མཻ་སོར་གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པ་གསར་འཛུགས་ཆེད་ཞིབ་འཇུག་ལྟ་སྐོར་ཚོགས་མི་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༦ ཚེས་ ༥ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཙུག་ལག་རབ་འབྱམས་པ་འཛུགས་ཆེད་དུ་མཻ་སོར་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་དུ་སྣེ་ལེན་ཞུས། ཐོག་མར་མགྲོན་ཁང་དུ་ཅུང་ཟད་ངལ་གསོ་གྲུབ་རྗེས། ཚན་རིག་འཛིན་གྲྭར་སྐྱེ་དངོས་རིག་པ་སོགས་སློབ་ཁྲིད་གནང་བཞིན་པ་ལ་གཟིགས་སྐོར་དང་འབྲེལ། ཐོག་བརྩེགས་གསུམ་པར་ལྷན་འཛོམས་ཀྱིས་ཚོགས་འདུ་དབུ་བཙུགས། 

  1. བསླབ་གཞི་གསུམ་ལ་གཙུག་ལག་རབ་འབྱམས་པའི་ངོས་འཛིན་ཆོག་མཆན་ཞུ་བཞིན་ཡོད་པ་ལས། གནའ་བོའི་ལྟ་གྲུབ། སེམས་ཁམས། བོད་ཀྱི་སྐད་ཡིག་བཅས་ཡིན་ནའང་། ཕྱི་མ་འདི་ལ་བོད་རིག་པ་ཞེས་པའི་མིང་སྒྱུར་གྱིས་དེ་ལྟར་ངོས་འཛིན་གནང་ན་དགེ་མཚན་ཆེ་ཚུལ་སོགས་ཕན་ཚུན་གོ་སྡུར་ལྷུག་པོས་གཏན་འཁེལ་བ་བྱུང་། 
  2. འཛིན་ཁང་སོགས་ཕྱིའི་འཛུགས་སྐྲུན་གྱི་མཐུན་རྐྱེན་ནི་སྨོས་མེད་ངོས་འཛིན་ལེགས་པར་གནང་། སློབ་ཁྲིད་གནང་མཁན་དགེ་རྒན་ལ་ཆ་མཚོན་ནའང་། ཚད་ལྡན་མང་པོ་ཡོད་པ་དག་ལས། གཏན་འཇགས་སློབ་དཔོན་གྲངས་ཀ་དང་བཅས་པ་ལ་ངོས་འཛིན་ལེགས་པར་ཐོབ། 
  3. ང་ཚོའི་ལས་དོན་འདིའང་ལག་ཁྱེར་ཙམ་གྱི་ཆེད་དུ་མིན་པར། ཕུགས་རྒྱང་རིང་པོར་དམིགས་ཏེ། དགོན་སྡེའི་ནང་ཁུལ་ཙམ་མིན་པར། འཛམ་གླིང་ས་ཁྱོན་ཆེན་པོར་ཡང་ཕན་ཐོགས་གང་ནུས་སྒྲུབ་ཨེ་ཐུབ་བལྟ་རྒྱུའི་དམིགས་ཡུལ་ཡོད་སྐོར་སོགས་གྲོས་སྡུར་ལྷུག་པོར་བྱུང་། ད་དུང་ཉེ་བའི་གཙུག་ལག་རབ་འབྱམས་དང་། གཙུག་ལག་རབ་འབྱམས་པའི་ལས་གཞི་འདི་དག་དང་འབྲེལ་བའི་ལོ་རྒྱུས་སྙིང་བསྡུས་ཀྱི་ངོ་སྤྲོད་དེབ་ཆུང་ཡོད་ན་ལེགས་གསུངས། དེ་བཞིན་དེ་དང་འབྲེལ་བའི་ལས་བྱེད་པ་རྣམ་པའི་ངོ་སྤྲོད་སྙིང་བསྡུས་ཅན་གྱི་དེབ་ཆུང་རེའང་བཟོ་ན། ཕྱི་ནང་གི་མི་མང་པོ་ལ་སྟབས་བདེའི་ངང་ནས་ངོ་སྤྲོད་སོགས་འོང་བར་མ་ཟད། ཐ་ན་མིང་ཙམ་ཡང་མི་ངེས་པའི་དཀའ་ངལ་དེ་ཚོའང་རང་བཞིན་གྱིས་སེལ་ཐུབ་ཅེས་ནན་པོ་གསུངས།
  4. ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་ནས་སློབ་གཉེར་ཁང་གི་སློབ་མའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཡོད་མེད་འདྲི་རྩད་གནང་བར། སེར་བྱེས་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་གྲངས་ཉུང་མི་རིགས་ (ST Category) ཀྱི་སློབ་མ་ཡོད་པའི་གསལ་བཤད་བྱུང་།
  5. ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་ནས་གཏན་འབེབས་འཆར་གཞི་ཡོད་པའི་དགེ་རྒན་གྱི་ཁྲོད་ནས་དགོན་པར་བཞུགས་མཁན་ཇི་ཙམ་ཡོད་མིན་དང་། འབུམ་རམས་པ་ཕྱག་འཁྱེར་ཡོད་མཁན། དེ་བཞིན་གཙུག་ལག་རབ་འབྱམས་པ་ལ་སློབ་ཁྲིད་གནང་བའི་ཚད་གཞི་ལྡན་མིན་དང་། ཁོང་རྣམ་པས་ཆེད་རྩོམ་དང་དེབ་དེབ་ཇི་ཙམ་སྤེལ་ཡོད་མིན་འདྲི་རྩད་གནང་བར། སེར་བྱེས་སློབ་གཉེར་ཁང་གི་ངོས་ནས་དགོན་པའི་ནང་ཁུལ་དུ་ཚད་ལྡན་གྱི་དགེ་རྒན་བཞུགས་ཡོད་པ་དང་། ལྷག་པར་དུ་ ཡུ་ཇི་སི་ (UGC) ལྟ་བུའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚད་གཞི་ལྟར་ལག་འཁྱེར་ཚད་ལྡན་ཡོད་མཁན་བཞུགས་ཡོད་སྐོར་ཞུས། གཞན་ཡང་ལག་འཁྱེར་མེད་མཁན་གྱི་དགེ་རྒན་རྣམས་ཀྱང་ལོ་མང་རིང་སློབ་ཁྲིད་གནང་བའི་ཉམས་མྱོང་ཤིན་ཏུ་ཆེ་བའི་ཚད་ལྡན་གྱི་དགེ་རྒན་ཤ་སྟག་ཡིན་པའི་གསལ་བཤད་ཞུས།
  6. མཻ་སོར་གཙུག་ལག་སློབ་གཉེར་ཁང་དང་སེར་བྱེས་མཉམ་འབྲེལ་གྱི་ལོ་རྒྱུས་དང་དམིགས་ཡུལ་གསལ་བའི་ལག་དེབ་དགོས་སྐོར་ལམ་སྟོན་གནང་བར། སེར་བྱེས་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་སྐད་ཡིག་གསུམ་ལྡན་གྱི་པར་སྐྲུན་ལག་དེབ་དང་གློག་རྡུལ་ལག་དེབ་བཟོ་རྒྱུའི་འཆར་གཞི་ཡོད་སྐོར་ཞུས།
  7. ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་ནས་སེར་བྱེས་གཙུག་ལག་སློབ་གཉེར་ཁང་གིས་ཉེ་འཁོར་གྱི་ཡུལ་མི་རྣམས་དང་འབྲེལ་བ་གཏོང་ཆེད་ཕྱི་ཕྱོགས་སློབ་གསོའི་ལས་གཞི་ (Outreach program) དགོས་གལ་ཆེ་ཚུལ་དང་། ཡུལ་མི་རྣམས་ལ་ནང་སེམས་ཀྱི་བསླབ་བྱ་སྤྲད་ན་ཕན་ཐོགས་ཆེ་ལུགས། དེ་བཞིན་ལས་གཞི་འདི་འདྲ་གཏན་འབེབས་བྱེད་པར་ཁོང་རྣམ་པས་ཀྱང་རོགས་རམ་གནང་ཐུབ་སྐོར་གསུངས།
  8. རྗེས་སུ་ཚན་རིག་ཁང་གི་སྒོམ་ཉམས་ཞིབ་ཁང་དུ་གཟིགས་སྐོར་གནང་སྐབས། ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་ནས་ང་ཚོའི་ཉམས་ཞིབ་ཀྱི་ལས་གཞི་འདི་དག་གིས་ཉེ་འཁོར་གྱི་ཡུལ་མི་རྣམས་ལའང་ཕན་ཐོགས་བྱེད་ཐུབ་པ་དང་། ཁོང་ཚོའི་ནང་སེམས་ཀྱི་གནས་བབས་རྟོགས་པར་རོགས་རམ་བྱེད་དགོས་པའི་ལམ་སྟོན་གནང་། འདི་ནི་དེང་སང་གི་དུས་ཚོད་འདིར་ལྷག་པར་དུ་ལོ་ཆུང་བྱིས་པ་རྣམས་ལ་ཤིན་ཏུ་གལ་ཆེ་བའི་གནས་སུ་གྱུར་ཡོད།
  9. མཐའ་དོན་ལྟ་སྐོར་ཞིབ་འཇུག་ཏུ་ཕེབས་མཁན་ཁོང་རྣམ་པས་ད་ཐེངས་ཀྱི་ལས་གཞི་འདི་ནི་སེམས་ཁྲལ་མེད་པར་ལམ་ལྷོང་འོང་ངེས་རེད་ཅེས་གསུངས་ནས། ཚོགས་འདུ་རེ་ཞིག་གྲོལ། 

ཚོགས་འདུར་ཕེབས་ཞུགས་པ།

༡༽ སློབ་དཔོན་ཆེན་མོ་ན་ག་རཱ་ཛ། (Prof. Nagaraj) — མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་འཆར་འགོད་དང་ཤེས་ཡོན་ལྟ་སྐོར་ལྷན་ཚོགས་ཀྱི་གཙོ་འཛིན། (Head, PMEB, UoM)

༢༽ འབུམ་རམས་པ་ཌེ་ནིལ། (Dr. Daniel M.) — མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་རིག་པའི་སྡེ་ཚན་གྱི་ཚོགས་གཙོ། (HoD Philosophy, UoM)

༣༽ འབུམ་རམས་པ་རེ་ཝན་ན། (Dr. Revanna) — མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་དྲུང་གཞོན། (Deputy Registrar, UoM)

༤༽ སྐུ་ཞབས་ན་ག་རཱ་ཛ། (Mr. Nagaraj) — མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་འཛུགས་ལྷན་ཚོགས་ཀྱི་ཚོགས་མི། (Syndicate Member, UoM)

སེར་བྱེས་གྲྭ་ཚང་ནས་ཕྱག་མཛོད་ལགས་དང་། བསླབ་གཞི་ཚོགས་ཆུང་གི་ཚོགས་མི་རྣམས་དང་། གཞན་ཡང་གཏན་འབེབས་འཆར་གཞི་ཡོད་པའི་སློབ་དཔོན་རྣམས་ཕེབས་ཡོད།

Leave a Reply

Your email address will not be published. Required fields are marked *