས་ཀྱི་དགོངས་པར་བྱས་ཏེ། བསྡུས་སྒོམ་གྱི་བསྡུས་པའི་དོན། སྦྱོར་བ་གཅིག་ཏུ་མཁྱེན་པ་གསུམ་ཁའི་ཉམས་ལེན་གྱི་སྦྱོར་བ་བསྡུས་པའི་དོན་དུ་འགྲེལ་ཡོད་པས་གནད་དུ་སོང་མིན་བརྟགས་པར་མཛོད།

སྤྱིར་ན་བྱང་སེམས་ཀྱིས་མི་རྟག་པ་སྒོམ་པ་ཙམ་ལ་མཁྱེན་གསུམ་བསྡུས་སྒོམ་དུ་མི་འགྱུར་མོད། ཀུན་སློང་དང་སྦྱོར་བས་མཁྱེན་པ་གསུམ་ཁའི་རྣམ་པའི་ཁྱད་པར་དུ་བྱས་ནས་སྒོམ་པ་ནི། མཁྱེན་པ་གསུམ་ཁའི་སྦྱོར་བ་དང་བསྡུས་སྒོམ་དུ་ཡང་འགྱུར་རོ། །དེ་ལྟར་ན་མཁྱེན་གསུམ་བསྡུས་སྒོམ་ལ་སྟོང་ཉིད་རྟོགས་པའི་བློ་མ་ཡིན་པས་ཁྱབ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ན་མཁྱེན་པ་གསུམ་ཁའི་སྦྱོར་བ་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེས་ན་བསྡུས་སྒོམ་ལ་མཁྱེན་གསུམ་ཐུན་མོང་བའི་རྣམ་པ་སྒོམ་པ་ཞིག་དགོས་སམ་སྙམ་མོ། །འདིའི་སྐོར་གུས་པའི་བསམ་ཚུལ་གཞན་ཞིག་ནི། དང་པོ་སྦྱོར་བའི་སྐབས་སུ་མཁྱེན་པ་གསུམ་ཁའི་རྣམ་པ་ཚང་བར་བསྒོམས་ཏེ་དངོས་གཞི་ལ་མཁྱེན་པ་གསུམ་གྱི་རྣམ་པའི་རིགས་ཇི་སྙེད་ཡོད་པ་འདི་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཉམས་སུ་བླང་བྱའོ་སྙམ་སྟེ་སྒོམ་པའི་ཉམས་ལེན་ཞིག་ལ་འཇོག་ཆོག་གམ་སྙམ་ཡང་འདི་འདྲའི་སྦྱོར་བ་ལ་མཁྱེན་པ་གསུམ་ཁའི་རྣམ་པ་འཆར་བར་དཀའ་བས་ངེས་པར་དུ་གསུམ་ཁའི་རྣམ་པ་འཆར་དགོས་ན་ཅུང་དཀའོ། །

འོན་ཀྱང་གུང་ཐང་བསྟན་པའི་སྒྲོན་མེའི་འགྲེལ་པ་དོན་གསལ་གྱི་ཟིན་བྲིས་ལས། དེས་ན་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ནི། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དཀྱུས་ཐོག་གཅིག་ལ་གོ་རིམ་མཐར་ཆགས་སུ་སྒོམ་པ་ལ་བྱེད་གསུང་། ཞེས་ཀྱང་འབྱུང་ངོ་། །

དེ་ལྟར་ནའང་སྔོན་དུ་བཤད་ཟིན་ལྟར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་གོ་རིམ་མཐར་ཆགས་སུ་སྒོམ་པ་ནི། མཐར་སྦྱོར་གྱི་སྒོམ་ཚུལ་ཡིན་ཏེ། རྒྱལ་ཚབ་རྗེའི་གསུང་། མངོན་རྟོགས་རྒྱན་ཉམས་སུ་ལེན་ཚུལ་ཐེག་མཆོག་སྒོ་འབྱེད་ལས། གཙོ་བོ་ནི་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམས་མ་འཆོལ་བར་ངེས་ཅན་དུ་བསྒོམ་པ་སྟེ། ཞེས་དང་། དེའི་འོག་ཏུ་ཡང་། མཐར་གྱིས་པའི་སྒོམ་ཚུལ། དཔེར་ན། ཁ་ཏོན་ལེགས་པར་བྱང་བ་དཀྱུས་ཐོག་གཅིག་ལ་རིམ་ཅན་དུ་འདོན་པར་བཞིན་དུ་ཤེས་པར་བྱའོ། །ཞེས་དང་། སྙིང་པོ་རྒྱན་ལས། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་རྟ་རྒྱུག་པ་ལྟར་གོ་རིམ་ངེས་ཅན་སྐྱུས་ཐོག་གཅིག་ལ་བསྒོམ་པ་མཐར་གྱིས་པའི་སྒོམ་ཚུལ་དུ་ངེས་པར་འདོད་དགོས་པའི་ཕྱིར་རོ། །ཞེས་གསུངས་པས། མཐར་གྱིས་སྦྱོར་བ་དང་རྣམ་རྫོགས་སྦྱོར་བ་གཉིས་ལ་སྒོམ་ཚུལ་མི་འདྲ་བ་ངེས་པར་ཡོད་དགོས་པས་དེ་གཉིས་སྒོམ་ཚུལ་གཅིག་ཏུ་བསྲེ་བར་མི་འགྲིག་སྙམ་མོ། །ཅི་སྟེ་སྒོམ་ཚུལ་གཅིག་ཀྱང་ཉེས་པ་མེད་སྙམ་ན། འབྲས་བུའི་ཁྱད་པར་རྒྱུའི་རྗེས་སུ་བྱས་པ་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་པས་དེ་གཉིས་བསྒོམ་བྱ་དང་སྒོམ་ཚུལ་གཅིག་ན་སྒོམ་འབྲས་ཡང་གཅིག་པར་འགྱུར་བས། དབང་དུ་བྱ་བའི་རྒྱུ་འབྲས་དང་བརྟན་པའི་རྒྱུ་འབྲས་གཉིས་ཀྱང་གཅིག་པར་འགྱུར་བ་དང་། སྦྱོར་བ་བཞི་ལ་རྒྱུ་འབྲས་ཚན་པ་གཉིས་སུ་བྱས་པ་ཡང་དོན་མེད་པར་འགྱུར་རོ། །

 

དེ་ལྟའི་ཤིན་ཏུ་དཀའ་བའི་གནས་ལ་གཟུར་བོའི་བློ་ཡིས་དཔྱད་པ་ལས། །

ཆགས་སྡང་ཟུག་རྔུའི་གདོན་གྱིས་གཟི་སྟེ་ར་རོས་སྨྱོ་གཏམ་བྱས་པ་མིན། །

འོན་ཏང་ཟབ་གནད་མདུད་བརྒྱ་འཆིང་བས་མཁས་པ་བརྒྱ་ཡིས་དཔྱད་པའི་ཡུལ། །

རྒྱ་མཚོའི་འཇིངས་ལྟར་དཔག་པར་མ་ནུས་དགོངས་པའི་དོན་ལས་གཞན་སོང་ན། །

བསྟན་པ་རིན་ཆེན་གཙུག་ཏུ་བཀུར་བའི་མཁས་པའི་མདུན་སར་ཡིད་ཀྱིས་འཆགས། །

འདིར་འབད་བསགས་པའི་བསོད་ནམས་གང་། །

རང་གཞན་སྐྱེ་འཕགས་དགེ་བའི་མཐུས། །

མཁའ་མཉམ་སེམས་ཅན་མ་ལུས་པ། །

རྟག་ཏུ་ཕན་བདེར་སྤྱོད་པར་ཤོག །

 

དེ་ལྟར་བསྡུས་སྒོམ་གྱི་དོན་འདི་སྙིང་པོ་རྒྱན་ལས་གསུངས་མོད་ཀྱང་གཞུང་ཚན་འདིའི་ཚིག་དོན་གཉིས་ཀའི་ཆ་ནས་ཤིན་ཏུ་བརླིངས་ཤིང་གཅིག་གྱུར་གྱིས་འདི་ཡིན་ཞེས་ཟིན་མཚམས་བདེ་བ་ཞིག་མེད་པས་རང་རང་གི་དགོངས་ཚོད་དང་འཚམས་པའི་གོ་བ་རེ་བླངས་ཏེ་གསུངས་ཚུལ་སྣ་ཚོགས་པ་ཞིག་ཡོད། དེས་ན་སྔོན་བྱོན་མཁས་པའི་ཕྱག་སྲོལ་ལྟར་གཞན་གྱི་ཟེར་ཟློས་ཙམ་མ་ཡིན་པར་གཙོ་བོར་གཞུང་ལུགས་ཆེན་མོ་གཞིར་བྱས་ཤིང་རང་གི་གོ་ཚོད་དང་བསྟུན་པའི་བསམ་ཚུལ་ལྷུག་པར་བརྗོད་ཡོད་པས། རང་བཟོ་དང་གསར་བཅོས་བྱས་ཅེས་དང་པོ་ཉིད་ནས་གནམ་བསྐོས་རྒྱལ་པོའི་བཀའ་ཆད་ཐོག་ཏུ་འབབ་པ་བཞིན་དུ་བཀའ་བསྐྱོན་དང་ཚིག་མཚོན་གྱིས་སྡིག་པ་མ་ཡིན་པ། ཅི་སྟེ་བཀའ་བསྟན་གསུང་རབ་ཀྱི་དགོངས་པའི་ས་ཚིགས་ལས་བརྒལ་ཞིང་། གཞུང་ལུགས་ཀྱི་དགོངས་པའི་དོན་ལས་ཕྱི་རོལ་ཏུ་འཕྱན་ཏེ་དོན་མ་ཡིན་པ་གཞན་དུ་སོང་བར་དོགས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཙུག་ཏུ་བཀུར་བའི་རིགས་པའི་དཔའ་བོ་དག་གིས་དགོངས་དཀྱེལ་ཡངས་པོས་ལུང་རིགས་བརྒྱ་ཡིས་གཏམས་པའི་དྭངས་གཙང་དགོངས་འཆར་ཟབ་མོས་ནོར་འཁྲུལ་ཡོ་བསྲང་དང་དཀའ་གནད་གསེད་དཀྲོལ་གནང་བའི་བཀའ་ལུང་སྤྱི་བོར་འབབ་ན་སྒོ་གསུམ་དང་བས་གཙུག་གི་རྒྱན་དུ་བཀུར་བར་ལགས་པས་དེ་ལུགས་དགོངས་པའི་དབྱིངས་སུ་འཇགས་པར་འཚལ། 

ཞེས་པ་འདི་ནི་བྱེས་ཚ་དགེ་བཤེས་བློ་བཟང་བརྩོན་འགྲུས་པས་ ༢༠༢༥་༠༧་༡༡ ཉིན། སེ་ར་ཐེག་ཆེན་གླིང་གི་རང་ཤག་ཏུ་དོགས་གཅོད་ཚུལ་དུ་བྲིས་པ་དགེའོ།།    །།

Leave a Reply

Your email address will not be published. Required fields are marked *