གྲྭ་ཚང་རིན་པོ་ཆེའི་མཐུན་འགྱུར་འོག་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སེར་བྱེས་སྒྲ་སྒྱུར་སྡེ་ཚན་དང་། སྦེང་ལོར་ཡེ་ཤུའི་མཐོ་སློབ་གྲགས་ཅན་ (Christ University) གྱི་ཁྱབ་ཁོངས་འཛམ་གླིང་ཆོས་ལུགས་སློབ་གཉེར་ལྟེ་གནས་ཁང་ (Centre for Study of World Religions, BVK) གཉིས་ཀྱི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་”ནང་པ་དང་ཡེ་ཤུའི་སློབ་ཆེན་སློབ་མའི་བར་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་”ཞེས་པ་མཇུག་ལེགས་པར་གྲུབ་སྟེ་མཇུག་སྡོམ་མཛད་སྒོ་ཚོགས་ཡོད། མཛད་སྒོའི་སྐབས་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་ཐབས་མཁས་བློ་གྲོས་མཆོག་ནས་མ་འོངས་པའི་ལས་འཆར་སྐོར་གསུང་བཤད་གནང་། དེ་བཞིན་འཛམ་གླིང་ཆོས་ལུགས་སློབ་གཉེར་ལྟེ་གནས་ཁང་ (CSWR) ནས་ཕེབས་པའི་སློབ་གཉེར་བ་སྟེ། རྒྱ་གར་གྱི་མངའ་སྡེ་ཁག་མི་འདྲ་བ་དྲུག་དང་། དེ་བཞིན་ཤྲཱི་ལངྐ་དང་ཕྱི་རྒྱལ་བཅས་ནས་ཕེབས་པའི་ཡེ་ཤུའི་དགེ་འདུན་པ་ཚོས་རང་རང་གི་མྱོང་ཚོར་བརྗེ་ལེན་བྱས། མཐར་ལས་རིམ་དེར་མཉམ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་ཕུལ་ཏེ་ཉིན་བདུན་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་བདེ་ལེགས་ངང་མཇུག་བསྒྲིལ།
