སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ NIOS འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བསྩལ་བའི་མཛད་སྒོ་སྤེལ་བ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན། སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ཁོངས་གཏོགས་ནིའུསི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་བའི་མཛད་སྒོ་དེ་བཞིན་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་ཚོགས་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་པྲོ་ཧྥེ་སར་ལོག་ནཏ་ (Prof. Lokanath) མཆོག སེར་སྨད་མཁན་རིན་པོ་ཆེ་གནས་བརྟན་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་མཆོག་གིས་གཙོས་པའི་སེར་བྱེས་མཁན་ཟུར་རྣམ་པ་གཉིས། ལུགས་བསམ་གཞིས་ཆགས་འགོ་འཛིན་གྱི་དྲུང་ཆེ་མཆོག མེ་སོར་མཐོ་སློབ་ཀྱི་རྒྱུགས་ཞིབ་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མཆོག་བཅས་དབུ་བཞུགས་ཐོག ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་ཀྱིས་གཙོས་ཚོགས་པ་ཁག་གི་འགན་འཛིན་རྣམས་དང་། སེར་བྱེས་མཐོ་སློབ་མཐར་སོན་སློབ་མ། སཾ་བྷོ་ཊ་དང་བོད་ཁྱིམ་སློབ་མ། སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མ། ནིའུསི་ (NIOS) འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་བཅས་ལྷན་ཞུགས་གནང་ཡོད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སེར་སྨད་མཁན་རིན་པོ་ཆེ་གནས་བརྟན་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་མཆོག་གིས་འཛིན་རིམ་བཅུ་པ་མཐར་སོན་སློབ་མ་རྣམས་ལ་ཕྱག་ཁྱེར་བསྩལ་བ་དང་། མེ་སོར་མཐོ་སློབ་ཀྱི་རྒྱུགས་ཞིབ་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་མཆོག་གིས་འཛིན་རིམ་བཅུ་གཉིས་མཐར་སོན་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་གསོལ་རས་གནང་ཡོད།
