༢༠༢༦ སེར་བྱེས་དབྱར་དུས་སློབ་གྲྭ་མཇུག་སྒྲིལ་བ།

ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གིས་མཐུན་རྐྱེན་སྦྱར་བའི་ཕྱི་རྒྱལ་བོད་རིགས་སློབ་མ་གཞོན་སྐྱེས་ལ་དམིགས་པའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་བསྐྱངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་ཆེན་མོ་ལགས་དང་། ཤེས་ཡོན་འགན་འཛིན་ལགས། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་ལུགས་བསམ་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ J.P URS བཅས་དབུ་བཞུགས་ཐོག གྲྭ་ཚང་གི་ཚོགས་པ་ཁག་གི་འགན་འཛིན་དང་། ཁང་ཚན་རྒན་ལགས་རྣམ་པ། དབྱར་དུས་སློབ་གྲྭའི་དགེ་རྒན་དང་སློབ་མ་བཅས་འཛོམས་ནས། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་འདི་ལོ་དབྱར་དུས་སློབ་གྲྭའི་སློབ་མ་རྣམས་ལ་མཉམ་ཞུགས་ཕྱག་ཁྱེར་གནང་བ་དང་། དེ་ནས་ཤེས་ཡོན་འགན་འཛིན་ལགས་ནས་དྲ་ཐོག་སློབ་གྲྭའི་འཛིན་རིམ་བརྒྱད་པ་སྐབས་གཉིས་པ་ཐོན་མཁན་རྣམས་ལ་སློབ་ཐོན་ཕྱག་ཁྱེར་གནང་བ་དང་། སེར་བྱེས་ཁྲིམས་བདག་དགེ་བསྐོས་ལགས་ནས་ལས་བྱེད་དགེ་རྒན་དང་དྭང་བླངས་ཞབས་ཞུ་མ་རྣམས་ལ་ཕྱག་ཁྱེར་དང་ལེགས་འབུལ་བཅས་ཕུལ་གནང་སོང་། དེ་ནས་སློབ་མ་རྣམས་ཀྱིས་ཉིན་གྲངས་མང་པོའི་རིང་སྒྲ་སྙན་བཀྲོལ་སྟངས་དང་གླིང་བུ་བུད་སྟངས་སོགས་སྦྱངས་བརྩོན་བྱས་པ་ཁག་ཅིག་གཟིགས་འབུལ་ཞུས་ནས། མཐར་དབྱར་དུས་སློབ་གྲྭའི་འགན་ཁུར་བ་རྒན་པད་མ་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཇུག་བསྡོམས་མཛད་སྒོ་ལེགས་པར་གྲུབ་སོང་།

འདི་ལོར་རྒྱལ་ཁབ་མི་འདྲ་བ་ ༡༡ ནས་སློབ་མ་གྲངས་ ༤༠ ཡིས་མཉམ་ཞུགས་གནང་ཡོད་པ་དང་། དབྱར་དུས་སློབ་གྲྭ་ཉིན་གྲངས་ ༢༡ རིང་ལ། སྔ་དྲོ་སྒོམ་འཛིན་གྲྭ་དང་། དེ་ནས་ནང་ཆོས་དང་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཡིག་གཟུགས། བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་། སྒྲ་སྙན་བཀྲོལ་སྟངས་དང་། གླིང་བུ་བུད་སྟངས་སོགས་སློབ་ཁྲིད་ཞུས་ཡོད། བར་བར་ལ་ཉེ་འཁོར་དགོན་པ་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་དང་། རྣམ་གྲོལ་གླིང་སོགས་ལ་མཆོད་མཇལ་དང་། ཀ་རུ་ཎ་བལྟ་སྐྱོང་ཁང་དང་། རྒས་གསོ་ཁང་དང་། སློབ་གྲྭ་ཁག་ལ་བལྟ་སྐོར་བཅས་ཁྲིད་ནས་སློབ་མ་རྣམས་ལ་དམིགས་བསལ་ཉམས་མྱོང་ཚོར་བ་དང་བག་ཆགས་མི་འདྲ་བ་འཇོག་ཐུབ་ཡོད། མདོར་ན་ཉིན་གྲངས་ ༢༡ རིང་སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་རྣམས་བོད་ཀྱི་ནང་ཆོས་དང་སྐད་ཡིག་དང་ཡིག་གཟུགས་དང་སྲོལ་རྒྱུན་རོལ་མོ་བཀྲོལ་སྟངས་བཅས་མ་ཤེས་པ་ཤེས་པ་དང་། ཕྲན་བུ་ཤེས་པ་རྣམས་ཡར་རྒྱས་གོང་འཕེལ་ཡོང་བ་ལ་དགེ་མཚན་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད།

Leave a Reply

Your email address will not be published. Required fields are marked *