ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན། སེར་བྱེས་མེ་སོར་མཐོ་སློབ་ཀྱི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བསླབ་པ་མཐར་སོན་མཛད་སྒོ་སྐབས་གཉིས་པ་དེ། བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་རྟེན་འབྲེལ་གཟབ་རྒྱས་ཐོག་ཚོགས་ཡོད།
མཛད་སྒོའི་དབུ་བཞུགས་སྐུ་མགྲོན་གཙོ་བོར་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། མེ་སོར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་པྲོ་ཧྥེ་སར་ལོག་ནཏ་ (Prof. Lokanath) མཆོག སེར་སྨད་མཁན་རིན་པོ་ཆེ་གནས་བརྟན་སྤྲུལ་སྐུ་མཆོག་གིས་གཙོས་སེར་བྱེས་མཁན་ཟུར་རྣམ་པ་གཉིས། ལུགས་བསམ་གཞིས་འགོའི་དྲུང་ཆེ་མཆོག མེ་སོར་མཐོ་སློབ་ཀྱི་རྒྱུགས་ཞིབ་ལྷན་ཁང་གི་གཙོ་འཛིན་བཅས་དབུ་བཞུགས་གནང་ཡོད། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་གཙོས་ཚོགས་པ་ཁག་གི་འགན་འཛིན་རྣམས། སློབ་མ་དང་འབྲེལ་ཡོད། སཾ་བྷོ་ཊ་དང་བོད་ཁྱིམ་གྱི་སློབ་མ། སེར་བྱེས་འབྲིང་རིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མ་བཅས་ལྷན་འཛོམས་གནང་ཡོད།
མཛད་རིམ་གནས་བསྡུས།
༡. དབུ་འབྱེད་མཛད་སྒོ། ཐོག་མར་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྔ་རོལ་དང་བཅས་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་མངའ་གསོལ་རྗེས། འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་ནས་མཛད་སྒོ་དངོས་སུ་དབུ་བཙུགས།
༢. གསུང་བཤད་དང་བྱ་དགའ། སྐུ་མགྲོན་གཙོ་བོ་རྣམས་ཀྱིས་རིམ་བཞིན་གལ་ཆེའི་གསུང་བཤད་གནང་རྗེས། སྡེ་ཚན་གསུམ་གྱི་སློབ་མ་རྣམས་ལ་བསླབ་པ་མཐར་སོན་པའི་ཕྱག་ཁྱེར་དང་། དགེ་རྒན་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་སྩལ་གནང་མཛད།
༣. མཇུག་བསྡོམས། མཐའ་མར་སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། ལྷན་ཅིག་ཏུ་སྐུ་པར་སྒྲོན་ནས་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད།
