༢༠༢༦ མོན་དབྱར་དུས་སློབ་གྲྭ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༤ པའི་ཚེས་ ༢༢ ནས་ཟླ་བ་ ༥ པའི་ཚེས་ ༡༣ བར་བདུན་ཕྲག་གསུམ་གྱི་རིང་སེར་བྱེས་གྲྭ་ཚང་གི་མཐུན་འགྱུར་འོག་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ། ཨ་རུ་ན་ཅལ་མངའ་ཁུལ་སློབ་གྲྭ་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༥༠ ཙམ་ལ་<དབྱར་དུས་སློབ་གྲྭ་ཐེངས་གསུམ་པ།>འཚོག་བཞིན་ཡོད་པ་དང་། སྐབས་དེར་སྒོམ་དང་ནང་ཆོས་དང་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ་དང་དཔེ་ཀློག་དང་ཟློས་གར་བཅས་འཚོག་པ་མ་ཟད། ཉེ་འཁོར་དགོན་པ་ལ་གླིང་སྐོར་དང་མཆོད་མཇལ། སློབ་གྲྭ་ཁག་ལ་ཤེས་ཡོན་སྐོར་བསྐྱོད་སོགས་གོ་སྒྲིག་ཞུ་བཞིན་ཡོད། དབྱར་དུས་སློབ་གྲྭའི་འཛིན་གྲྭ་དང་སློབ་མའི་རང་སྦྱོང་ལ་གཟིགས་ཞིབ་ཆེད་སེར་བྱེས་ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཚེ་རིང་དོན་གྲུབ་ལགས་དང་། དབུ་མཛད་ཆེན་མོ་རྒན་དགེ་འདུན་དར་རྒྱས་ལགས། ཕྱག་མཛོད་དགེ་བཤེས་བློ་བཟང་མཁས་གྲུབ་ལགས། ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་བཅས་ཕེབས་པ་མ་ཟད། ཁྲིམས་བདག་དགེ་བསྐོས་ལགས་ནས་སློབ་མ་རྣམས་ལ་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དང་། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་། དབྱར་དུས་སྐབས་རྒྱ་གར་རྒྱལ་ཡོངས་སློབ་གྲྭ་ཕལ་ཆེར་གུང་གསེང་གཏོང་བཞིན་པ་དང་བསྟུན་མོན་གཞོན་སྐྱེས་སློབ་མ་རྣམས་ལ་དབྱར་དུས་འཛིན་གྲྭ་ལས་གཞི་འདི་ལྟར་སྤེལ་བ་བརྒྱུད་ནང་ཆོས་དང་བོད་ཀྱི་སྐད་ཡིག་གོ་རྟོགས་བཅས་ལ་ཕན་ཐོགས་རླབས་ཆེན་ཐོན་བཞིན་འདུག་ཅེས་དགེ་སློབ་རྣམས་ཀྱིས་གསུང་བཞིན་འདུག །
སྤྱིར་སེར་བྱེས་བཀྲ་ཤིས་ཆོས་གླིང་ནང་གྲྭ་ཚང་གི་མཐུན་འགྱུར་འོག་དབྱར་དུས་སློབ་གྲྭའི་གུང་གསེང་སྐབས་ལོ་ལྟར་ཕྱི་རྒྱལ་ལ་བཞུགས་པའི་བོད་རིགས་སློབ་མ་དང་། ཉེ་འཁོར་བོད་པའི་སློབ་གྲྭ་དང་། མོན་ནས་ཕེབས་པའི་སློབ་མ་བཅས་ལ་དབྱར་དུས་སློབ་གྲྭ་ཁག་གསུམ་འཚོགས་དང་འཚོག་མུས་ཡིན།

Leave a Reply

Your email address will not be published. Required fields are marked *